སྤྱི་ལོ་ ༡༩༥༤ ལོར་ལྷ་སའི་བྱང་ཕྱོགས་གནམ་མཚོ་ཕྱུག་མོའི་ཁུལ་དུ་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། དགུང་ལོ་གསུམ་པར་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་བྱ་དོ་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་བྱ་དོ་དགོན་པའི་དགོན་བདག་མཁན་པོར་མངའ་གསོལ་ཁྲི་སྟོན་བྱས།
༡༩༥༩ བོད་ནས་བྲོས་བྱོལ་དུ་ཕེབས་རྗེས་བལ་ཡུལ་དང་ཌ་ལ་ཧོ་སི་སོགས་སུ་བཞུགས། ཌ་ལ་ཧོ་སིར་བཞུགས་སྐབས་ཐུན་མོང་རིག་གནས་ཡི་གེ་འབྲི་ཀློག་སོགས་དང་། རྒྱུད་སྨད་མཁན་རིན་པོ་ཆེ་རྒན་སྐལ་བཟང་རྣམ་རྒྱལ་མཆོག་ཚུལ་བཞིན་བསྟེན་ནས་དཔེ་ཆ་བློར་འཛིན་སོགས་གཞུང་ཆེན་ཁག་ལ་སློབ་སྦྱོང་གི་རྨང་གཞི་བཏིངས།
༡༩༦༤ ལོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། ༡༩༧༣ལོར་རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ་ལས་དགེ་སློང་གི་སྡོམ་པ་ཞུས།
༡༩༧༢ ནས་ ༡༩༩༠ བར་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་ཆོས་སྡེ་ཆེན་པོ་སེར་བྱེས་མཁན་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་མཁན་ཟུར་རིན་པོ་ཆེ་རྒན་བློ་བཟང་དབང་ཕྱུག་མཆོག་དང་། མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་རིང་[༡༩༨༦ ལོར་མཁན་པོའི་མཛད་ཁུར་བཞེས།]མཆོག་སོགས་སྐྱེས་ཆེན་དམ་པ་མང་པོ་བསྟེན་ཏེ། མདོ་སྔགས་ཀྱི་གཞུང་ལ་གསན་བསམ་མཛད།
༡༩༩༡ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ། དེ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ཏེ་གསང་སྔགས་ཀྱི་གཞུང་ལ་གསན་བསམ་མཛད།
༡༩༩༢ ནས་ ༡༩༩༦ བར་དུ་དྷ་རམ་ས་ལར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་གནང་ནས་གཞུང་ཆེན་སློབ་ཁྲིད་གནང་བར་མ་ཟད་ཆོ་ག་དང་ཕྱག་ལེན་ལ་བྱང་བར་མཛད།
༡༩༩༧ ལོར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོར་བསྐོ་བཞག་གནང་བ་ནས་བཟུང་སྤྱི་ལོ་ ༢༠༠༤ བར་གྲྭ་ཚང་དེར་བསྟན་འགྲོའི་དོན་ལ་གཞོལ་བར་གནང་།
རྟ་པོད་ཀྱི་ཁྲིད་ལུང་མན་ངག་ཆ་ཚང་ཡོད་པ་གཅིག་པུ་དེ་ནི་སེར་བྱེས་བསམ་བློའི་སོག་པོ་དགེ་བཤེས་སེངྒེ་ལགས་ཡིན་པ་ལྟར་དེའི་སྐུ་མདུན་ནས་རྟ་མགྲིན་ཡང་གསང་གི་རྟ་པོད་ཆ་ཚང་གི་ཁྲིད་རྒྱུན་ལུང་རྒྱུན་རྣམས་གསན་པར་མཛད། རྟ་པོད་ནང་མ་ཚང་པའི་དཔེ་ཆ་ཁག་ཅིག་གི་ཆེད་དུ་ ༡༩༨༦ ལོར་ཆེད་དམིགས་བོད་དུ་ཕེབས་ཏེ་དགེ་བཤེས་སེངྒེ་ལགས་ཀྱི་སྐུ་མདུན་ནས་གསན་པ་དང་། བྲག་ཡེར་པར་གནས་བཞུགས་གྲྭ་ཚང་གི་སྔོན་གྱི་རྟ་མགྲིན་སྐང་གསོ་བ་རྙིང་པ་ལྡན་ཐུབ་བསྟན་རྡོ་རྗེ་ལགས་ཀྱི་སྐུ་མདུན་ནས་རྟ་མགྲིན་གྱི་ཆོ་ག་ཕྱག་ལེན། རོལ་ཚིག །གཏོར་འཆམ་སོགས་ཆད་ལུས་མེད་པར་ཐུགས་གཉེར་གནང་།
༢༠༡༣ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་བླ་མ་དབུ་མཛད་ལོ་གཅིག །མཁན་པོ་ལོ་གསུམ་སྟེ་ལོ་བཞིའི་རིང་ལ་རྒྱུད་སྟོད་གྲྭ་ཚང་དུ་རྒྱུན་བཞུགས་གནང་ནས་ལུགས་གཉིས་ཀྱིས་བསྐྱངས་པར་མཛད། དེ་ཡང་མཁན་པོ་རིམ་བརྒྱུད་ཀྱི་ཕྱག་སྲོལ་ལྟར་འགྲེལ་པ་བཞི་སྦྲགས། སྦས་དོན་ཀུན་གསལ་སོགས་དང། བརྩི་བཞག་འཆད་ཉན་གང་དགོས་རྣམས་ལྷག་ལུས་མེད་པར་གནང་།
༢༠༡༤ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་སྔགས་ཀྱི་མཁས་པའི་བགྲོ་གླེང་གསར་གཏོད་མཛད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱལ་བའི་ཡོངས་འཛིན་རྣམ་པ་གཉིས། སྔ་འགྱུར་རྙིང་མའི་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེ། ས་སྐྱའི་བླ་ཆེན་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་སོགས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་མང་པོའི་མདུན་ནས་དབང་ལུང་མན་ངག་ཁྲིད་སོགས་ཟབ་ཆོས་གང་མང་ཞུས་ཤིང་། རྒྱ་གར་འཕགས་པའི་ཡུལ་དང་། ཆེན་པོ་ཧོར་གྱི་ཡུལ། ནུབ་ཕྱོགས་རྒྱལ་ཁབ་ཁག་སོགས་ལ་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དགོངས་བཞིན་མདོ་སྔགས་ལེགས་བཤད་ཀྱི་ཟབ་ཆོས་གང་མང་གནང་བཞིན་བཞུགས།
༢༠༡༩ ལོར་བྷུར་ཡ་ཏའི་ཡུལ་དུ་མི་མང་ཁྲི་ཚོ་བརྒལ་བར་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་ཡོད་པ་དང་། ཌི་ཛ་ཡ་ཡི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་རིན་པོ་ཆེ་མཆོག་ལ་འབུམ་རམས་པའི་མཚན་མཐོང་ཕྱག་འཁྱེར་དང་། བུར་ཡ་ཏ་ཡེའི་གཞུང་གིས་[བུར་ཡ་ཏ་ཡེའི་གཟེངས་བསྟོད་ཀྱི་ལེགས་སྐྱེས།] བཅས་འབུལ་གནང་མཛད་ཡོད་འདུག
༢༠༡༩།༠༧།༣༡ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།