- མདུན་ངོས།
- འཕྲུལ་དེབ་གསར་ཤོས།
- གསུང་འབུམ།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
མཁན་རབས་ང་ལྔ་པ་ཏྲེ་ཧོར་བློ་བཟང་ཟླ་གྲགས།
སེར་བྱེས་མཁན་རབས་ང་ལྔ་པ་ཏྲེ་ཧོར་བློ་བཟང་ཟླ་གྲགས་མཆོག་ནི། སེར་བྱེས་མཁན་རབས་གསོལ་འདེབས་ལས། བློ་བཟང་བསྟན་པའི་དཔལ་གྱུར་ཟླ་མེད་པ། །གྲགས་པ་དོན་ལྡན་ཆེན་པོར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཆོས་རྗེ་འདིའི་མཚན་ལ་བློ་བཟང་ཟླ་གྲགས་ཞེས་པ་དེ་ཡིན། [ཆོས་འབྱུང་མང་པོ་ཞིག་ཏུ་རྗེ་འདིའི་མཚན་ཙམ་ཡང་མི་གསལ། སེར་བྱེས་ཆོས་འབྱུང་རྟ་བདུན་བདག་པོའི་འོད་ཟེར་དུ་ཁང་ཚན་གྱི་སྐྱེས་མཆོག་བྱོན་པའི་མཚན་ཁོངས་སུ་རྗེ་འདིའི་མཚན་ལ་བློ་བཟང་གྲགས་པ་ཞེས་བྲིས་པ་ནི་ནོར་བའོ། །]རྗེ་འདི་ནི་ཏྲེ་ཧོར་ལྕོག་རི་རྣམ་ལྔ་རུ་སྐུ་འཁྲུངས། སྐྱ་མིང་ལ་རྡོ་རྗེ་དགྲ་འདུལ་ཞུ་ཞིང་། ཆུང་དུས་ནས་ལྕོག་རི་དགོན་དུ་རབ་ཏུ་བྱུང་། དགོན་པའི་ཆོས་སྤྱོད་སོགས་ལ་ཐུགས་སྦྱངས་མཛད། དེ་ནས་ཡུལ་དབུས་སུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་དང་། སློབ་གཉེར་མཐར་ཕྱིན་ཏེ་ཤིང་སྦྲུལ་(༡༩༠༥)ཡས་མས་སུ་མཁན་ཁྲིར་ཕེབས། ྋལྷར་བཅས་སྐྱེ་རྒུའི་གཙུག་རྒྱན་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་བཅུ་གསུམ་པ་ཆེན་པོ་མཆོག །རབ་བྱུང་བཅོ་ལྔ་པའི་ས་བྱ་ཕྱི་ལོ་༡༩༠༩/༡༡/༩པའི་ནང་རྒྱ་ནག་ནས་ལྷ་ལྡན་དུ་གདངས་ལའི་ཆུ་བརྒྱུད་དུ་ཐོན་མཚམས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནས་གསོལ་དཔོན་ཆེན་མོ་བསྟན་འཛིན་འཕེལ་རྒྱས་ཆེད་སྩལ་གདོང་འཚམས་ཞུའི་མཇལ་དར་དང་། ཆིབས་བསྒྱུར་ལེགས་འབུལ་གྱི་ཞུ་ཡིག །དེ་རྗེས་བཀྲས་ལྷུན་རྩེ་ཕྱག་དང་། མགྲོན་གཉེར་རྒྱལ་པོ། གཞུང་སའི་ཕེབས་བྱམས་འགོ་པ་ཟུར་ཁང་སྲས་དང་། ཚེ་རིང་རྡོ་རྗེ། ཕེབས་བསུའི་བཀའ་བློན་གསར་བྱུང་པ་སོགས་ས་གནས་གང་དུ་བཅར་འགབ་དགོངས་སྐོར་སྙན་འབུལ་ཞུ་མི་རྩེ་མགྲོན་རྣམ་རྒྱལ་ཚེ་འཕེལ་བཅས་ནས་མཇལ་རྟེན་མངོན་པར་བསྟར་ཞིང་། ཕྱི་ཉིན་ལ་ཚད་དཀར་རིས་ནས་རྒྱང་གྲགས་ཙམ་འདས་པའི་སར་ཆོས་སྡེ་ཆེན་པོ་འབྲས་སྤུངས་ཀྱི་སྤྱི་འཐུས་སྒོ་མང་སློབ་དཔོན། སེ་ར་ཐེག་ཆེན་གླིང་གི་སྤྱི་འཐུས་བྱེས་སློབ་དཔོན་(རྗེ་འདི་བ།) དགའ་ལྡན་རྣམ་པར་རྒྱལ་བའི་སྤྱི་འཐུས་ཤར་རྩེ་སློབ་དཔོན། འདམ་བརྒྱད་ཤོག་གི་འགོ་འདོམས་བརྒྱ་དཔོན་གཅིག་དང་། ཁུན་ཐུ། ཛང་ཀི་བཅས་ཆིབས་བསུར་འབྱོར།
[ཕྱི་ལོ་༢༠༡༦ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་དཔར་སྐྲུན་བྱས་པའི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། དེབ་ཕྲེང་༦༦ པ། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་ྋགོང་ས་ྋརྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྷ་བུ་ལས་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ། སྨད་ཆ། ཤོག་གྲངས་༡༢༢ ནང་གསལ།] ཞེས་གསལ།
གདངས་ལའི་ལ་ཚད་དཀར་རིལ་ནས་རྒྱང་གྲགས་གཅིག་ཙམ་གྱི་སར་གདན་ས་ཁག་གི་སློབ་དཔོན་རྣམས་དང་མཉམ་དུ་ཕེབས་བསུར་བཅར་ཞིང་། ཉིན་ཤས་རིང་ྋགོང་ས་མཆོག་དང་མཉམ་བསྐྱོད་མཛད། དེ་ནས་གདན་སའི་སློབ་གཉེར་ལ་འཐུས་ཤོར་མི་ཡོང་བའི་ཆེད་དུ་སྔོན་དུ་གདན་སར་ཕྱིར་ལོག་ཕེབས། ལྕགས་ཁྱི་(༡༩༡༠) ཟླ་བ་༡ ཚེས་༣ ཉིན་ལུའུ་ཅུན་རྒྱ་དམག་རྣམས་ལྷ་ལྡན་དུ་འབྱོར་ཏེ། ཕོ་བྲང་པོ་ཏ་ལར་ཁ་བལྟས་ཏེ་མེ་མདའ་བརྒྱབ་པ་སོགས་ཆབ་སྲིད་ཀྱི་སྐུ་དབང་འཕྲོག་རྒྱུ་སོགས་དངོས་བསྟན་བྱས་སྟབས། ༸གོང་ས་མཆོག་རྒྱ་ནག་ནས་བོད་དུ་ཞབས་པད་བཀོད་ནས་ཟླ་ཤས་ལས་བཞུགས་ལོང་མེད་པར་སླར་དགའ་ལྡན་ཁྲི་འཛིན་ཚེ་སྨོན་གླིང་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་རྒྱལ་ཚབ་དུ་དབང་བསྐུར། ཚེས་བཞིའི་སྔ་དྲོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྟོན་འཁོར་རྣམས་ལྷ་ས་ནས་ཆིབས་ཐོན་གྱི་རྒྱ་གར་དུ་ཕེབས་དགོས་ཐུག །རྒྱ་དམག་ཚོས་བརྟག་དཔྱད་བྱས་འབྲས་བོད་གཞུང་ལ་སེ་ར་དགོན་པའི་དམག་རོགས་བྱུང་ན་བརླག་མི་ཁེལ་བ་ཤེས་ནས་རྒྱ་དམག་གིས་སྔོན་མར་སེ་ར་དགོན་དུ་དམག་རྒྱག་རྒྱུའི་གསང་གྲོས་བྱས་པ་རང་གཞུང་དམག་སྤྱི་དྲུང་རྩིས་གཉིས་ཀྱིས་ཤེས་ནས་སྦྲ་ཞོལ་ཁམས་པ་ཇ་ཚོང་པ་རྣམས་ལ་པ་སེ་ར་དགོན་བ་སྲུང་མཁན་འགྲོ་དགོས་པའི་བརྡ་བྱུང་བ་དང་། ཚོང་པ་རྣམས་སེ་ར་དགོན་དུ་སོང་ནས་བསྡད།
