སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2019 ལོའི་ཟླ་བ། Mar ཚེས། 30 རེས་གཟའ། Sat

རྗེ་བཙུན་བྱམས་པ་མགོན་པོ།

རྗེ་བཙུན་བྱམས་པ་མགོན་པོ་ནི། སྟོན་པ་ཐུབ་པའི་དབང་པོ་དགའ་ལྡན་དུ་སྐྱེ་བ་སྤྲུལ་སྐུའི་ཚུལ་བཟུང་སྟེ། འཛམ་བུའི་གླིང་དུ་འབྱོན་པ་ལ་ཉེ་བར་ཕྱོགས་པའི་ཚེ། རྗེ་བཙུན་བྱམས་པ་མགོན་པོ་ལ་པྲོག་ཞུ་བསྐོན་ནས་རྒྱལ་ཚབ་ཏུ་དབང་བསྐུར་བས། དེ་ནས་བཟུང་རྒྱལ་ཚབ་བྱམས་པ་མགོན་པོ་ཞེས་གྲགས་པ་ཡིན་ནོ། །
   འདིས་ཐུགས་བསྐྱེད་པའི་ཚུལ་ནི། མདོ་སྡེ་བསྐལ་བཟང་ལས། བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་སྒྱུར་བ་ཡི། །རྒྱལ་པོ་རྣམ་པར་སྣང་བྱེད་ཅེས་བྱར་གྱུར་པ་ན། །བདེ་གཤེགས་མཐུ་ཆེན་གདུགས་ཚོད་དག་ལ་སྤྱན་དྲངས་ནས། །དང་པོར་བླ་མེད་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་དང་། ཡང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བའི་དྲུང་དུ། བྲམ་ཟེ་རྒྱ་མཚོའི་རྡུལ་དང་རང་གི་སློབ་མ་སྟོང་དང་། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་བཅས་ཀྱིས་སེམས་བསྐྱེད་ཅིང་། སློབ་མ་སྟོང་ནི་བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བར་ལུང་བསྟན་ནས་དེ་དག་གིས་རང་རང་གི་ཞིང་བཟུང་བ་ན། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་དང་། མ་འོངས་པའི་ཚེ་ལོ་བརྒྱད་ཁྲི་པའི་དུས་གཉིས་ལུས་པར། རྗེ་བཙུན་བྱམས་པ་མགོན་པོས་ཐུགས་རྗེས་མ་བཟོད་ནས་ཐུགས་བསྐྱེད་དེ་ཚེ་ལོ་བརྒྱད་ཁྲི་པའི་དུས་ཀྱི་འགྲོ་བ་དེ་དག་ཡོངས་སུ་བཟུང་ངོ་། །
   སྟོན་པའི་བསྟན་པ་རྟགས་ཙམ་འཛིན་པ་འདི་ནུབ་པ་ཡན་ཆད་ཀྱིས་བསྐལ་པ་ཡ་ཐོག་རིང་མོ་རྫོགས་པ། བར་གྱི་ཁུག་པ་བཅོ་བརྒྱད་ཀྱི་འགོར་རྗེ་བཙུན་འབྱོན་པར་གསུངས་སོ། །འབྱོན་པའི་ཡུལ་ནི་གྲོང་ཁྱེར་རྩྭ་ཅན་ཞེས་པ་ཡིན་ཞིང་། ཡུལ་དེའི་རྒྱལ་པོ་དུང་ཞེས་བྱ་བའི་མདུན་ན་འདོན་བྲམ་ཟེ་ཚངས་རབ་ཅེས་བྱ་བའི་སྲས་སུ་འབྱོན་པར་འགྱུར་རོ། །
   སྟོན་པ་ཤཱཀྱའི་རྒྱལ་པོའི་བསྟན་པ་ལ་རབ་ཏུ་བྱུང་ནས་བསླབ་པའི་གཞི་རྣམས་ལེགས་པར་བསྲུང་བ་སོགས་ཀྱིས་ཐེག་གསུམ་གྱི་འབྲས་བུ་མ་ཐོབ་པ་རྣམས་རྗེ་བཙུན་ཞིང་འདིར་བྱོན་ནས་ཆོས་འཁོར་བསྐོར་བའི་ཚེ་རྗེས་སུ་འཛིན་པར་ཐུབ་པ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་རྗེ་བཙུན་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་པ་ཡིན།
