སེར་བྱེས་མཁན་རབས་བདུན་ཅུ་པ་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན་མཆོག་ནི། ཕྱི་ལོ་༡༩༢༤ ལོར་བོད་དུ་དར་རྒྱས་དགོན་གྱི་ནུབ་བྱང་ཕྱོགས་རི་མདའ་གྲོང་དུ་སྐུ་འཁྲུངས། ཆུང་དུས་ནས་ཞང་པོ་སོགས་ལས་ཡི་གེ་འབྲི་ཀློག་རིམ་གྱིས་སྦྱངས།
དགུང་ལོ་བདུན་གྱི་སྐབས་དར་རྒྱས་དགོན་དུ་རབ་ཏུ་བྱུང་། དགུང་ལོ་བཅོ་བརྒྱད་སྟེང་དབུས་སུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་དང་། ཕུར་ལྕོག་བྱམས་པ་ཚུལ་ཁྲིམས་ལས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བཅས་ཀྱི་སྡོམ་པ་ཞུས།
དགེ་རྒན་དོན་གྲུབ་སྟོབས་རྒྱལ་དང་དགེ་བཤེས་བློ་བཟང་བྱམས་པ་མཁས་གྲུབ་བསྟེན་ནས་བསྡུས་གྲྭ་ནས་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་ཞུས་ཤིང་གཞུང་ཆེན་ཐུགས་གཉེར་གནང་། བསྡུས་ཆེན་འཛིན་གྲྭའི་སྐབས་ཕུར་ལྕོག་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ལས་དགེ་སློང་གི་སྡོམ་པ་མནོས།
དགེ་བཤེས་མཐུ་སྟོབས་དང་། དགེ་བའི་བཤེས་གཉེན་ཆེན་པོ་ཨོ་རྒྱན་ཚེ་བརྟན་མཆོག་ལས་ཀྱང་གཞུང་ཆེན་ཁག་གི་དཔེ་ཁྲིད་ཞུས་ཤིང་། ལྷག་པར་དུ་ཕྱི་མའི་མདུན་ནས་དབང་ལུང་མན་ངག་གང་མང་ཞུས། དབུ་གསར་སྐབས་བྲག་རི་རིན་པོ་ཆེ་ལས་རྒྱལ་བའི་བཀའ་འགྱུར་གྱི་ལྗགས་ལུང་ཞུས་པའི་སྐལ་བ་ཐོབ།
༧གོང་ས་མཆོག་སོགས་དམ་པ་མང་པོའི་མདུན་ནས་ཀྱང་དབང་ཁྲིད་ལུང་མན་ངག་སོགས་གང་མང་ཞུས། ཕར་ཕྱིན་ལོ་གཉིས་པའི་སྐབས་ནས་བཟུང་སློབ་བུ་སུམ་ཅུ་སྐོར་ལ་དཔེ་ཁྲིད་ཡང་རྒྱུན་དུ་བསྐྱངས། ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་བཞུགས་ཤིང་དེར་སློབ་གཉེར་མཇུག་སྐྱོང་དང་ཞོར་དུ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཀྱང་གནང་། ༧ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལས་སུམ་རྟགས་སོགས་ལའང་ཐུགས་བརྩོན་གནང་། དེར་གཞུང་ཆེན་སློབ་གཉེར་དང་འབྲེལ་འདུལ་སྡོམ་རིན་པོ་ཆེའི་ཕྲེང་བ་ལྗགས་རྩོམ་མཛད།
༡༩༦༤ ལོར་སྦག་ས་ཆོས་སྒར་དུ་ལྷ་རམས་དམ་འཇོག་དང་ལྷ་རམས་ཨང་གཉིས་པའི་མཚན་གནས་བཞེས། ༡༩༦༥ ལོར་ཝཱ་རཱ་ཎ་སཱིའི་མཐོ་སློབ་གསར་འཛུགས་སྐབས་སློབ་དཔོན་འོས་སྦྱོང་དུ་ཕེབས། དེ་ནས་སྦག་ས་ཆོས་སྒར་སློབ་གྲྭའི་རྣམ་པར་བསྒྱུར་རྗེས་སློབ་དཔོན་གནང་སྟེ་འཛིན་གྲྭ་མང་པོར་དཔེ་ཁྲིད་གནང་། ༡༩༦༨ལོའི་ཕྱི་ཟླ་༡༢པར་སྦག་ས་ནས་སེ་རའི་དགེ་འདུན་པ་རྣམས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྤོ་མཛད་སྐབས་ལྷན་ཕེབས་གནང་སྟེ། སེ་རར་ཡི་དམ་ཁག་གི་བསྙེན་མཚམས་ལ་བཞུགས་གནང་མཛད།