ཆུ་བྱི་(༡༩༡༢) ཧོར་ཟླ་གཉིས་པའི་ཚེས་ལྔའི་དགོང་དྲོར་རྒྱ་དམག་གིས་སེ་རར་དཔུང་འཇུག་བྱས་ཏེ་ཉིན་མ་བཞི་རིང་དམག་འཐབ་བྱས་ཀྱང་། ལྷ་བླ་མའི་བྱིན་རླབས་དང་། དགེ་འདུན་མང་བའི་ནུས་མཐུ། ཁམས་པའི་ཚོང་བ་རྣམས་ཀྱི་ལ་རྒྱ་སྙིང་སྟོབས་བཅས་ལ་བརྟེན་ནས། རྒྱ་དམག་རྣམས་ཕྱིར་འཐེན་བྱེད་དགོས་ཐུག །སྐབས་དེའི་ཁམས་པའི་ཚོང་པ་རྣམས་ལ། ྋགོང་ས་ྋསྐྱབས་མགོན་ཆེན་པོས་གྲོ་མོ་ཤར་སིང་རྒྱལ་སྟེང་སྦུག་དམ་བཀའ་ཡིག་སྩལ་བ་འདི་ལྟར། ཨ་ཐུག་ལ་དགའ་ཚང་། བརྒྱ་དཔོན། དགེ་སྟོབས། ས་མདོས། གཙོས་སྦྲ་ཞོར་ཇ་ཚོང་ཐུན་མོང་ལ་སྤྲོད། ཐོ་དོན། ཁྱོད་རང་ཚོང་པ་རྣམས་ནས་སྤྱི་སྒོས་༸རྒྱལ་བསྟན་རིན་པོ་ཆེ་དང་། གཞུང་ཆབ་སྲིད་ལ་སྨན་ཐབས་ཀྱིས་ཐོག་མར་རྒྱ་ངན་ནས་སེ་རར་དམག་འཁྲུག་སྐབས་ཁ་ཞེ་མེད་པའི་དཔུང་རོགས་བགྱིས་པ་དང་། དེ་རྗེས་མེ་ལྡུམ་གྱིས་མཚོན་པས་ལྷ་ཁུལ་དམག་འཁྲུག་སྔ་ཕྱིར་རང་སྲོག་བློས་བཏང་གིས་ཤེད་ནུས་གང་ཐོན་བགྱིས་པར་སྤྱི་ཚོགས་ནས་༸སྙན་འབྱོར་ལ་བརྟེན་གཟིགས་བཟོས་བདག་རྐྱེན་དང་། གསོལ་རས་སྤྲོད་འོས་སོགས་བློ་ཕམ་མི་འབྱུང་བ་དགོས་རྒྱུའི་བཀོད་རྒྱ་སྔོན་སོང་ལྟར་ཡོད་ཤག་ཀྱང་། ད་དུང་འཕྲོས་བསྡད་རྒྱ་དམག་རྣམས་མཐར་སྐྲོད་ཤུལ་གཙང་འཕྲལ་མྱུར་ཐུབ་པ་དམག་སྒར་ཁག་ལ་བཀོད་རྒྱ་ཟུར་དུ་སོང་བའི་བཟོས་སྒོ་བདག་རྒྱན་སོགས་འདི་ཕྱིར་དགེ་བའི་སྐྱབས་འཇུག་བགྱིད་རྒྱུ་ཡིད་འདོམས་གྱིས། གྲོ་མོ་ཤར་སིང་རྒྱལ་སྟེང་ནས་ཆུ་བྱི་(༡༩༡༢) ཟླ་བ་༥ ཚེས་༡༩ བཟང་པོར་བྲིས། ཞེས་པའི་སྦུག་དམ་བཀའ་ཡིག་གནང་འདུག །[ཕྱི་ལོ་༡༩༩༧ ལོར་བོད་གཞུང་ཤེས་དཔར་ཁང་ནས་དཔར་སྐྲུན་བྱས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ། ཤོག་གྲངས་༢༠༧ཕྲེང་༥ ནང་གསལ།]
