སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2018 ལོའི་ཟླ་བ། Sep ཚེས། 08 རེས་གཟའ། Sat

མཆིམས་འཇམ་པའི་དབྱངས་སུ་གྲགས་པ།

    བཙུན་པ་འཇམ་པའི་དབྱངས་སམ་ད་ལྟ་མཆིམས་འཇམ་པའི་དབྱངས་སུ་གྲགས་པ་ནི། བཅོམ་ལྡན་རིག་རལ་གྱི་སློབ་མ་ཡིན་པ་དང་། བླ་མ་བཅོམ་ལྡན་པ་ལ་འཇིགས་སྣང་བསྐུལ་བའི་རྐྱེན་གྱིས་བཀའ་བཀྱོན་གནང་སྟེ། ཆོས་གྲལ་ནས་ཕུད་པས་ས་སྐྱར་ཕེབས་ཏེ་བཞུགས་པ་དང་དེ་རྗེས་ཧོར་ཡུལ་དུ་བྱོན་ཏེ། ཧོར་རྒྱལ་པོ་བྷུ་ཡན་ཐུའི་དབུའི་མཆོད་གནས་གནང་། རྒྱལ་པོས་པཀྵིའི་མཚན་གནས་ཕུལ། བླ་མ་བཅོམ་ལྡན་པ་ལ་ཟང་ཟིང་གི་དངོས་པོ་གང་མང་བསྐུར་ཡང་ཐུགས་མ་མཉེས། མཐར་སྣག་ཚ་སྒམ་ཆུང་གང་བསྐུར་བས་ཤིན་ཏུ་མཉེས། རྗེས་སུ་ཁོང་གིས་སྣག་ཤོག་སོགས་ཀྱིས་མཐུན་རྐྱེན་སྦྱར་བ་ལས་བཀའ་བསྟན་རྣམས་ཡི་གེར་བྲིས་ཏེ་ཕྱོགས་སྒྲིག་གནང་བར་གྲགས་ནའང་། དམ་པ་འདིའི་རྣམ་ཐར་གསལ་པོ་ཞིག་ད་སྔ་སུས་ཀྱང་མཇལ་རྒྱུ་བྱུང་མི་འདུག་ལ། འཁྲུངས་འདས་ཀྱི་ལོ་ཚིགས་ཀྱང་གསལ་པོ་ཞིག་མེད་པས་དུང་དཀར་ཚིག་མཛོད་སོགས་སུ་དམ་པ་འདི་དང་མཆིམས་ནམ་མཁའ་གྲགས་གཉིས་མི་གཅིག་ཡིན་པར་བཤད་པ་དང་། མཛོད་འགྲེལ་མངོན་པའི་རྒྱན་ཡང་མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པར་གསུངས་པ། གྲྭ་ས་དང་བཤད་གྲྭ་ཁག་ཏུ་འགྲེལ་པ་མངོན་པའི་རྒྱན་ལ་མཆིམས་མཛོད་ཅེས་གྲགས་པ་སོགས་ནོར་བ་མང་དག་ཅིག་འབྱུང་གིན་ཡོད་པ་དེ་དག་གི་ཆེད། ཐོག་མར་འབྲེལ་ཡོད་སྣར་ཐང་དང་དེའི་གདན་རབས་སོགས་ཀྱི་སྐོར་ནས་གླེང་བསླངས་ཏེ་དམ་པ་དེ་ངོ་སྤྲོད་བྱེད་པ་ལ།

   སྣར་ཐང་གི་སྐོར། བཤེས་གཉེན་སྟོན་པའི་སློབ་མ་སྐུ་མཆེད་གསུམ་ལས་པོ་ཏོ་བའི་ཆོས་སྲོལ་འཛིན་པའི་སློབ་མ་ཞང་སྟོན་ཤ་ར་བ་ལ་སློབ་མ་མང་དུ་ཡོད་པ་ལས་སློབ་མའི་མཆོག་བཀའ་བབས་ལྔར་གྲགས་པའི་བྱིན་རླབས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས་གྲགས་དགུང་ལོ་༤༨བཞེས་པའི་ཚེ། ཕྱི་ལོ་༡༡༥༣ལོར་སྣར་གྱི་མདའི་ཐང་ལ་ལོ་ར་ཡོད་པར་སྤྱིལ་བུ་མཛད་དེ། གཞི་བཙུགས་སྣར་ཐང་གི་དགོན་པ་བཏབ་སྟེ། ལོ་བཅུ་བཞི་བཞུགས། གྲྭ་པ་སྟོང་ཙམ་འདུས་པའི་གྲགས་ཆེ་བ་རྡོ་སྟོན་རྡོ་རྗེ་གྲགས། བདུད་རྩི་གྲགས། ཞང་བཙུན་རྡོ་རྗེ་འོད། སྒ་སྟོན་ཤེས་རབ་གྲགས་རྣམས་ལས། རྡོ་སྟོན་རྡོ་རྗེ་གྲགས་ལ་ཉིད་ཀྱིས་དགོན་པ་འདི་བཟུང་ལ་འགྲོ་དོན་སྐྱོངས་གསུངས་ནས། ཁོང་རང་བྱང་རྟ་སྡེའི་ཆོས་ལུང་དུ་ཐུགས་དམ་ལ་བཞུགས་ཏེ་ཆོས་ལུང་སྐུ་གཤེགས་སུ་གྲགས། ༢] རྡོ་སྟོན་གྱིས་གདན་ས་ལོ་ཉི་ཤུ་མཛད། ༣] ཞང་བཙུན་རྡོ་རྗེ་འོད་ཀྱིས་གདན་ས་ལོ་བརྒྱད་མཛད། ༤] དཔལ་ལྡན་གྲོ་མོ་ཆེ་བས་གདན་ས་ལོ་སུམ་ཅུ་སོ་དགུ་མཛད། ༥] ཞང་སྟོན་ཆོས་ཀྱི་བླ་མས་གདན་ས་ལོ་བཅུ་མཛད། ༦] སངས་རྒྱས་སྒོམ་པས་གདན་ས་ལོ་བཅུ་མཛད་དེ། ཚོགས་ཆོས་ཆེན་མོར་གྲགས་པ་དང་། ལམ་སྒྲོན་ཊཱིཀྐ་སོགས་མཛད་ཅིང་། དབེན་གནས་བྱང་ཆེན་བཏབ། [ཆོས་འབྱུང་ཁ་ཤས་སུ་འདིའི་སྐུ་རིང་ལ་སྣར་ཐང་དུ་མཚན་ཉིད་བཙུགས་པར་བཤད།]
  ༧] མཆིམས་ནམ་མཁའ་གྲགས་ནི། [༡༢༡༠-༡༢༨༥]བོད་ཀྱི་གོང་མ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་གི་རྒྱུད་དུ་འཁྲུངས་ཤིང་། མཆིམས་ཀྱི་གདུང་རྒྱུད་དེར་མཁས་པ་མང་པོ་ཞིག་བྱུང་ཡོད། སྣར་ཐང་གི་གདན་རབས་བདུན་པ་དང་སྣར་ཐང་དུ་བཤད་གྲྭ་ཐོག་མར་འཛུགས་པར་ཐུགས་བཀོད་གནང་མཁན་ཡིན་ཞིང་། འདིས་དཔལ་ལྡན་གྲོ་མོ་ཆེ་དང་། ཞང་སྟོན། མཆིམས་བློ་བརྟན། མཉམ་མེད་སངས་རྒྱས་སྒོམ་པ་བཞི་ལས་བཀའ་གདམས་པའི་ཆོས་སྐོར་རྣམས་གསན་པ་དང་། ཁུ་བོ་མཆིམས་བློ་གྲོས་བརྟན་པ་ལས་མཛོད་རྩ་གཅིག་པུའང་ཚར་ཉི་ཤུ་རྩ་གསུམ་གསན་པར་རྣམ་ཐར་ན་གསུངས་འདུག །༡༢༥༠-༡༢༨༥བར་སྣར་ཐང་གི་གདན་ས་ལོ་སུམ་ཅུ་སོ་དྲུག་ལ་བསྐྱངས་པ་དང་། སྣར་ཐང་གི་རྟེན་གཙོ་བྱམས་མགོན་གསུང་འབྱོན་མ་ཡང་འདིའི་སྐུ་རིང་ལ་བཞེངས། སློབ་མ་ལ། སྐྱོ་སྟོན་པ་དང་། སྐྱེལ་ནག་གྲགས་སེང་། རྒྱང་རོ་པཎ་ཆེན། བཅོམ་ལྡན་རིག་རལ་སོགས་བྱོན། སྐབས་དེར་མཁས་བཙུན་བཟང་གསུམ་གྱིས་ཆེ་རྒུ་ཐམས་ཅད་ཀྱིས་བཀུར་བ་བྱུང་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆུ་མིག་ཆོས་འཁོར་གྱི་གྲལ་གཙོར་གདན་ཞུ་གནང་ཡོད་པ་དང་། འཕགས་པའི་གསན་ཡིག་ཏུ། སློབ་དཔོན་དགེ་བའི་བཤེས་གཉེན་མཆིམས་ནམ་མཁའ་གྲགས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པའི་འགྲེལ་པ་སློབ་དཔོན་འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་ཐོས་སོ། །ཞེས་སོགས་མཆིམས་ནམ་མཁའ་གྲགས་ཀྱི་དྲུང་ནས་ཟབ་ཆོས་མང་པོ་ཞུས་པའི་ཐོ་ཡང་བཀོད་འདུག །སྣར་ཐང་གི་མཁས་པའི་ཁྲོད་དུ་མཆིམས་ཀྱི་མཚན་ཅན་དུ་མ་ཞིག་འབྱུང་ན་ཡང་། རྗེ་འདི་ལ་མཁན་ཆེན་མཆིམས་དང་། མཆིམས་ཐམས་ཅད་མཁྱེན་པ་ཞེས་མཁས་པའི་གཞུང་རྣམས་སུ་ཡོངས་སུ་གྲགས་ཤིང་། མཚན་གྱི་རྣམ་གྲངས་གཞན་ལ། མཁན་པོ་སྣར་ཐང་པའམ། སྣར་ཐང་མཁན་ཆེན་དང་། མཁན་ཆེན་མཆིམས། མཆིམས་ཆེན་པོའམ་མཆིམས་ཆེན་མོ། མཆིམས་ཐམས་ཅད་མཁྱེན་པ་ཞེས་སོགས་སུའང་བརྗོད། གསུང་རྩོམ་ལ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི་བཀའ་གདམས་པའི་གསུང་འབུམ་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཚོགས་ཀྱི་ནང་དུ་ད་སྔ་ལག་སོན་བྱུང་བ་ཆོས་ཚན་བཅུ་དགུ་ལས་མ་བཞུགས་པར་བཤད་ཅིང་། དེར་མཆིམས་ཀྱི་མཛོད་ཊཱིཀ་ཆེན་མོའང་བསྡུས་མི་འདུག་གོ །
   སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། [༡༢༡༩-༡༢༩༩] སྣར་ཐང་གི་གདན་རབས་བརྒྱད་པ་ཡིན། གཙང་གི་ཕྱོགས་བོན་གྲོང་ཞེས་པར་བན་བོན་གཉིས་ཀར་དད་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། མཆིམས་ནམ་མཁའ་གྲགས་དང་། དམ་པ་དེའི་བླ་མ། ཞང་སྟོན་དང་། སངས་རྒྱས་སྒོམ་པ་གཉིས་ལས་ཀྱང་ཟབ་ཆོས་དུ་མ་ཞུས་འདུག་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་ལའང་གཏུགས་འདུག་གོ །༡༢༨༥-༡༢༩༩ བར་སྣར་ཐང་གི་གདན་ས་བསྐྱངས། སྣར་ཐང་གི་གཙུག་ལག་ཁང་ཆེན་མོ་དང་ཕྱིའི་ལྕགས་རི་ཆེན་མོ་ཡང་བཞེངས། སློབ་མ། འབྲོམ་ཀུ་མ་ར་མ་ཏི་དང་། བཅོམ་ལྡན་རིག་རལ། འཇམ་སྒེག་པཀྵི་[འདི་ནི་མཛོད་འགྲེལ་མངོན་པའི་རྒྱན་མཛད་པ་པོ་མཆིམས་འཇམ་པའི་དབྱངས་སུ་གྲགས་པ་ཡིན།]སོགས་བྱོན།
   བཅོམ་ལྡན་རིག་རལ་ནི། [༡༢༢༧-༡༣༠༥] ཡར་ལུང་གི་བྱེ་བྲག་ཕུ་ཐང་བྱང་པ་སར་སྐུ་འཁྲུངས། མཆིམས་ནམ་མཁའ་གྲགས་ལས་ཟབ་ཆོས་མང་པོ་ཞུས་འདུག་པ་དང་། སངས་རྒྱས་བསྒོམ་པ་དང་སྐྱི་སྟོན་གྲགས་འབུམ། ཆོས་རྗེ་ས་པཎ། འགྲོ་མགོན་འཕགས་པ། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ལའང་ཆོས་འབྲེལ་གསན་འདུག །སློབ་མ་ལ། སྐྱི་སྟོན་ཤཱཀྱ་འབུམ་དང་། སྐྱི་སྟོན་འཇམ་དབྱངས། དབུ་ཚད་པ་རིན་ཆེན་བཟང་པོ་དང་། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས། མཆིམས་འཇམ་པའི་དབྱངས་སུ་གྲགས་པ་སོགས་བྱུང་ངོ་། །རྣམ་ཐར་ལས་ཁོང་གི་གསུང་འབུམ་གླེགས་བམ་བཅུ་དྲུག་ལ་ཆོས་ཚན་སུམ་བརྒྱ་བཅུ་ཙམ་ཡོད་པ་རྣམས་མཁན་པོ་འདུལ་བ་འཛིན་པས་བཞེངས་ཏེ་སྣར་ཐང་གི་གཟིམས་ཁང་དུ་བཞུགས་པར་བཤད་པ་དང་། གཞན་ཡང་ཕྱོགས་སོ་སོ་ནས་བཞེངས་པའང་ཡོད་པར་བཤད། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི་བཀའ་གདམས་པའི་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་ནང་དུ་འཚོལ་བསྡུ་ཐུབ་པ་ཆོས་ཚན་བདུན་ཅུ་དོན་ལྔ་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་བཞུགས་པར་བཤད། གཞན་བཅོམ་ལྡན་པ་ཉིད་ཀྱིས་བདེ་བར་གཤེགས་པའི་བཀའ་རྣམས་ཀྱི་བམ་ཚད་དང་འགྱུར་བྱང་སོགས་ལའང་ངེས་ངེས་མཛད། བསྟན་བཅོས་རྣམས་ཀྱང་སོ་སོར་ཕྱེ་ནས་ཚན་ཚན་དུ་བསྡུ་བའི་བསྟན་བཅོས་[བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་]ཅེས་པ་མཛད་པ་དང་། མཆིམས་འཇམ་པའི་དབྱངས་ཀྱིས་ཡོ་བྱད་དང་མཐུན་རྐྱེན་སྦྱར་བ་ལས་བཀའ་འགྱུར་བསྟན་འགྱུར་གྱི་ཕྱི་མོ་བཙལ་ཏེ་བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་བཞེངས་ཏེ་སྣང་ཐང་བཀའ་འགྱུར་དང་སྣར་ཐང་བསྟན་འགྱུར་ཞེས་བཀའ་བསྟན་ཕྱོགས་བསྡུས་ཀྱི་པར་གཞི་ཐོག་མ་བྱུང་བ་ཡིན་ལ། ཕྱིས་བོད་ཁམས་ཡོངས་སུ་མང་དུ་མཆེད་པ་ཡིན་ནོ། །ཡིན་ནའང་འདིའི་སྐོར་བཅོམ་ལྡན་པའི་རྣམ་ཐར་དད་པའི་ལྗོན་ཤིང་ཞེས་པ་དེར་ཟུར་ཙམ་ཡང་མི་སྣང་ངོ་། །མཚན་གྱི་རྣམ་གྲངས་ལ། བཅོམ་ལྡན་རིག་པའི་རལ་གྲི། རིག་པའི་རལ་གྲི། རིགས་པའི་རལ་གྲི། བཅོམ་ལྡན་པ། དར་མ་རྒྱལ་མཚན། [གོང་འཁོད་དམ་པ་འདི་གསུམ་གྱི་ངོ་སྤྲོད་ཅུང་རྒྱས་པ་དྲ་ངོས་ཀྱི་ཚོམས་སྡེ་ཚན་དུ་བཀོད་ཡོད་པས་དེར་གཟིགས་པར་ཞུ།]
   སྐབས་དོན་གླེང་བར་བྱ་བ་མཆིམས་འཇམ་པའི་དབྱངས་སུ་གྲགས་པ་ནི། དེབ་སྔོན་སོགས་སུ་གསལ་བ་ལྟར་ཁོང་ཐོག་མར་བཅོམ་ལྡན་རིག་པའི་རལ་གྲིའི་ཞབས་ལ་གཏུགས་ཏེ། མདོ་སྔགས་ཀྱི་ཟབ་ཆོས་མང་པོ་གསན་བཞེས་གནང་བཞིན་པའི་སྐབས་ཤིག་ཏུ་རང་གི་གྱོན་པ་ཕྱིར་སློག་སྟེ་གྱོན་ནས་འདྲེ་བརྫུ་བྱས་ཏེ། སློབ་དཔོན་ལ་འཇིགས་སྣང་བསྐུལ་བས་བཅོམ་ལྡན་པ་ཤིན་ཏུ་བྲེད་དེ་ཐུགས་མི་བདེ་བ་ལ། བདག་ཡིན་ཐུགས་མི་བདེ་བ་མི་འཚལ་ཞེས་ཞུས་པས། ཤིན་ཏུ་བཀའ་བཀྱོན་ནས་དྲུང་དུ་འདུག་དབང་མ་བྱུང་བར་ཆོས་གྲལ་ནས་ཕུད་པས་ས་སྐྱར་ཕེབས་ཏེ་བཞུགས། ཕྱིས་སོག་ཡུལ་དུ་བྱོན་ཏེ་སོག་པོའི་གོང་མ་བྷུ་ཡན་ཐུའི་དབུའི་མཆོད་གནས་སུ་བཞུགས། པཀྵིའི་མཚན་གནས་ཕུལ། [པཀྵི་ནི་སྐབས་དེར་སོག་རྒྱལ་ཚོས་བོད་ཀྱི་བླ་ཆེན་ཚོར་ཕུལ་བའི་གོ་ཐོབ་ཅིག་དང་དགེ་རྒན་དང་སློབ་དཔོན་གྱི་དོན་ཏེ། དེང་སང་ཡང་དགེ་རྒན་ལ་སོག་སྐད་དུ་དེ་ལྟར་འབོད་ཀྱི་འདུག །པག་ཤི་སོགས་ཀྱང་སྣང་།] མཛོད་འགྲེལ་མངོན་པའི་རྒྱན་ཡང་འདིའི་སྐབས་རྒྱལ་པོའི་ཕོ་བྲང་དུ་མཇུག་རྫོགས་པར་གནང་བ་མངོན་པའི་རྒྱན་གྱི་སྦྱར་བྱང་དུ་གསལ་བ་ལྟར་དང་། དེར་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་བསྡུས་པ་ཞིག་ཀྱང་བརྩམས་འདུག་པ་དང་། ཚད་མའི་ཊཱིཀྐ་དེ་སྐོར་ལ་ལས་ཆེན་པའི་ཆོས་འབྱུང་ལས། དཔལ་ཡིད་བཟང་རྩེ་པ་ཚད་མའི་ཊཱིཀྐ་འདི་རང་བཟང་གསུང་། ཞེས་ཀྱང་འབྱུང་ངོ་། །
   འདི་ཉིད་སྐུ་འཁྲུངས་པའི་ལོ་དུས་ཀྱི་སྐོར། བཅོམ་ལྡན་པའི་རྣམ་ཐར་དུ། དགུང་ལོ་སོ་དྲུག་པའི་དུས་སུ་སྣར་ཐང་དུ་སློབ་དཔོན་སྐྱི་སྟོན་གྲགས་འབུམ་སྐུ་འདས་ནས་དེའི་གདན་ས་དང་། གཞན་ཡང་ཐེག་པ་ཆེ་ཆུང་གི་སྡེ་སྣོད་དང་། རྒྱུད་སྡེ་དང་། སྒྲ་ཚད་དང་། མན་ངག་ལ་སོགས་པའི་ཆོས་ཀྱི་ཚུལ་སྣ་ཚོགས་གསལ་བར་མཛད་པར་དགོངས་ནས། མཁན་ཆེན་ཐམས་ཅད་མཁྱེན་པ་[མཆིམས་ནམ་མཁའ་གྲགས།]དང་། ཉེ་གནས་ཆེན་པོ་ཆོས་ཀྱི་བྱང་ཆུབ་ཀྱི་གསུང་དང་བུ་སློབ་རྣམས་ཀྱིས་ཞུ་བ་བསྐུར་བ་ལ། དགེ་བའི་བཤེས་གཉེན་འཇམ་སྒེག་[མཆིམས་འཇམ་པའི་དབྱངས་སུ་གྲགས་པ།]དང་། དགེ་བཤེས་འབུམ་མེ་དང་། འབྲི་སྒང་པ་གཞོན་རྡོར་རྣམས་ཀྱིས་སྤྱན་དྲངས། ཞེས་འབྱུང་བ་ལྟར་མཆིམས་ཆེན་མོའི་བཀའ་མངགས་བཞིན་བཅོམ་ལྡན་པ་གདན་འདྲེན་ཞུ་མཁན་གཙོ་གྲས་སུ་མཆིམས་འཇམ་པའི་དབྱངས་[བརྗོད་བདེ་ཆེད་མཚན་ཟུར་ལ་མཆིམས་སྦྱར་ཡོད།]འདུག་ཅིང་། སྐབས་དེར་བཅོམ་ལྡན་པ་དགུང་གྲངས་སོ་དྲུག་དང་ཕྱི་ལོ་༡༢༦༢ལོ་ཡིན་པ་དང་། བླ་མ་བཅོམ་ལྡན་པར་འཇིགས་སྐུལ་བྱེད་སྟངས་ལ་བརྟགས་ན་མ་མཐའ་དགུང་གྲངས་ཉི་ཤུའི་ནང་ངམ་ཉི་ཤུའི་འོག་ཏུ་ཡོད་ངེས་སྙམ། གཞན་མཁས་པ་འདི་མཆོད་གནས་སུ་བཀུར་མཁན་གྱི་སོག་པོའི་གོང་མ་བྷུ་ཡན་ཐུ་སྲིད་ཁྲིར་འཁོད་དུས་ནི་ཕྱི་ལོ་༡༣༡༢ [དུང་དཀར་ཚིག་མཛོད་སོགས་སུ། ལྕགས་ཕག ༡༣༡༡ ཞེས་འབྱུང་།] ཡིན་པ་དང་། འདི་སྲིད་ཁྲིར་ལོ་དགུ་ལས་བཞུགས་མི་འདུག་ལ། མཆིམས་འཇམ་པའི་དབྱངས་ལ་པཀྵིའི་མཚན་གནས་ཀྱང་སྲིད་ལོ་དགུའི་ནང་དུ་ཕུལ་བར་ངེས་པས། གོང་དུ་བཅོམ་ལྡན་པ་སྣར་ཐང་དུ་གདན་འདྲེན་སྐབས་འཇམ་སྒེག་དགུང་གྲངས་ཉི་ཤུའི་ནང་དུ་ཡོད་པར་ཆ་བཞག་ན་པཀྵིའི་མཚན་གནས་བཞེས་སྐབས་མཆིམས་འཇམ་པའི་དབྱངས་དགུང་གྲངས་བདུན་ཅུའི་ནང་དུ་ཡོད་པ་དང་། འཁྲུངས་དུས་ཀྱང་དུས་རབས་བཅུ་གསུམ་པའི་ལོ་རབས་བཞི་བཅུའི་ནང་དུ་ཡིན་པར་ཚོད་ཐིག་ཅིང་། སྐུ་འདས་སའང་སོག་ཡུལ་མིན་ནམ་སྙམ་མོ། །
   འདི་ཉིད་སོག་ཡུལ་དུ་ཕེབས་པའི་སྐོར། དེབ་སྔོན་དུ། ས་སྐྱར་བཞུགས་པས་ཧོར་གྱིས་གདན་དྲངས་ནས་བྷཱུ་ཡན་དུ་རྒྱལ་པོའི་མཆོད་གནས་མཛད། དེར་ཚད་མ་རྣམ་འགྲེལ་གྱི་ཊཱིཀ་བསྡུས་པ་དང་བཅས་པ་བརྩམས། གསེར་ཡིག་པ་རྣམས་ལ་བཅོམ་ལྡན་པའི་དྲུང་དུ་འབུལ་བར་ཅི་ཐེངས་བྱས་ཀྱང་མཉེས་པ་ཙམ་མ་བྱུང་། མཐར་སྣག་ཚ་སྒམ་ཆུང་གང་བསྐུར་བས་ཤིན་ཏུ་མཉེས། ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ས་སྐྱར་བཞུགས། ཕྱིས་ཧོར་རྒྱལ་པོ་བུ་ཡན་དུའི་བླ་མ་མཛད། འབུལ་བ་ཅི་བསྐུར་ཡང་མ་མཉེས་པ་ལ་ཕྱིས་རྒྱ་སྣག་སྒམ་གང་ཤོག་བུ་སྨྱུ་གུ་སོགས་ཕུལ་བས་མཉེས་ཏེ་ངའི་བུ་དེ་ལ་ཤེས་རབ་ཡོད་གསུངས་སྐད། སོགས་དང་གཞན་ཡིག་ཆ་ཁ་ཤས་སུའང་སོག་པོའི་གོང་མ་བྷུ་ཡན་ཐུས་འཇམ་སྒེག་གདན་འདྲེན་ཞུ་བར་བཤད་པ་ལྟར་ན། རྗེས་སུ་བསྐྱར་དུ་གདན་འདྲེན་ཞུ་ན་ལས་གཞན་ཐེངས་སྔོན་མ་ཞིག་ལ་ཕེབས་ཡོད་པ་ནི། རྒྱལ་པོ་བྷུ་ཡན་ཐུ་སྲིད་ཁྲིར་འཁོད་དུས་ཕྱི་ལོ་༡༣༡༢ལོ་ཡིན་པ་དང་སྐབས་དེར་བཅོམ་ལྡན་པ་[༡༢༢༧-༡༣༠༥]འདས་ནས་ལོ་བཅུ་གཉིས་སོང་ཟིན་ཅིང་། གོང་འཁོད་ཡིག་ཆ་གཉིས་སུ་མཆིམས་འཇམ་པའི་དབྱངས་ཀྱིས་ཧོར་ཡུལ་ནས་སྣག་ཚ་སོགས་བཅོམ་ལྡན་པ་ལ་བསྐུར་བས་བཅོམ་ལྡན་པ་ཐུགས་མཉེས་པར་བཤད་པས། རྒྱལ་པོ་དེ་སྲིད་ཁྲིར་མ་འཁོད་པའི་གོང་ནས་འཇམ་སྒེག་ཧོར་ཡུལ་དུ་ཕེབས་ཡོད་པར་ཤེས་སོ། །གཞན་སོག་པོའི་མཁས་པས་མཛད་པའི་ཧོར་སོག་གི་ཆོས་འབྱུང་རྣམས་སུ་རྒྱལ་པོ་བྷུ་ཡན་ཐུའི་རིང་ལ་བཅོམ་ལྡན་རིག་རལ་གྱི་སློབ་མ་མཁས་པ་འཇམ་དབྱངས་ཧོར་ཡུལ་དུ་བྱོན་པ་ལའང་མཆོད་གནས་མཛད་ཅེས་པར་བརྟགས་ནའང་སྔོན་ནས་ཧོར་ཡུལ་དུ་ཕེབས་ཡོད་པར་གསལ་ལོ། །ཡང་ཡིག་ཆ་ཁ་ཤས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཐེངས་གཉིས་པ་ཧོར་ཡུལ་དུ་ཕེབས་སྐབས་ཁོང་ཡང་ལྷན་དུ་ཕེབས་པར་བཤད་འདུག་ནའང་། མཁས་པ་འདིའི་སྐོར་ཅུང་རྒྱས་པའི་ཡིག་ཆ་དེབ་སྔོན་དང་ཆོས་འབྱུང་མཁས་པའི་དགའ་སྟོན་གཉིས་སུ། དམ་པ་འདི་འགྲོ་མགོན་འཕགས་པ་དང་ལྷན་དུ་ཕེབས་པའི་སྐོར་མི་གསལ་ལ། འགྲོ་མགོན་འཕགས་པའི་རྣམ་ཐར་དུའང་འཕགས་པ་ཐེངས་གཉིས་པར་ཧོར་ཡུལ་དུ་ཕེབས་སྐབས་དམ་པ་འདི་མཉམ་དུ་ཡོད་པ་གསལ་པོ་ཞིག་མི་སྣང་མོད། བཅོམ་ལྡན་པ་དགུང་ལོ་སོ་དྲུག་གི་སྐབས། ཕྱི་ལོ་༡༢༦༢ལོར་སྣར་ཐང་དུ་གདན་ཞུར་མངགས་པའི་མི་སྣའི་གྲས་སུ་མཆིམས་འཇམ་པའི་དབྱངས་ཡོད་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ། འཇམ་སྒེག་པཀྵིས་སློབ་དཔོན་ལ་འདྲེ་བརྫུ་བྱས་པས་ཆོས་བར་ནས་སྤོས་པས་ས་སྐྱར་བཞུགས། ཕྱིས་ཧོར་ཡུལ་དུ་གདན་དྲངས་ཏེ་རྒྱལ་པོ་བུ་ཡན་དུའི་བླ་མ་མཛད་སོགས་འབྱུང་བ་ལྟར། ས་སྐྱར་ཕེབས་དུས་ཕྱི་ལོ་༡༢༦༢ལོའི་རྗེས་སུ་ཡིན་ལ། འགྲོ་མགོན་འཕགས་པ་སོག་ཡུལ་[སོག་པོའི་གོང་མས་རྒྱ་ནག་ལ་དབང་བསྒྱུར་བའི་སྐབས་ཡིན་པས་འདིའི་སོག་ཡུལ་ལམ་སོག་ཡུལ་གྱི་ས་ཁྱོན་ནམ་ས་ཁོངས་ཀྱང་ཤེས་དགོས་པའི་གནད་དམ་པའོ། །]དུ་ཐེངས་གཉིས་པ་ཕེབས་སྐབས། འཕགས་པས་འཁོར་དུ་མི་ཆེན་དཔོན་ཆེན་དགེ་བཤེས་མཁས་པ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཁྲིད་དེ་ཕེབས་ཡོད་པ་ནི་རྣམ་ཐར་དུ་གསལ་ལ། མཛོད་འགྲེལ་མངོན་པའི་རྒྱན་གྱི་སྦྱར་བྱང་དུའང་། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་དབུ་བརྩམས་ནས། སའི་དབང་ཕྱུག་རྒྱལ་པོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་པར་བྱས་པའོ། །ཞེས་ས་སྐྱ་ནས་དབུ་བརྩམས་པར་གསུངས་པ་དང་། སྐབས་འདིའི་ཕོ་བྲང་ཅོང་ཏུའི་མཁར་ཞེས་པའི་ཅོང་ཏུ་ནི་ཀྲུང་ཏུ་(中都)སྟེ་སེ་ཆེན་རྒྱལ་པོ་ཕྱི་ལོ་༡༢༦༠ལོར་རྒྱལ་སར་འཁོད་རྗེས་ཏཱ་ཏུ་མཁར་སོགས་མཁར་བཞི་བརྩིགས་པ་དང་། ཀྲུང་ཏུའི་མིང་ཡང་ཏཱ་ཏུར་བསྒྱུར་བ་དང་དེང་གི་པེ་ཅིང་ཡིན་ཞིང་། ཕྱི་ལོ་༡༢༧༡ལོར་རྒྱལ་ས་ཏཱ་ཏུའི་མཁར་རམ་པེ་ཅིང་མཁར་དུ་སྤོས་པ་ཡིན་ལ། མཛོད་འགྲེལ་མངོན་པའི་རྒྱན་རྩོམ་སྐབས་ཅོང་ཏུ་རུ་འབོད་པར་བརྟགས་ཚེ། མཁར་མིང་ཏཱ་ཏུ་རུ་མ་བསྒྱུར་བའི་སྔོན་ཏེ་ཕྱི་ལོ་༡༢༧༡ལོའི་སྔོན་ལ་ཡིན་པར་གསལ་ལ། འགྲོ་མགོན་འཕགས་པས་ཀྱང་གནས་འདིར་སྒྲུབ་ཐབས་སོགས་བསྟན་བཅོས་མང་པོ་ཞིག་མཛད་པ་དང་བསྒྱུར་འདུག་ལ་སྦྱར་བྱང་དང་འགྱུར་བྱང་རྣམས་སུ་ཅོང་ཏུ་མཁར་རམ་ཅོང་ཏུའི་ཕོ་བྲང་ཞེས་གསལ་བ་དང་། འགྲོ་མགོན་འཕགས་པ་ཐེངས་གཉིས་པ་སོག་ཡུལ་དུ་ཕེབས་སྐབས་ཕྱི་ལོ་༡༢༦༧ལོ་ཡིན་པ་རྣམས་ཀྱིས་འདི་ཉིད་འགྲོ་མགོན་འཕགས་པ་དང་ལྷན་དུ་ཕེབས་ཡོད་པ་ཚོད་དཔག་ནུས་ལ། གོང་དུ་དྲངས་པ་ལྟར་༡༢༦༢ལོར་བཅོམ་ལྡན་པ་གདན་འདྲེན་སྐབས་དམ་པ་འདི་སྣར་ཐང་དུ་བཞུགས་འདུག་པ་དང་། འགྲོ་མགོན་འཕགས་པ་དགུང་ལོ་སོ་གསུམ་པ་ཕྱི་ལོ་༡༢༦༧ལོར་སོག་ཡུལ་དུ་ཕེབས་སྐབས་འདི་པ་ལྷན་དུ་ཕེབས་འདུག་ན། ས་སྐྱར་ཕེབས་སྐབས་ཀྱང་། ཕྱི་ལོ་༡༢༦༢ནས་༡༢༦༧བར་གྱི་ལོ་ལྔའི་ནང་ལ་ཡིན་ངེས་སོ། །གཞན་དམ་པ་འདི་འགྲོ་མགོན་འཕགས་པ་དང་ལྷན་དུ་ཕྱིར་བོད་དུ་ཕེབས་ཡོད་མེད་དང་། ཕྱིས་སུ་སོག་རྒྱལ་གྱིས་གདན་འདྲེན་ཞུ་བ་ཡིན་མིན་སོགས་ནི་དཔྱད་དགོས་པའོ། །གཞན་འཕགས་པ་ཧོར་ཡུལ་དུ་བྱོན་སྐབས་འདམ་དུ་ཞག་བཅུ་གཅིག་བཞུགས་སྐབས་བཀའ་གདམས་པ་ནམ་མཁའ་འབུམ་གྱིས་མཇལ་ཏེ་ཆོས་འབྲེལ་ཞུས་འདུག་པ་དང་། ནམ་མཁའ་འབུམ་གྱིས་སྐབས་དེའི་འཕགས་པའི་མཛད་པའི་ཆ་ཤས་རྣམས་རྣམ་ཐར་ཚན་པ་གཉིས་སུ་བཀོད་ཡོད་པ་ལས། གཡོན་ཕྱོགས་ཀྱི་ཁྲིའི་རྩ་ན་མངོན་པ་བས་དབུ་བྱས་ནས་དགེ་བཤེས་དང་མི་ཆེན་ཤ་སྟག་གྲལ་རིམ་བྱས་ནས་སྒོར་གྱིས་བསྐོར། ཞེས་དང་། ནམ་ཕྱེད་ཙམ་སོང་ཙ་ན་བླ་མ་རྒྱང་སྟེ་བྱོན་པས། བཀའ་གདམས་པ་ངའི་གཟིམས་གུར་འདིར་འགྲོ་བ་མིན་ནམ་གསུངས། འགྲོ་ལགས་བགྱིས། དེ་ནས་མངོན་པ་བ། སྣེའུ་ཐོག་པ་གཉིས། འདུལ་འཛིན་ཆོས་མགོན། བདག་དང་ལྔ་ལ་ཁྱེད་རྣམས་གལ་ཆེ་ཤོས་ཡིན་འདི་མ་བྱས་ན་དཔོན་སློབ་ཤ་མི་ཕེབས་པ་ཡིན་གསུངས་ནས་ཚོགས་འཁོར་རྒྱས་པ་ཅིག་མཛད། ཅེས་སྐབས་དེར་འཁོར་གྱི་གཙོ་བོའི་གྲས་སུ་མངོན་པ་བ་ཞེས་པ་ཞིག་འབྱུང་བ་དེ་ཉིད་མཁས་པ་འདི་ཡིན་ནམ་སྙམ་སྟེ། དེ་ཡང་སྐབས་ཐོག་དེར་རམ་དུས་སྐབས་དེར་སྣར་ཐང་དུ་མངོན་པའི་གཞུང་ལ་ཐོས་བསམ་ཧ་ཅང་སྨར་བའི་དུས་སྐབས་ཤིག་ཡིན་པ་དང་། རྣམ་ཐར་སོགས་སུ་འདིའི་མཚན་བརྗོད་སྐབས་མཁས་པ་འཇམ་པའི་དབྱངས་ཞེས་མཁས་པའི་མིང་གིས་བརྗོད་པ་དང་། མཁས་པའི་མཚན་ཐོགས་པའང་མངོན་པའི་གཞུང་ལ་མཁས་པའི་ཆ་ནས་ཡིན་པ་ནི་བརྩམས་ཆོས་ཀྱིས་དཔགས་ནུས་སོ། །
དཔལ་མང་དཀོན་མཆོག་རྒྱལ་མཚན་གྱི་ཆོས་འབྱུང་དུ། པོ་ཡན་ཐུ་རྒྱལ་པོ་འདིས། བཅོམ་ལྡན་རིག་པའི་རལ་གྲི་གདན་དྲངས། དེས་མཐུན་རྐྱེན་སྦྱར་ནས། སྣར་ཐང་དུ་བཀའ་འགྱུར་གྱི་ཐོག་མ་བྱུང་། ཞེས་འབྱུང་བ་ནི་ནོར་བ་སྟེ། རྒྱལ་པོ་དེ་སྲིད་ཁྲིར་འཁོད་སྐབས་བཅོམ་ལྡན་པ་འདས་ནས་ལོ་བཅུ་གཉིས་སོང་ཟིན་ཅིང་། བཅོམ་ལྡན་པའི་རྣམ་ཐར་དུའང་བཅོམ་ལྡན་པ་རྒྱ་ནག་ཏུ་ཕེབས་པའི་ལོ་རྒྱུས་མི་སྣང་ལ། སྣར་ཐང་བཀའ་འགྱུར་བཞེངས་སྐབས་མཐུན་རྐྱེན་སྦྱོར་མཁན་ནི་འཇམ་སྒེག་ཡིན་པར་ལོ་རྒྱུས་རྣམས་སུ་ཧ་ཅང་གསལ་བའི་ཕྱིར་རོ། །
   བཀའ་བསྟན་གྱི་ཕྱི་མོ་བཞེངས་པའི་སྐོར། ཡིག་ཆ་ཁ་ཤས་སུ་བཀའ་བསྟན་གྱི་ཕྱི་མོ་ཐོག་མར་བཞེངས་པའི་བཀའ་བཀོད་གནང་མཁནགཙོ་བོའམ་བསྡུས་པར་མཛད་མཁན་བཅོམ་ལྡན་རིག་རལ་ཡིན་པར་བཤད་འདུག་ནའང་། བཅོམ་ལྡན་པའི་རྣམ་ཐར་དུ་བཀའ་བསྟན་གྱི་ཕྱི་མོ་བཞེངས་པའི་སྐོར་ཟུར་ཙམ་ཡང་མི་གསལ་བ་དང་། ལས་ཆེན་གྱི་ཆོས་འབྱུང་དུ། བོད་དུ་བསྟན་འགྱུར་ཐོག་མར་བསྡུས་པ་ནི་འདི་ཉིད་ཡིན་ལ། དུས་ནི་མཁན་ཆེན་བློ་བཟང་གྲགས་པའི་སྐབས་ཡིན་ནོ། ཞེས་འབྱུང་བ་ལྟར་ཡིག་ཆ་ཁ་ཤས་སུའང་འདི་ལྟར་འབྱུང་ལ། མཆིམས་བློ་བཟང་གྲགས་པས་ཕྱི་ལོ་༡༣༣༣ནས་གདན་ས་བཟུང་བ་ཡིན་པས་སྐབས་དེར་བཅོམ་ལྡན་པ་འདས་ནས་ལོ་༢༨སོང་ཟིན་པ་ཡིན་ནོ། །སྤྱིར་བཀའ་བསྟན་གྱི་ཕྱི་མོ་ཐོག་མར་བསྡུས་པ་ནས་ཞུས་དག་སོགས་ལོ་མང་པོའི་རིང་ལ་བསྒྲུབས་པ་ཡིན་པས་བཅོམ་ལྡན་པའི་སྐབས་ནས་འགོ་བཙུགས་ཡོད་ངེས་ནའང་མཇུག་གྲུབ་དུས་ནི། མཆིམས་བློ་བཟང་གྲགས་པས་གདན་ས་བཟུང་བའི་སྐབས་ཡིན་པ་ནི། སྐབས་དེར་བཀའ་བསྟན་གྱི་ཕྱི་མོ་བཞེངས་ཏེ་འཇམ་ལྷ་ཁང་དུ་བཞུགས་སུ་གསོལ་མཁན་མཆིམས་བློ་བཟང་གྲགས་པ་ཡིན་པར་ཡིག་ཆ་ཁ་ཤས་སུ་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་བཅོམ་ལྡན་པ་ཕྱི་ལོ་༡༣༠༥ལ་འདས་པ་དང་། མཆིམས་བློ་བཟང་གྲགས་པས་ཕྱི་ལོ་༡༣༣༣ ནས་གདན་ས་བཟུང་བ་ཡིན་པས་མ་མཐའ་ལོ་སུམ་ཅུ་ལྷག་ལ་བཀའ་བསྟན་གྱི་ཕྱི་མོ་གསར་བཞེངས་གནང་ཡོད་པར་ཤེས་སོ། །དེབ་སྔོན་དུ། བཅོམ་རལ་གྱིས་བདེ་བར་གཤེགས་པའི་བཀའ་རྣམས་ཀྱི་བམ་ཚད་དང་འགྱུར་བྱང་སོགས་ལའང་ངེས་ངེས་མཛད། བསྟན་བཅོས་རྣམས་ཀྱང་སོ་སོར་ཕྱེ་ནས་ཚན་ཚན་དུ་བསྡུ་བའི་བསྟན་བཅོས་བསྟན་པ་རྒྱས་པ་བྱ་བའང་མཛད། དེ་རྟིང་བཙུན་པ་འཇམ་དབྱངས་ཀྱིས་ཡོ་བྱད་ཚན་ཆེན་པོ་བསྐུར། དབུས་པ་བློ་གསལ་ལ་སོགས་པ་ལ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བཞེངས་ལ་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པར་གྱིས་ཤིག་ཅེས་ལན་བསྐུར་བ་བཞིན། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་གསུམ་གྱིས་འབད་པ་ཆེན་པོས་བཀའ་འགྱུར་བསྟན་འགྱུར་གྱི་ཕྱི་མོ་བཙལ་ཞིང་ལེགས་པར་བཞེངས་ནས། འཇམ་ལྷ་ཁང་ཞེས་པའི་གཙུག་ལག་ཁང་དུ་བཞུགས་པ་ལས། གཞན་དུ་ཡང་མང་དུ་མཆེད། ཅེས་ལོ་རྒྱུས་དང་ཆོས་འབྱུང་རྣམས་སུ་ཁ་གཅིག་མཐུན་དུ་འབྱུང་བ་ལྟར། དམ་པ་འདིས་རང་གི་བླ་མ་བཅོམ་ལྡན་རིག་རལ་ལ་འགྱོད་བཤགས་ཀྱི་ཆེད་དུ་སོག་ཡུལ་ནས་གསེར་དངུལ་དང་དར་སོགས་ཡོ་བྱད་ཚན་ཆེན་བསྐུར་ནའང་ཐུགས་མཉེས་པ་ཙམ་ཡང་མ་བྱུང་བ་ལ། མཐར་སྣག་ཚ་སྒམ་ཆུང་གང་དང་ཤོག་བུ། སྨྱུ་གུ་བཅས་བསྐུར་བས་ཐུགས་མཉེས་པ་དང་། བཅོམ་ལྡན་པས་བཀའ་བསྟན་གྱི་བམ་ཚད་དང་། སྡེ་ཚན་དབྱེ་བ། གྲངས་དང་། བམ་ཚད། འགྱུར་བྱང་སོགས་ངེས་ངེས་མཛད་ཅིང་། མདོ་རྒྱུད་སོགས་མ་འདྲེས་པར་གསལ་བར་བྱེད་པའི་བསྟན་བཅོས་[བསྟན་པ་རྒྱས་པའི་རྒྱན་གྱི་ཉི་འོད་]སོགས་པ་མཛད་པ་དང་། ཕྱིས་སུ་དམ་པ་འདིས་བསྐྱར་དུ་སོག་ཡུལ་ནས་བོད་དུ་ཡོ་བྱད་ཚན་ཆེན་པོ་བསྐུར་ཏེ། ཉིད་ཀྱི་སློབ་མ་དབུས་པ་བློ་གསལ་སོགས་ལ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བཞེངས་ལ་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པར་གྱིས་ཤིག་ཅེས་ལན་བསྐུར་བ་བཞིན། དབུས་པ་བློ་གསལ་དང་། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་གསུམ་གྱིས་འབད་པ་ཆེན་པོས་ལོ་མང་པོའི་རིང་ལ་དབུས་གཙང་མངའ་རིས་སོགས་སུ་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་འཚོལ་བསྡུ་གནང་ཐོག །བཅོམ་ལྡན་རིག་རལ་གྱི་བསྟན་པ་རྒྱས་པའི་རྒྱན་གྱི་ཉི་འོད་གཞིར་བཟུང་སྟེ་སྡེ་ཚན་དབྱེ་བ་དང་། བམ་ཚད་དང་འགྱུར་བྱང་སོགས་ངེས་པར་མཛད་པ། ཞུས་དག་དང་གོ་རིམ་སྒྲིག་པ་བཅས་སྐུ་ངལ་འཛེམས་མེད་ཀྱིས་བཀའ་བསྟན་འགྱུར་གྱི་ཕྱི་མོ་ཆ་ཚང་ཞིག་ལེགས་པར་བཞེངས་ཏེ་སྣར་ཐང་དུ་འཇོག་གནང་མཛད་པ་ལས་སྣར་ཐང་བཀའ་འགྱུར་དང་། སྣར་ཐང་བསྟན་འགྱུར་ཞེས་བོད་གངས་ཅན་ལྗོངས་སུ་བཀའ་བསྟན་གྱི་ཕྱི་མོ་ཐོག་མ་དེ་བྱུང་བ་ཡིན་ལ། འདི་ཡང་མཁས་པ་འཇམ་པའི་དབྱངས་ཀྱི་མཐུ་དང་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །
   འདིའི་མཚན་གྱི་སྐོར། ཡོངས་གྲགས་སུ་མཆིམས་འཇམ་པའི་དབྱངས་ཞེས་པ་ལྟར་ན་གདུང་རུས་མཆིམས་ཡིན་པ་འདྲ་ནའང་། བཅོམ་ལྡན་རིག་པའི་རལ་གྲིའི་རྣམ་ཐར་དད་པའི་ལྗོན་ཤིང་ལས། གོང་དུ་དྲངས་པ་ལྟར། དགེ་བའི་བཤེས་གཉེན་འཇམ་རྒག་[སྒེག]དང་། དགེ་བཤེས་འབུམ་མེ་དང་། འབྲེ་སྒང་པ་གཞོན་རྡོར་རྣམས་ཀྱིས་སྤྱན་དྲངས། ཞེས་དང་།[འཇམ་སྒེག་ནི་མཛོད་འགྲེལ་མངོན་པའི་རྒྱན་མཛད་པོ་མཁས་པ་འཇམ་པའི་དབྱངས་ཀྱི་མཚན་གྱི་རྣམ་གྲངས་ཡིན་ལ། མཛོད་ཀྱི་ཡིག་ཆ་ཁ་ཤས་སུ་མཛོད་འགྲེལ་མངོན་རྒྱན་ལུང་འདྲེན་གནང་སྐབས། འཇམ་སྒེག་ཟེར་རོ་སོགས་ཀྱིས་དྲངས་འདུག་གོ །དཔེར་ན། རྗེ་ཀརྨ་མི་བསྐྱོད་རྡོ་རྗེའི་མཛོད་ཀྱི་འགྲེལ་ཆེན་གྲུབ་བདེའི་དཔྱིད་འཇོར། འཇམ་སྒེག་ན་རེ། འཆི་བ་མེད་པའི་མྱང་འདས་དང་སེམས་རྣམ་གྲོལ་ཟག་མེད་ཀྱི་ཡེ་ཤེས་ཏེ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཡིན་པར་མངོན་ནོ་ཞེས་ཟེར་རོ། །སོགས་མང་དུ་འབྱུང་ངོ་། །] དབུས་པ་བློ་གསལ་གྱི་གྲུབ་མཐའ་རྣམ་པར་བཤད་པའི་མཛོད་ལས། རིག་པ་དང་གྲོལ་བའི་སྤོབས་པ་བླ་ན་མེད་པ་བརྙེས་པ་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ལས་གཞུང་འདི་རྩོམ་པའི་བློ་སྐྱེས་སོ། །ཞེས་དང་། ཡང་དེར། སྨྲ་བ་ངན་པའི་མུན་པ་མ་ལུས་པ་སེལ་བར་མཛད་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་ཅིང་། ཞེས་དང་། དེབ་སྔོན་ལས། མཁས་པ་ཆེན་པོ་འཇམ་པའི་དབྱངས་ཀྱང་ཁོང་[བཅོམ་རལ་]གི་སློབ་མ་ཡིན། ཞེས་དང་། མཁས་པ་ཆེན་པོ་དབུས་པ་བློ་གསལ་ཞེས་གྲགས་པ་དེ་ཡང་། བཅོམ་རལ་དང་བཙུན་པ་འཇམ་དབྱངས་གཉིས་ཀའི་སློབ་མ་ཡིན། ཞེས་དང་། ལས་ཆེན་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ལས། [སྣར་ཐང་དུ།]རྩོམ་པ་མང་དུ་མཛད་པས་བཤད་སྒྲུབ་ཀྱི་སྒོ་བྱེ་བར་གྱུར་ཏེ། བཅོམ་ལྡན་རིག་པའི་རལ་གྲི། འཇམ་སྒེག་པག་ཤི །དབུས་པ་བློ་གསལ། སྟག་སྟོན་གཞོན་ནུ་དཔལ་ལ་སོགས་པའི་གནས་མཐའ་དག་ལ་མཁས་ཤིང་། ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། [རིག་རལ་གྱི་]འཇམ་སྒེག་པག་ཤི་སློབ་མའི་མཆོག་ཡིན་ཡང་། ཞེས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས། [བཅོམ་ལྡན་པའི་]སློབ་མའི་མཆོག །དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། བཙུན་པ་འཇམ་སྒེག་གམ་འཇམ་ཉེག་སོགས་མང་དུ་བྱོན། ཞེས་དང་། མཛོད་འགྲེལ་མངོན་པའི་རྒྱན་གྱི་མཇུག་ཏུའང་། འཇམ་དབྱངས་ཞེས་བྱས་སངས་རྒྱས་བསྟན་ལ་མོས་པ་ལྷུར་བྱས་རྣམ་བཤད་འདི་ནི་བྱས་པ་ཡིན། །ཞེས་དང་། མང་དུ་ཐོས་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས། ཞེས་སོགས་ལྟར་རྣམ་ཐར་སོགས་སུ་མཚན་ལ། དགེ་བའི་བཤེས་གཉེན་འཇམ་སྒེག་དང་། འཇམ་པའི་དབྱངས། ཤཱཀྱའི་དགེ་སློང་འཇམ་པའི་དབྱངས། མཁས་པ་ཆེན་པོ་འཇམ་པའི་དབྱངས། བཙུན་པ་འཇམ་དབྱངས། འཇམ་སྒེག་པག་ཤི །བཙུན་པ་འཇམ་སྒེག་གམ་འཇམ་ཉེག །ཞེས་སོགས་འབྱུང་བ་ལས་མཚན་ཟུར་དུ་མཆིམས་སྦྱར་བ་ཞིག་མེད་པ་དང་། མཆིམས་ཀྱི་གདུང་རྒྱུད་དུ་མཁས་པ་མང་དག་ཅིག་བྱོན་ཡོད་པ་དག་ནི། རྗེ་ཀརྨ་མི་བསྐྱོད་རྡོ་རྗེའི་[མཛོད་ཀྱི་འགྲེལ་ཆེན་གྲུབ་བདེའི་དཔྱིད་འཇོ།]མཛོད་འགྲེལ་དུ་མཛོད་ཀྱི་བརྒྱུད་རིམ་སྐབས། སློབ་དཔོན་དབྱིག་གཉེན་ནས། ་་་་ རྔོག་ལོ། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེ །མཆིམས་དོན་རྒྱལ། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། མཆིམས་བློ་བཟང་གྲགས། ཞེས་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསན་ཡིག་ལས། མཆིམས་ཞང་བཙུན། མཆིམས་ལྷ་རྗེ་གོ་ཆ།[མངོན་པ་སྡེ་བདུན་བསྡུས་པའི་ཁུངས་སྟོན་པའི་ཚིག་དེ། མཛོད་འགྲེལ་རྒྱལ་སྲས་མར་ལྷུག་པར་ཡོད་པ་འདིས་སྡོམ་དུ་བསྡུས་པར། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་མཛོད་སྤྱི་དོན་དུ་འབྱུང་བ་ལྟར་རོ། ། ] མཆིམས་བརྩོན་འགྲུས་སེང་གེ །མཆིམས་དོན་གྲུབ་རྒྱལ་མཚན། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། ཞེས་སོགས་འབྱུང་བ་ལྟར་ཚང་མའི་མཚན་འགོར་མཆིམས་སྦྱར་ཡོད་ལ། མཛོད་འགྲེལ་མངོན་པའི་རྒྱན་མཛད་པ་པོ་མཆིམས་ཀྱི་གདུང་རྒྱུད་ལས་བྱུང་ཡོད་ཚེ་རྣམ་ཐར་དང་ཆོས་འབྱུང་སྔ་མ་སོགས་སུ་མཚན་ཟུར་དུ་མཆིམས་སྦྱར་ཡོད་ངེས་ནའང་མཆིམས་སྦྱར་བ་གཅིག་ཀྱང་མི་སྣང་ཞིང་། ད་ལྟ་ཡོངས་གྲགས་སུ་མཆིམས་འཇམ་པའི་དབྱངས་ཞེས་མཚན་ཟུར་དུ་མཆིམས་སྦྱར་བའང་དམ་པ་འདི་མཆིམས་ནམ་མཁའ་གྲགས་དང་མཆིམས་བློ་བཟང་གྲགས་པ་ཡིན་ཤག་གིས་འཁྲུལ་གཞི་བྱས་ཏེ་མཚན་ཟུར་དུ་མཆིམས་སྦྱར་བ་ཞིག་ལས་འདིའི་གདུང་རུས་མཆིམས་ཡིན་པ་ལ་ཡིད་རྟོན་ཕེར་བའི་ཁུངས་ལུང་གང་ཡང་མི་འདུག་ན་མཚན་ཟུར་དུ་མཆིམས་སྦྱར་བ་དེ་ཡང་མ་དག་ལོག་འབྱམས་སུ་སོང་བ་ཞིག་གོ་སྙམ་མོ། །

དམ་པ་འདིའི་མཚན་ཟུར་དུ་མཆིམས་སྦྱར་བ་ནི། གུང་ཐང་བསྟན་པའི་སྒྲོན་མེའི་མཛོད་སྡོམ་དུ། གཟུགས་མེད་ཕུང་པོ་བཞི་པར་མཆིམས། །གསུངས་ཀྱང་དེ་ནའང་ཟག་མེད་སྡོམ། །ལྡན་ཡང་ས་དེས་བསྡུས་མིན་ལ། །ཟག་མེད་གང་དུ་སྐྱེས་པའི་ཡིན། །གསུངས་པའི་སྟེང་ནས་འདི་ལ་དཔྱད། །ཅེས་མཆིམས་སྦྱར་བའི་ལུང་འདྲེན་མང་དུ་འབྱུང་བ་དང་། དུས་རབས་བཅོ་བརྒྱད་པའི་སྨད་ཆར་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་པའི་སྐབས་བཞེངས་པའི་ཤིང་པར་པར་བྱང་རྒྱལ་མཁན་པོ་ཉིད་ཀྱིས་མཛད་པ་ལས། ཆོས་མངོན་རྒྱ་མཚོའི་མངའ་བདག་མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་འགྲེལ་ཞེས་འབྱུང་བ་དང་། དུས་རབས་བཅུ་དགུའི་རྗེས་ཀྱི་སོག་པོའི་དགེ་བཤེས་ཚོས་མཛད་པའི་སོག་པོའི་ཆོས་འབྱུང་རེ་ཟུང་དུ། མཆིམས་འཇམ་པའི་དབྱངས་སམ་འཇམ་སྒེག་པཀྵི་ཞེས་འབྱུང་བ་དང་། ༧ གོང་ས་བཅུ་གསུམ་པའི་སྐབས་ཕྱི་ལོ་༡༨༩༣ལོར་བཞེངས་པའི་ཤིང་པར་གྱི་པར་བྱང་༧རྒྱལ་དབང་ཉིད་ཀྱིས་མཛད་པ་དེར། མཆིམས་ཀྱི་རིགས་འཁྲུངས་འཇམ་པའི་དབྱངས་ཞེས་སྙན་པ་ཕྱོགས་ཁྱབ་ཅན། །ཞེས་མཆིམས་ཀྱི་རིགས་ལས་འཁྲུངས་པར་བཤད་པ་རྣམས་ལས་མཆིམས་སྦྱར་བ་སྔ་ཤོས་ད་སྔ་མཐོང་བ་ནི་ལུང་སྔ་མ་གཉིས་ཡིན་ལ། ཕྱི་མ་དག་གིས་དེ་ཉིད་ལ་ཁུངས་གཏུགས་ནས་དམ་པ་འདིའི་མཚན་ཟུར་དུ་མཆིམས་སྦྱར་བ་ཡིན་ནམ་སྙམ་སྟེ་མ་དག་པར་གོང་དུ་བཤད་ཟིན་པ་ལྟར་རོ། །

    གཞན་ཡང་མཚན་གྱི་འབྲི་ཚུལ་ལ། འཇམ་སྒེག་པག་ཤི །འཇམ་གག་པཀྵི། འཇམ་གེག །འཇམ་གག་པཀྵི། འཇམ་དགག་པཀྴི། བཙུན་པ་འཇམ་སྒེག་གམ་འཇམ་ཉེག་སོགས་ཀྱང་འབྱུང་མོད། འདི་དག་ལས་འཇམ་གག་སོགས་ཁ་ཤས་ནི་ཡིག་ནོར་ཡིན་པ་འདྲ་ཞིང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་སུ། ཀུན་མཁྱེན་དོལ་བུ་ཤེས་རབ་རྒྱལ་མཚན་གྱི་སློབ་མ་གཙོ་བོའི་གྲས་སུ་འཇམ་སྔོན་འཇམ་སྒེག །སྣར་ཐང་པ་མཆིམས་བློ་བཟང་གྲགས་པ་ཞེས་འཇམ་སྔོན་ནམ་འཇམ་སྒེག་ཞེས་པ་ཞིག་འབྱུང་བ་ནི་མཁས་པ་འཇམ་པའི་དབྱངས་མིན་པར་ངེས་ཏེ། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས། སློབ་དཔོན་གྲགས་པ་གཞོན་ནུ་བྱ་བ་འཇམ་དབྱངས་སྔོན་པོར་གྲགས་པ། ཞེས་འཇམ་སྔོན་དུ་གྲགས་པའི་མཚན་དངོས་ལ་གྲགས་པ་གཞོན་ནུ་ཞེས་པས་ཤེས་ལ། ལོ་དུས་ཀྱི་ཆ་ནས་ཀྱང་ཀུན་མཁྱེན་དོལ་བུ་པ་དགུང་ལོ་བཅུ་གསུམ་མམ་བཅུ་དྲུག་གི་སྐབས་སྐྱི་སྟོན་འཇམ་དབྱངས་གྲགས་པ་ལས་རྡོ་རྗེ་ཕྲེང་བ་སོགས་གསན་འདུག་པ་དང་། ཕྱི་ལོ་༡༣༠༥འམ་༡༣༠༨བར་ནས་ཡིན་པ་དང་། སྐྱི་སྟོན་འཇམ་དབྱངས་གྲགས་པ་ནི་སྐྱི་སྟོན་ཤཱཀྱ་འབུམ་གྱི་ཚ་བོ་དང་། བཅོམ་ལྡན་པའི་རྣམ་ཐར་དུ། གཅོད་ཀྱི་གདམས་པ་ནམ་མཁའ་གོ་འབྱེད་ཅེས་བྱ་བ་ལབ་ཀྱི་སྒྲོན་མའི་ཟབ་མོའི་གནད་བཅོམ་ལྡན་རལ་གྲིས་བཀོད། སྐྱི་སྟོན་གྲགས་པ་རྒྱལ་མཚན་[སྐྱི་སྟོན་འཇམ་དབང་གྲགས་པའམ་སྐྱི་སྟོན་འཇམ་དབྱངས་གྲགས་རྒྱལ་ལམ་གྲགས་པ་རྒྱལ་མཚན་ནི་འདིའི་མཚན་གྱི་རྣམ་གྲངས་ཡིན།]ལ་གནང་། ཞེས་འབྱུང་བ་ལྟར། འདི་དང་སྐྱི་སྟོན་ཤཱཀྱ་འབུམ་དང་མཁས་པ་འཇམ་པའི་དབྱངས་གསུམ་ག་བཅོམ་ལྡན་པའི་སློབ་མ་ཡིན་ཞིང་། མཁས་པ་འཇམ་པའི་དབྱངས་ཀྱིས་ཀུན་མཁྱེན་ལ་ཆོས་འབྲེལ་གསན་ཡོད་ཚེ་དེ་རྗེས་ནས་ཡིན་དགོས་པས་ལོ་དུས་དང་གནས་བབས་ཀྱི་ཆ་ནས་ཀྱང་མི་འགྲིག་གོ །
