- མདུན་ངོས།
- མཛད་རྣམ་ངོ་སྤྲོད་སོགས།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
ཐར་ལམ་གསལ་བྱེད་ཀྱི་དོགས་གནས།
མཛད་པ་པོ། སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས།
བརྗོད་བྱ། ཐར་ལམ་གསལ་བྱེད་ཀྱི་ས་བཅད་དང་དོགས་གནས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0323
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 177 ལྗིད་ཚད། 1.6MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་རྩོམ་སྒྲིག་བྱས།
༢༠༢༣ ཟླ་བཞི་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་ལྷ་རམས་པ་དགེ་བཤེས་འཇམ་དཔལ་བློ་ཤེས་ནི་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དང་ཉེ་བའི་སར་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་དགེ་རྩེ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༦༨ ལོར་སྐུ་འཁྲུངས། སྒྲོལ་མ་ལྷ་ཁང་དུ་ཚོགས་ཞུགས་མཛད། རྫ་སེར་ཤུལ་དགོན་དུ་ཕེབས་ནས་སློབ་གཉེར་གྱི་དབུ་བཙུགས། རྒྱ་གར་དུ་ཕེབས་ཤིང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཞུང་ཆེན་པོད་ལྔའི་སློབ་གཉེར་ལ་མི་ལོ་ཉི་ཤུ་ལྷག་གི་རིང་ལྟོ་སྐྱ་གོས་ཧྲུལ་གྱིས་སློབ་གཉེར་རྡོ་རུས་ཐུག་པ་གནང་། རིགས་པ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ཅིང་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་རྒྱས། སླར་བོད་དུ་ཕེབས་ཏེ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དུ་དགེ་རྒན་ཆེན་མོའི་ཕྱག་ལས་གནང་། སློབ་གླིང་གི་སྒྲིག་འཛུགས་ཚགས་ཆུད་དང་། སློབ་གཉེར་བ་དགེ་འདུན་བརྒྱ་ཕྲག་དུ་མར་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང་། ཁོང་རང་གིས་གཞུང་ཆེན་དཔེ་ཁྲིད་གནང་བ་སྒྲ་འཇུག་ཉར་ཚགས་བྱས་པ་ཆུ་ཚོད་ལྔ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པ་ཕྱི་རབས་པ་རྣམས་ལ་ཆོས་ཀྱི་སྐྱེས་སུ་འཇོག་པར་མཛད། ནང་ཆོས་ངོ་སྤྲོད་དང་སྤྱི་ཚོགས་བསླབ་བྱ་སོགས་གནད་ལ་ཁེལ་ཞིང་རུས་ལ་ཟུག་པའི་བཀའ་སློབ་ལམ་སྟོན་སྔ་ན་མེད་པ་གནང་། མདོ་ཁམས་འཇང་དགུན་ཆོས་དང་གངས་ལྗོངས་མཁས་པའི་ལྷན་ཚོགས་གཉིས་ཀྱི་ཚོགས་གཙོའི་འགན་བཞེས་པ་སོགས་ཆོས་དང་རིག་གཞུང་ལ་སྨན་པའི་ཕྱག་ལས་གནང་བཞིན་དུ་ཕྱི་ལོ་༢༠༡༩ ལོར་དགུང་ལོ་ལྔ་བཅུ་རྩ་གྲངས་ལ་དགོངས་པ་ཞི་དབྱིངས་སུ་གཏད།