ཆུ་བྱི་(༡༩༡༢) ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་ྋསྐྱབས་མགོན་༸རྒྱལ་དབང་སྟོན་འཁོར་རྣམས་རྒྱ་གར་ནས་ཆིབས་ཐོན་གྱིས་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད། དམག་འཁྲུག་དེའི་ནང་སེ་རའི་དགེ་འདུན་པ་རྣམས་ཀྱིས་དམག་འཐབ་ཀྱིས་བྱས་རྗེས་འབུར་དུ་ཐོན་པར་བཞག་པར་གཟེངས་བསྟོད་བྱ་དགའ་སེ་ར་བླ་སྤྱི་ལ་འདམ་བརྒྱ་ཤོག་བརྒྱད་དང་། གྱེ་རེ་ལྷ་པ་བཅས་སྩལ་གནང་མཛད་འདུག ། སྐབས་དེར་རྡོ་རྗེ་གཞོན་ནུའི་ཕུར་པ། གྲུབ་ཆེན་མདའ་འཕྱར་བའི་ཐུགས་དམ་གྱི་རྟེན། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་སྲས་ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་འདེབས་པ་པོ་མཆོག་ལ་གནང་བའི་ཡི་དམ་རྟ་མགྲིན་ཡང་གསང་གི་ཕུར་པ། བྱེས་པ་གྲྭ་ཚང་གི་ནང་རྟེན་གྱི་གཙོ་བོ་དེ་ཉིད་བོད་གཞུང་གིས་བདག་ཉར་བྱས་ཏེ། ཕྱིས་དམག་འཐབ་ཆད་པ་དང་སེར་བྱེས་མཁན་པོ་རྗེ་འདི་བར་ཕུར་པ་རྩིས་བཞེས་གནང་མཁན་ཡོང་དགོས་པའི་བཀའ་བྱུང་བའི་དགོང་མོ་དེར། མཁན་རིན་པོ་ཆེའི་ཐུགས་ལ་ཕུར་པ་དངོས་དང་རྫུན་མ་གང་ཞིག་ཕྱག་ཏུ་ཐེབས་མིན་གྱི་ཐུགས་ཁྲལ་ཧ་ཅང་ལྕི་བ་ཞིག་བྱུང་བ་དང་། གཟིམ་ལམ་དུ་འབུ་བུང་བ་ཆེན་པོ་ཞིག་འཕུར་ཡོང་སྟེ། རྗེ་རང་གི་མདུན་ན་ནས་ཕུང་ཆེན་པོ་ཞིག་ཡོད་ཝ་དེའི་ནང་དུ་འཛུལ་བའི་གཟིམ་ལམ་བྱུང་། ཕྱི་ཉིན་མཁན་རིན་པོ་ཆེ་ཕེབས་དུས་གཟིམ་ལམ་བཞིན་བཀའ་ཤག་གིས་ནས་འབོ་ཞིག་གི་ཐོག་ཏུ་ཕུར་པ་གསུམ་བཙུགས་ནས་བཞག་ཡོད་པ་དེ་བསྟན་ནས། མཁན་རིན་པོ་ཆེ་ལ་ཁྱོད་ཚོའི་ཕུར་བ་གང་ཡིན་ངོས་འཛིན་གནང་སྟེ་བཞེས་ཕེབས་རོགས། ཕྱིས་རྙོག་གླེང་རིགས་གང་ཡང་བྱེད་ཆོག་གི་མ་རེད་ཅེས་བཀའ་གནང་བ་དང་། མཁན་རིན་པོ་ཆེས་མདང་གི་གཟིམ་ལམ་དེ་ཉིད་ཡི་དམ་གྱི་ལུང་བསྟན་དུ་དགོངས་ནས། ཐེ་ཚོམ་སྤུ་ཙམ་མེད་པར་ངེད་ཚང་གི་ཕུར་པ་འདི་རེད་ཅེས་ནས་འབོའི་ནང་དུ་ཕྱག་བཅུག་སྟེ་ཕུར་པ་བཏོན་བྱུང་བ་དང་། དེར་ཡོད་ཀྱི་ཚོགས་འདུ་བ་ཀུན་ངོ་མཚར་བའི་གནས་སུ་བཀོད། དེ་ནས་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་(༡༩༡༥)ལོར་ྋགོང་ས་མཆོག་ལ་དགོངས་བསྐོར་ཞུས་ནས་དགོངས་འཁྲོལ་ཐོབ་པ་དང་མཁན་ཁྲི་ལས་ཟུར་བཞུགས་མཛད་པ་ནི། ྋགོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་རྣམ་ཐར་ལས། (ཤིང་ཡོས་༡༩༡༥) ཟླ་བ་ལྔ་པའི་ནང་འཁྲུངས་སྐར་མཛད་ཆེན་དང་འབྲེལ་སྐུའི་དྲུང་ན་སྤྱོད་པ་མཐའ་དག་ལ་མཇལ་སྟོན་གྱི་སྐལ་བཟང་སྩལ། སེར་བྱེས་སློབ་དཔོན་བློ་བཟང་ཟླ་གྲགས་དགོངས་ཞུས་འཕོས་ཚབ་འོས་གསུམ་པ་ལྭ་བ་བྱམས་པ་ཚོགས་གཉིས་ལ་བསྐོ་བཞག་གནང་། [ཕྱི་ལོ་༢༠༡༦ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་དཔར་སྐྲུན་བྱས་པའི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། དེབ་ཕྲེང་༦༦ པ། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་ྋགོང་ས་རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ། སྨད་ཆ། ཤོག་གྲངས་༢༣༤ ཕྲེང་༡༣ ནང་གསལ།]
ཞེས་གསུངས། དེ་ལྟར་ལོ་གཉིས་ཀྱི་རྗེས་སུ་མེ་སྦྲུལ་(༡༩༡༧)ལོའི་མཇུག་ཏུ་མཁན་ཐོག་ང་དགུ་པ་རྗེ་བྱམས་པ་ཚོགས་གཉིས་གློ་བུར་དུ་སྐུ་གཤེགས་སྟབས། སླར་ཡང་རྗེ་འདི་གྲྭ་ཚང་གི་འཆད་ཉན་གྱི་མཁན་ཚབ་བསྐོ་བཞག་མཛད། ྋགོང་ས་བཅུ་གསུམ་པའི་རྣམ་ཐར་ལས། ཕྱི་ལོ་༡༩༡༧ ལོར་སེར་བྱེས་སློབ་དཔོན་ལས་འཛིན་བྱམས་པ་ཚོགས་གཉིས་ནད་འདས་ཚབ། ལྡན་མེ་(མ) ལབ་སྤྲུལ་གྱི་ཡོངས་འཛིན་བྱ་བྲལ་དགེ་བཤེས་ངག་དབང་ཕུན་ཚོགས་ཀྱི་མིང་ཐོག་ཕྱག་རྒྱ་སྩལ་ཏེ་མ་འཁོར་བར་གྲྭ་ཚང་སྤྱི་དོན་འཚོ་འཛིན་དང་། ཆོས་ཐོག་ཁག་གི་འཆད་ཉན་བྱེད་
བོའི་མཁན་ཚབ་ཏུ་ཏྲེ་ཧོར་སློབ་ཟུར་བློ་བཟང་ཟླ་གྲགས་བསྐོ་བཞག་མཛད་ཚུལ་[ཕྱི་ལོ་༢༠༡༦ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་དཔར་སྐྲུན་བྱས་པའི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། དེབ་ཕྲེང་༦༦ པ། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་ྋགོང་ས་རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ། སྨད་ཆ། ཤོག་གྲངས་༢༧༡ ཕྲེང་༣ ནང་གསལ།]བཅས་གསལ། རྗེ་འདི་མཁན་ཁྲི་ལས་བཤོལ་ནས་ཐུན་བཞིའི་རྣལ་འབྱོར་ལ་གཅིག་ཏུ་བརྩོན་ནས་བཞུགས་སོ། །