   མཆིམས་ནམ་མཁའ་གྲགས་དང་འདི་གཉིས་གང་ཟག་གཅིག་མིན་པ་ནི། གོང་དུ་བརྗོད་པ་ལྟར་འདི་ཉིད་སོག་པོའི་གོང་མ་བྷུ་ཡན་ཐུས་མཆོད་གནས་སུ་བཀུར་དུས་ནི་ཕྱི་ལོ་༡༣༡༢ལོའི་རྗེས་སུ་ཡིན་པས་འདིའི་སྐབས་མཆིམས་ནམ་མཁའ་གྲགས་གཤེགས་ནས་ལོ་ཉེར་བདུན་ཕྱིན་འདུག་གོ །མཛོད་འགྲེལ་མངོན་པའི་རྒྱན་གྱི་སྦྱར་བྱང་དུའང་། གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་[ལས་ཆེན་ཀུན་དགའི་ཆོས་འབྱུང་གསལ་བའི་སྒྲོན་མེ་ལས། སྣར་ཐང་པའི་བླ་མ་རྣམས་ཀྱང་ཚོགས་སུ་གནས་བརྟན་སྤྱན་དྲངས་པ་ཙམ་ལས་མི་མཛད་དེ། ཐུགས་གཙིགས་ཤིན་ཏུ་ཆེན་པོས་ལྐོག་ཏུ་གསོལ་བ་འདེབས་པར་མཛད་པས། འགྲོ་བའི་གསོས་སྨན་དུ་གྱུར་ཏོ། །འདི་དག་ནི་གནས་བརྟན་ཆེན་པོའི་རྣམ་འཕྲུལ་མཆིམས་ཐམས་ཅད་མཁྱེན་པའི་གསུང་ལས་བྱུང་བ་ལྟར་བྲིས་པའོ། །ཞེས་འབྱུང་བ་ལྟར་འདི་ཉིད་གནས་བརྟན་བཅུ་དྲུག་གི་ཡ་གྱལ་དུ་གྲགས་པས་གནས་བརྟན་ཞེས་བརྗོད་པ་ཡིན། ]མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་རྡུལ་རྙོག་པ་མེད་པ་སྤྱི་བོས་ལེན་པ་ཞེས་པའི་མཆིམས་ཐམས་ཅད་མཁྱེན་པ་ནི་མཆིམས་ནམ་མཁའ་གྲགས་ཡིན་པ་དང་། འཇམ་སྒེག་གམ་མཁས་པ་འཇམ་པའི་དབྱངས་ནི་བཅོམ་ལྡན་རིག་རལ་གྱི་སློབ་མ་ཡིན་ཞིང་། མཆིམས་ནམ་མཁའ་གྲགས་ནི་བཅོམ་ལྡན་རིག་རལ་གྱི་བླ་མ་ཡིན་པ་ནི། བཅོམ་ལྡན་པའི་རྣམ་ཐར་དུ། ཁོང་ཉིད་བསྙེན་པར་རྫོགས་སྐབས། དབྱར་ཉི་མ་ལ་མཁན་པོ་དང་། མཁན་ཆེན་མཆིམས་ལ་ལས་ཆོག །སྐྱོ་སྟོན་གྱིས་གསང་སྟོན་བྱས་ནས་དགའ་བ་གདོང་དུ་བསྙེན་པར་རྫོགས། ཞེས་དང་། མཁན་ཆེན་མཆིམས་ལ་འདུལ་བ་མདོ་རྩ། ་་་་་ རྗེ་བཙུན་མའི་ཆོ་ག་ཞུས། ཞེས་སོགས་འབྱུང་བ་ལྟར་མཆིམས་ནམ་མཁའ་གྲགས་ལས་ཟབ་ཆོས་གང་མང་ཞུས་འདུག་པ་དང་། བཅོམ་ལྡན་པ་དགུང་ལོ་སོ་དྲུག་གི་སྐབས་མཆིམས་ཐམས་ཅད་མཁྱེན་པའི་བཀའ་མངགས་ལྟར། མཁས་པ་འཇམ་པའི་དབྱངས་ཀྱིས་བཅོམ་ལྡན་པ་སྣར་ཐང་དུ་གདན་དྲངས་པ་གོང་དུ་བཅོམ་ལྡན་པའི་རྣམ་ཐར་དྲངས་པ་ལྟར། མཁན་ཆེན་མཆིམས་ཐམས་ཅད་མཁྱེན་པ་དང་གོང་གི་མཁན་ཆེན་མཆིམས་ནི་མཆིམས་ནམ་མཁའ་གྲགས་ཡིན་ལ། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས། འགྲོ་མགོན་འཕགས་པས་སོག་ཡུལ་ནས་བོད་དུ་ཕྱིར་ཕེབས་ཏེ་བླ་མ་ཇི་སྙེད་ཅིག་ལས་ཟབ་ཆོས་གང་མང་ཞུས་པར་བརྗོད་སྐབས། སྣར་ཐང་པའི་མཁན་པོ་མཆིམས་ནམ་མཁའ་གྲགས་དང་ཞེས་འབྱུང་བ་ལྟར། སྐབས་དེར་སྣར་ཐང་གི་གདན་ས་འཛིན་མཁན་རྣམས་ལ་མཁན་ཆེན་དང་མཁན་པོ་ཞེས་བརྗོད་མུས་ལྟར་མཆིམས་ནམ་མཁའ་གྲགས་ཀྱང་སྣར་ཐང་གི་གདན་སའི་ཁྲི་ལ་བཞུགས་ཡོད་པས་ན་མཁན་ཆེན་ཞེས་བརྗོད་པ་ཡིན་ཞིང་། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་རྣམ་ཐར་སོགས་སུའང་། གནས་ལྔ་མཁྱེན་པས་མཁན་པོ་དང་། མཆིམས་ཐམས་ཅད་མཁྱེན་པས་སློབ་དཔོན་མཛད་ནས་དགེ་ཚུལ་བསྒྲུབས། ཞེས་དང་། མཆིམས་བློ་བཟང་གྲགས་པའི་མཛོད་འགྲེལ་མཆིམས་མཛོད་ཆུང་བར་གྲགས་པ་ལས། འཇིག་རྟེན་ཀུན་ལ་ཐམས་ཅད་མཁྱེན་པར་གྲགས། །སངས་རྒྱས་མཆིམས་ལ་གུས་པས་འདིར་ཕྱག་འཚལ། ཞེས་འབྱུང་བ་ལྟར། མཆིམས་ཐམས་ཅད་མཁྱེན་པ་ནི་སྐབས་དེར་མཆིམས་ནམ་མཁའ་གྲགས་ལ་ཡོངས་གྲགས་སུ་བརྗོད་པ་ཡིན་ནོ། །བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ལས། ཆོས་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་ལ་སོགས་པའི་རྩོམ་པའང་མང་དུ་མཛད་དོ། །ཡོངས་ལ་མཆིམས་ཐམས་ཅད་མཁྱེན་པ་ཞེས་གྲགས། ཞེས་འབྱུང་ལ། བཅོམ་ལྡན་པའི་ཆོས་མངོན་རྒྱན་གྱི་མེ་ཏོག་གི་མཇུག་ཏུ་བཅོམ་ལྡན་པའི་སློབ་མ་གཞོན་ནུ་དཀོན་མཆོག་གིས་ཆོས་མངོན་པའི་བརྒྱུད་རིམ་གསུང་སྐབས། སྐྱི་སྟོན། དེས་བཅོམ་ལྡན་རལ་གྲི་ལ་གསུངས། དེས་གཞོན་ནུ་དཀོན་མཆོག་ལའོ། ཞེས་པའི་སྐབས་ཀྱི་སྐྱི་སྟོན་ནི་སྐྱི་སྟོན་གྲགས་འབུམ་ཡིན་ལ། སྐྱི་སྟོན་གྲགས་འབུམ་ནི་སྣར་ཐང་དུ་མཆིམས་ནམ་མཁའ་གྲགས་ཀྱིས་མཚན་ཉིད་ཐོག་མར་བཙུགས་ཏེ་བྱུང་བའི་མཁས་པ་ཐོག་མའི་གྲས་དང་། མཆིམས་ནམ་མཁའ་གྲགས་ཀྱི་སློབ་མ་དང་། བཅོམ་ལྡན་རིག་རལ་བསྙེན་རྫོགས་སྐབས་ཀྱི་གསང་སྟོན་སློབ་དཔོན་དང་། བླ་མ་ཡིན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཀྱི་གསན་ཡིག་ཏུའང་། རྒྱལ་སྲས་ཞི་བ་ལྷའི་བསླབ་པ་ཀུན་ལས་བཏུས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ་་་་་་ སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་སྟོན་ཤཱཀ་འབུམ། སྐྱི་སྟོན་གྲགས་པ་རྒྱལ་མཚན། དོལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ཞེས་གསན་ཡིག་གཞན་དུའང་འདི་ལྟར་འབྱུང་བ་དང་། དེབ་སྔོན་སོགས་གོང་དུ་དྲངས་པ་ལྟར་མཁས་པ་འཇམ་པའི་དབྱངས་ནི་བཅོམ་ལྡན་རིག་རལ་གྱི་སློབ་མ་ཡིན་པ་ཧ་ཅང་གསལ་ལ། མཆིམས་ནམ་མཁའ་གྲགས་ནི་བཅོམ་ལྡན་པའི་བླ་མ་ཡིན་ན་མཆིམས་ནམ་མཁའ་གྲགས་དང་མཁས་པ་འཇམ་པའི་དབྱངས་གཉིས་གང་ཟག་གཅིག་ཡིན་པར་བཤད་པ་དེ་ནི་ནོར་བའོ། །