༡༩༧༢ ལོར་སྐུ་སྒེར་ཡིག་ཚང་ནས་བཀའ་རྒྱ་ཕེབས་དོན་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་འགྱུར་གྱི་ལུང་རྒྱུན་སྤེལ། རང་གཞུང་ནས་བཀའ་འགྱུར་བླ་མ་ཞེས་པའི་མཚན་གནས་ཀྱང་གནང་། དེ་ནས༧གོང་ས་མཆོག་གིས་སེར་བྱེས་གྲྭ་ཚང་གི་དགེ་བསྐོས་སུ་ཕྱག་རྟགས་ཕེབས་དོན་ལྟར་ལོ་གཉིས་ཀྱི་རིང་སེར་བྱེས་གྲྭ་ཚང་གི་དགེ་བསྐོས་གནང་རིང་དེ་སྔའི་ལམ་སྲོལ་གཞུང་གསར་དང་དབུ་གསར་གྱི་མཚན་ཕུད། རིགས་ཆུང་ཚོགས་ལངས། སེར་བྱེས་ལྷ་རམས་འཛིན་གྲྭའི་ཐུན་མོང་མ་ཡིན་པའི་སྒྲིག་ཁྲིམས་རྣམས་བསྐྱར་གསོ་དང་། གྲྭ་ཚང་གི་ལམ་རིམ་དང་མཐུན་པའི་ཚོགས་གཏམ་ཆེན་མོ་དེ་ཉིད་ཡི་གེར་ཕབ་པར་མཛད། དེ་རྗེས་སེར་བྱེས་སློབ་གྲྭ་གསར་འཛུགས་ཀྱི་སྐབས་སུ་དགེ་བཤེས་བཀྲ་ཤིས་འབུམ་དང་ལྷན་དུ་ཐུགས་འགན་བཞེས། གྲྭ་ཚང་གི་སློབ་གཉེར་རྒན་ཡང་ཡུན་རིང་གནང་།
༡༩༨༣ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་ཕེབས་དོན་ལྟར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས། སེར་བྱེས་ལྷ་རམས་འཛིན་གྲྭ་ནས་འཛིན་གྲྭའི་ནང་དུ་མཚོ་ཊཱིཀ་དང་མཛོད་འགྲེལ་མངོན་པའི་རྒྱན་གཉིས་ཀྱི་ཤོག་ལྷེ་གྲངས་བཅད་ཀྱིས་ཉིན་ལྟར་སྐྱོར་ནས་བགྲོ་གླེང་གནང་དགོས་པ་དང་། ལྷ་རམས་མ་ཐོན་བར་སྤྱི་སྒེར་གྱི་ལས་བྱེད་ལ་བསྐོ་མི་ཆོག་པའི་སྒྲིག་གཞི་གཏན་འབེལ་གནང་། ༡༩༨༥ལོར་དད་ལྡན་འགས་ནན་ཞུས་ལ་བརྟེན་ཆོས་ཞུ་བ་ཉིས་བརྒྱ་ལྷག་ལ་རྟ་མགྲིན་ཡང་གསང་གི་དབང་ཆེན་གནང་།
༡༩༨༦ལོར་ཡི་དམ་རྟ་མགྲིན་ཡང་གསང་གི་ཆོས་སྐོར་ཡོངས་ཀྱི་དབང་དང་བཤད་ཁྲིད་མན་ངག་གི་རྒྱུན་གྲྭ་ཚང་རང་དུ་ཡུན་རིང་གནས་སླད་བོད་ནས་ཕེབས་པའི་སེར་བྱེས་སོག་པོའི་དགེ་བཤེས་སེངྒེ་ལགས་གྲྭ་ཚང་དུ་གདན་ཞུ་གནང་སྟེ་འདུས་མང་ལ་གྲྭ་ཚང་གི་གཙུག་ལག་ཁང་དུ་དབང་དང་རྗེས་གནང་སོགས་སྩལ་བ་གསན་གནང་མཛད། ༡༩༨༧ ལོར་མཁན་པོོ་དགོངས་འཁྲོལ་བྱུང་བ་ལྟར་ཟུར་བཞུགས་མཛད་པ་དང་ཀོ་པན་དགོན་དང་ཕྱིའི་ཡུལ་གྲུ་ཁག་ཏུ་ཕེབས་ཏེ་ཕྱི་ནང་གི་དོན་གཉེར་ཅན་རྣམས་ལ་ཆོས་སྦྱིན་གནང་།
༢༠༠༠ ལོར་བོད་དུ་ཕེབས་ཏེ་དད་རྣམས་ལ་དབང་ཁྲིད་ལུང་ཆོས་གང་མང་གནང་ཞིང་། དགེ་ཚུལ་སློང་གི་སྡོམ་པ་ཞུ་མཁན་གང་མང་ཞིག་ལ་འདོད་མོས་བཞིན་སྡོམ་པ་སྩལ། དེ་ནས་ཕྱིར་ཕེབས་ཏེ་གདན་ས་རང་དང་ཕྱིའི་ཡུལ་གྲུ་ཁག་ཏུ་ཕྱི་ནང་གི་དོན་གཉེར་ཅན་རྣམས་ལུང་ཆོས་མན་ངག་སོགས་ཀྱིས་བརྩེ་བར་བསྐྱངས་ཏེ་བཞུགས་མུར། ༢༠༡༤ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད། [སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་དང་། སེར་བྱེས་ཆོས་འབྱུང་རྟ་བདུན་བདག་པོའི་འོད་ཟེར་གཉིས་ཀྱི་མཁན་གྲངས་བཀོད་སྟངས་མི་མཐུན་པར་འདུག་ན། ང་ཚོས་སྔ་མ་ལྟར་བཀོད་ཡོད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།