རྗེ་འདི་ཕྱི་ལོ་༡༩༤༠) མ་ཟིན་པའི་སྔོན་ནས་སྐུ་གཤེགས་ཟིན་པར་འདྲ་སྟེ། སེར་བྱེས་རབ་གསལ་ཆེན་མོའི་བར་ཁྱམས་ཞིག་གསོའི་ལོ་རྒྱུས་ལྡེབས་རིས་ཀྱི་ཡི་གེ་ངོ་བཤུས་ལས། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་(༡༩༤༠)ལོར་བསམ་བློ་མཁན་ཆེན་ལུང་རྟོགས་རྒྱ་མཚོའི་སྐུ་དུས་སུ་དབུ་ཚུགས་ནས། སྣ་ཚོགས་ཞེས་པ་ཆུ་ཕོ་རྟ་(༡༩༤༢)ལོར་མཁན་ཆེན་ལས་འཛིན་ཏྲེ་ཧོར་ངག་དབང་རྒྱ་མཚོའི་ཐོག་ཉམས་གསོ་ལེགས་པར་བསྒྲུབས་ཟིན་པས་བླ་ཆེན་མི་ཆེ་སོགས་ཀྱིས་ཞལ་འདེབས་གནང་བའི་སྐབས་ཏྲེ་མཁན་ཟུར་བླ་བྲང་ནས་སྲང་༤༥༠ ཕུལ་[དེ་ནས་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ཕྱི་ལོ་༡༩༤༠ ལོར་ནས་ཆུ་ཕོ་རྟ་༡༩༤༢ བར་སེར་བྱེས་རབ་གསལ་ཆེན་མོའི་བར་ཁྱམས་ཞིག་གསོའི་ལོ་རྒྱུས་ལྡེབས་རིས་ཀྱི་ཡི་གེ་ངོ་བཤུས། སེར་གཙུག་ནས་དཔར་སྐྲུན་བྱས་པའི་སེ་ར་ཐེག་ཆེན་གླིང་གི་གདན་རབས་ངོ་མཚར་ནོར་བུའི་ཕྲེང་བ། ཤོག་གྲངས་༤༠༨ ཕྲེང་༥ ནང་གསལ།]ཞེས་བླ་བྲང་གི་མིང་ནས་སྨོས་པ་ལས་བླ་མའི་མཚན་ནས་ཞུས་མི་འདུག་གོ །རྗེ་འདི་སྐུ་གཤེགས་པའི་རྗེས་ཕྱི་ལོ་༡༩༥༠ ཡས་མས་སུ་ཆུ་ཤུར་ན་ཡོད་པའི་རྗེ་འདིའི་བླ་བྲང་གིས་གསང་ཕུ་ར་བ་སྟོད་དུ་དགུན་ཆོས་ལ་ཕེབས་པའི་སེར་བྱེས་དགེ་འདུན་པ་རྣམས་ལ་བསྙེན་བཀུར་བྱེད་ཀྱི་ཡོད་འདུག །[པེར་བྱིས་ལྷ་རམས་པ་དགེ་བཤེས་ཡེ་ཤེས་དཔལ་ལྡན་ནམ་རྒན་དབུ་ཟུར་ལགས་ཀྱིས་བདག་ལ་དངོས་སུ་གསུངས།]
རྗེ་འདིས་ཕྱི་ལོ་༡༩༠༥ ནས་༡༩༡༥ བར་བགྲང་བྱ་བཅུ་གཅིག་རིང་དང་། སླར་མཁན་ཚབ་གནང་བ་སོགས་བསྡོམས་ན་བགྲང་བྱ་བཅུ་གཉིས་ལྷག་མཁན་ཁྲི་བསྐྱངས་གནང་འདུག་གོ །
གསུང་འབུམ།
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 9850
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 8616
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 9629
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 14272
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 15891
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 12337
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 13703
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 10056