དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun

མཁན་ཆེན་བྱམས་པ་ཐེག་མཆོག

ཚད་གཞི།
(1 འོས་འཕེན། )

སེར་བྱེས་མཁན་རབས་དོན་གཉིས་པ་བྱམས་པ་ཐེག་མཆོག་མཆོག་ནི། ཕྱི་ལོ་༡༩༣༠ ལོར་བོད་འཕན་པོར་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལྭ་བ་མཁན་པོའི་དྲུང་ནས་རབ་ཏུ་བྱུང་། དགུང་ལོ་བཅུའི་སྟེང་༧རྒྱལ་བའི་ཡོངས་འཛིན་ཕུར་ལྕོག་རིིན་པོ་ཆེའི་ལས་དགེ་ཚུལ་གྱི་སྡོམ་པ་མནོས།
དགུང་ལོ་བཅུ་གཅིག་ཙམ་ནས་བསྡུས་གྲྭ་དང་བློ་རྟགས། ཚད་མ། དབུ་ཕར་སོགས་གཞུང་ཆེན་ཐུགས་གཉེར་གྱི་དབུ་བཙུགས། དགུང་ལོ་ཉེར་བཞིའི་སྐབས་བྲག་རི་རྡོ་རྗེ་འཆང་ལས་དགེ་སློང་གི་སྡོམ་པ་བཞེས།
༡༩༥༩ ལོར་ཞབས་བགྲོད་ཀྱིས་སྒང་ཏོག་ཁུལ་དུ་འབྱོར་ཏེ། འབྲས་ལྗོངས་བློན་ཆེན་བརྒྱུད་སྦག་ས་ཆོས་སྒར་དུ་སློབ་གཉེར་གྱི་མཇུག་སྐྱོང་ཆོག་པའི་སྙན་སེར་ཞུས་དོན་ལྟར་རྒྱ་གར་གཞུང་ནས་བཀའ་འཁྲོལ་ཐོབ་སྟེ་སྦག་ས་ཆོས་སྒར་དུ་ཕེབས་ནས་གཞུང་ཆེན་ཐུགས་གཉེར་ཀྱི་འཕྲོ་བསྐྱངས་ཤིང་། སྐབས་དེའི་སེར་བྱེས་མཁན་པོ་དོན་གྲུབ་སྟོབས་རྒྱལ་གྱིས་ལྷ་རམས་པའི་མཚན་གནས་གནང་བ་ལྟར་ལྷ་རམས་འཛིན་གྲྭར་ལོ་བཞིའི་རིང་ལ་གཞུང་ཆེན་སྤྱི་དང་ལྷག་པར་དུ་འདུལ་མཛོད་གཉིས་ལ་གསན་བསམ་རྒྱ་ཆེར་གནང་།
༧གོང་ས་མཆོག་དང་རྒྱ་གར་ཤེས་རིག་ལས་ཁུངས་སོགས་ཀྱི་བཀའ་དགོངས་ལྟར་སྦག་ས་མཐོ་རིམ་སློབ་གྲྭའི་རྣམ་པར་བསྒྱུར་རྒྱུའི་གཏན་ཁེལ་བྱུང་དོན་ལྟར་མ་སུ་རིར་ཆོས་བརྒྱུད་བཞིའི་མཁས་དབང་རྣམས་བསྡུས་ནས་གཙུག་ལག་སློབ་དཔོན་འཛིན་གྲྭ་གསར་འཛུགས་ཀྱི་སྐབས་སུ་དེར་ཕེབས་ནས་སློབ་གཉེར་གནང་། དེ་གར་སློབ་གཉེར་གྲུབ་རྗེས་སྦག་ས་ཆོས་སྒར་དུ་ལོ་གཅིག་རིང་ལ་གཙུག་ལག་སློབ་དགེ་གནང་།
དེ་རྗེས་ཝཱ་རཱ་ཎ་སཱིའི་མཐོ་སློབ་ཏུ་ལོ་གསུམ་བཞུགས་ཏེ་ཨ་ཙཱརྱའི་སློབ་ཐོན་ལག་འཁྱེར་བཞེས། དེ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཝཱ་ཎ་མཐོ་རིམ་སློབ་གྲྭའི་སློབ་དཔོན་ལོ་བདུན་གནང་། དེ་རྗེས་བླ་མ་ཡེ་ཤེས་མཆོག་གི་ཐུགས་རེ་ལྟར་དབྱིན་ཡུལ་དང་ཕ་རན་སི་སོགས་ཕྱིའི་ཡུལ་གྲུ་རྣམས་སུ་ལོ་བཅུའི་རིང་ལ་ཆོས་སྦྱིན་སྤེལ།
༡༩༩༣ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་ཕེབས་དོན་ལྟར་ལོ་དེར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་ཆོས་སྲིད་གཉིས་ཆ་ནས་དྲིན་གྱིས་བསྐྱངས། ༢༠༡༥ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད། [སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་དང་། སེར་བྱེས་ཆོས་འབྱུང་རྟ་བདུན་བདག་པོའི་འོད་ཟེར་གཉིས་ཀྱི་མཁན་གྲངས་བཀོད་སྟངས་མི་མཐུན་པར་འདུག་ན། ང་ཚོས་སྔ་མ་ལྟར་བཀོད་ཡོད།]

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 6921 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2023 ལོའི་ཟླ་བ། Nov ཚེས། 16 རེས་གཟའ། Thu