   སྔོན་གྱི་དམ་པ་མང་པོས་དགའ་ལྡན་དུ་ཕེབས་བཞེད་ནས་བྱམས་པས་དམ་བཅས་པའི་གཟུངས་ཁ་ཏོན་དུ་མཛད་པ་སོགས་ཀྱི་རྣམ་ཐར་ཡང་མང་ངོ་། །
   བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་གི་གཞུང་རྩ་བ་མཐར་ཐུག་པ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ལ། ཤེར་ཕྱིན་གྱི་མདོ་སྡེའི་དོན་རྣམས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ཏུ་སྦྱར་ཏེ་སྟོན་པའི་གཞུང་ནི་མངོན་པར་རྟོགས་པའི་རྒྱན་འདི་ག་ཡིན་ཏེ། འདིས་ཤེར་ཕྱིན་གྱི་མདོ་སྡེའི་དོན་ཐམས་ཅད་བརྗོད་བྱ་དངོས་པོ་བརྒྱད། དོན་བདུན་ཅུར་གཏན་ལ་ཕབ། དེའི་དང་པོ་སེམས་བསྐྱེད་ནས་ཐ་མ་འཕྲིན་ལས་ཀྱི་བར་ཐམས་ཅད་གང་ཟག་གཅིག་གིས་ཉམས་སུ་ལེན་ཚུལ་གསལ་བར་སྟོན་པ་ནི་བྱང་ཆུབ་ལམ་གྱི་རིམ་པ་སྟེ། རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་འདི་མངོན་པར་རྟོགས་པའི་རྒྱན་གྱི་གདམས་ངག་ཡིན་ལ། སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །
   དེ་ལྟར་རྗེ་བཙུན་གྱིས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་གི་གཞུང་རྩ་བ་མངོན་རྟོགས་རྒྱན་དང་། དེའི་ཉམས་ལེན་གྱི་གནད་རྣམས་མདོ་མང་པོ་ནས་བཏུས་ཏེ། རྒྱས་པར་སྟོན་པ་མདོ་སྡེ་རྒྱན་དང་། བྱང་ཆུབ་ལམ་གྱི་རིམ་པའི་ཞི་ལྷག་གཉིས་ཀྱི་ཉམས་ལེན་ཟུར་དུ་བཀར་ནས་སྟོན་པ་དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་གཉིས། བྱང་ཆུབ་ལམ་གྱི་རིམ་པའི་ལྟ་བའི་གནད་མཐར་ཐུག་པ་མགོན་པོ་ཀླུས་བཀྲལ་བའི་དབུ་མའི་ལྟ་བ་དང་མཐུན་པར་གཏན་ལ་ཕབ་པའི་གཞུང་རྒྱུད་བླ་མ་རྣམས་མཛད་དེ། དེ་དག་ལ་བྱམས་ཆོས་སྡེ་ལྔ་ཞེས་ཡོངས་སུ་གྲགས་སོ། །
   ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟོན་པའི་མངོན་རྟོགས་རྒྱན་གཙོ་བྱས་པའི་གཞུང་འདི་དག་ནི་འཕགས་པ་ཐོགས་མེད་དགའ་ལྡན་དུ་ཕེབས་ནས་རྗེ་བཙུན་གྱི་དྲུང་དུ་གསན་ཏེ། འཛམ་བུའི་གླིང་འདིར་གདན་དྲངས་པ་ཡིན་ནོ། །

༢༠༡༦.༠༨.༡༡.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 344 ནས་ 682