གཞན། རྗེ་ཀརྨ་མི་བསྐྱོད་རྡོ་རྗེའི་མཛོད་ཀྱི་འགྲེལ་ཆེན་གྲུབ་བདེའི་དཔྱིད་འཇོ་རུ། གང་གི་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ་ཞེས་སྔོན་ཡང་དག་པར་བླངས་པ་དེས་ནི་ཟན་ཟོས་ནས་ཀྱང་མནོས་པར་བྱའོ་ཞེས་པ་འདི་ལ་བྱེ་སྨྲ་རང་ལུགས་ཀྱི་འགྲེལ་ཚུལ་ཞིག་དང་། མཆིམས་ཆེན་པོ་ནམ་མཁའ་གྲགས་དང་། མཁས་པའི་དབང་པོ་འཇམ་སྒེག་སོགས་ཀྱི་མདོ་སྡེ་པའི་ལུགས་སུ་སྦྱོར་བ་དང་། ཞེས་དམ་པ་དེ་གཉིས་སོ་སོ་ནས་བགྲངས་འདུག་པ་དང་། 

གཞན་ཡང་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས། དེ་ནས་དགུང་ལོ་སུམ་ཅུ་རྩ་གསུམ་པ་མེ་མོ་ཡོས་ལ། རྒྱལ་པོ་ཆེན་པོས་གདན་འདྲེན་གྱི་གསེར་ཡིག་པ་ནན་ཆེ་བས་གོང་ལ་ཕེབས། ཞེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཕྱི་ལོ་༡༢༦༧ལོར་[ཨ་ལགས་ཚེ་ཏན་གྱི་བསྟན་རྩིས་ཀུན་བཏུས་ལས། ས་སྦྲུལ་ལ་འཕགས་པ་སླར་ཡང་སོག་ཡུལ་དུ་ཕེབས།]སོག་ཡུལ་དུ་ཐེངས་གཉིས་པ་ཕེབས་སྐབས་འདི་ཉིད་ལྷན་དུ་ཡོད་པར་གོང་དུ་བཤད་ཟིན་པ་ལྟར། སྐབས་དེར་མཆིམས་ནམ་མཁའ་གྲགས་ཀྱིས་སྣར་ཐང་གི་གདན་ས་བཟུང་སྟེ་འཆད་ཉན་གྱིས་སྐྱོང་བཞིན་པའི་དུས་ཡིན་ཞིང་། ཁོང་སོག་ཡུལ་དུ་ཕེབས་པའི་ལོ་རྒྱུས་ཀྱང་རྣམ་ཐར་སོགས་སུ་མི་འབྱུང་བ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་མཆིམས་ནམ་མཁའ་གྲགས་ཆུ་མིག་ཆོས་འཁོར་གྱི་གྲལ་གཙོར་གདན་ཞུ་གནང་ཡོད་པར་མ་ཟད། གོང་དུ་དྲངས་པ་ལྟར། མཆིམས་ནམ་མཁའ་གྲགས་ལས་ཟབ་ཆོས་གང་མང་ཞུས་ཏེ་བླ་མར་བཀུར་འདུག་ན་འཕགས་པའི་ཞབས་ཕྱིར་སོག་ཡུལ་དུ་ཕེབས་མི་སྲིད་དོ། །འདི་དག་གིས་མཆིམས་ནམ་མཁའ་གྲགས་དང་མཁས་པ་འཇམ་པའི་དབྱངས་གཉིས་གང་ཟག་གཅིག་ཏུ་འཁྲུལ་པ་སེལ་ནུས་སོ། །

   མཆིམས་བློ་བཟང་གྲགས་པ་དང་གང་ཟག་གཅིག་མིན་པ་ནི། བཅོམ་ལྡན་པ་དགུང་ལོ་སོ་དྲུག་ཕྱི་ལོ་༡༢༦༢ལོར་སྣར་ཐང་དུ་གདན་འདྲེན་ཞུ་མཁན་གྱི་གྲས་སུ་མཁས་པ་འཇམ་པའི་དབྱངས་ཡོད་པ་གོང་དུ་བརྗོད་ཟིན་པ་ལྟར་དང་། འགྲོ་མགོན་འཕགས་པ་དགུང་ལོ་སོ་གསུམ་པ་སོག་ཡུལ་དུ་ཐེངས་གཉིས་པ་ཕེབས་དུས་ཕྱི་ལོ་༡༢༦༧ལོ་ཡིན་པ་དང་སྐབས་དེར་མཁས་པ་འཇམ་པའི་དབྱངས་ལྷན་དུ་ཡོད་ན། མཆིམས་བློ་བཟང་གྲགས་པ་ཕྱི་ལོ་༡༢༩༩ལོར་འཁྲུངས་པ་ཡིན་པས་དེ་གཉིས་གང་ཟག་གཅིག་ཡིན་པར་བཤད་པ་དེ་ནོར་བའོ། །གཞན་མཆིམས་བློ་བཟང་གྲགས་པས་མཛད་པའི་མཛོད་འགྲེལ་གྱི་མཚན་ལ་ལེགས་བཤད་རྒྱ་མཚོ་ཞེས་དང་མཆིམས་མཛོད་ཆུང་བར་གྲགས་པ་དེ་ཡིན་ལ། མཁས་པ་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་གྱི་མཚན་ལ་མངོན་པའི་རྒྱན་ཞེས་ཡོད་ན་བརྩམས་པའི་བསྟན་བཅོས་ཀྱི་ཆ་ནས་ཀྱང་དེ་གཉིས་གང་ཟག་གཅིག་མིན་པར་གསལ་ལོ། །འདི་དག་གིས་མཁས་པ་འཇམ་པའི་དབྱངས་ཉིད་མཆིམས་ནམ་མཁའ་གྲགས་དང་མཆིམས་བློ་བཟང་གྲགས་པ་གང་རུང་དང་གང་ཟག་གཅིག་ཏུ་སྨྲ་བ་ནི་ནོར་བར་ཤེས་སོ། །

གཞན་འདིར་ཁུངས་ཧ་ཅང་གསལ་ཤོས་ཤིག་ནི། རྗེ་ཀརྨ་མི་བསྐྱོད་རྡོ་རྗེའི་མཛོད་ཀྱི་འགྲེལ་ཆེན་གྲུབ་བདེའི་དཔྱིད་འཇོ་རུ། མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་དང་མཁས་པ་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན། མཆིམས་བློ་བཟང་གྲགས་པའི་ཊཱིཀྐ་གསུམ་སོ་སོ་ནས་ལུང་བཅུ་ཕྲག་འགའ་དྲངས་འདུག་པ་དང་། དཔེ་མཚོན་གཅིག་ནི། དེར། རང་འགྲེལ་དུ། གང་ཞིག་བསླབ་པའི་གཞི་གང་སྲུང་བར་བྱེད་པ་དེ་ནི་དེའི་སྤྱོད་པ་ཞེས་གསུང་བར་ཟད་ཀྱི། ཐམས་ཅད་ཀྱང་སྡོམ་པ་ལ་གནས་པར་འདྲའོ། །ཞེས་པ་འདི་ལ་མཆིམས་གོང་འོག་འཇམ་སྒེག་ལ་སོགས་པས་ཀྱང་ཇི་ལྟ་བར་འདི་པའི་འདོད་པ་མ་གོ་བར་འདུག་པས་བཤད་ན། ཞེས་པ་འདིའི་མཆིམས་གོང་འོག་འཇམ་སྒེག་ཅེས་པས་ཀྱང་དེ་གཉིས་དང་གང་ཟག་སོ་སོ་ནས་ཡིན་པ་ཤེས་པར་མ་ཟད་འཇམ་སྒེག་མཆིམས་ཀྱི་གདུང་རུས་མིན་པའང་གསལ་བར་ཤེས་ནུས་ཏེ། འདིའི་མཆིམས་གོང་མ་ནི་མཆིམས་ནམ་མཁའ་གྲགས་དང་། མཆིམས་འོག་མ་མཆིམས་བློ་བཟང་གྲགས་པ་ཡིན་ཞིང་། འཇམ་སྒེག་མཆིམས་ཀྱི་གདུང་རྒྱུད་ལས་བྱུང་ཚེ་མཆིམས་གོང་འོག་གསུམ་གྱིས་སམ། མཆིམས་གསུམ་གྱི་ཞེས་གསུངས་ངེས་ནའང་དེ་ལྟར་མ་གསུངས་པར་འཇམ་སྒེག་མཆིམས་ཅན་ལས་ལོགས་སུ་བཀར་འདུག་པས་སོ། །

    བསྟན་བཅོས་ཅི་མཛད་ཀྱི་སྐོར། འདིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ནི་དེང་སང་བཤད་གྲྭ་རྣམས་སུ་ཐོས་བསམ་གནང་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། གཞན་སོག་ཡུལ་དུ་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་བསྡུས་པ་ཞིག་ཀྱང་བརྩམས་པར་བཤད་པ་ལས་གཞན་མ་ངེས་སོ། །

   འདིས་བླ་མ་སུ་དང་སུ་བསྟེན་པ་ནི། བཅོམ་ལྡན་རིག་རལ་གྱི་སློབ་མ་ཡིན་པ་གོང་དུ་དྲངས་པའི་ལུང་ཁུངས་རྣམས་སུ་གསལ་ཞིང་། མཆིམས་ནམ་མཁའ་གྲགས་ཀྱི་ཞབས་ལ་གཏུགས་འདུག་པ་ནི་མཛོད་འགྲེལ་མངོན་པའི་རྒྱན་གྱི་སྦྱར་བྱང་དུ། གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་སྤྱི་བོས་ལེན་པ་མང་དུ་ཐོས་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས། ཞེས་པས་ཤེས་ནུས་པ་དང་། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ནི་བཅོམ་ལྡན་པའི་བླ་མ་ཡིན་པ་དང་སྐབས་དེར་བཞུགས་ཡོད་པས་ཆོས་འབྲེལ་ཞུ་ཡོད་ངེས་ལ། མཛོད་འགྲེལ་གྱི་སྦྱར་བྱང་དུ། རྒྱལ་བའི་བསྟན་པ་ལྔ་བརྒྱ་ཕྲག་བདུན་པའི་མཐར་ཉེ་བ་ན། ཤེས་བྱ་རྣམ་པར་འབྱེད་པའི་བློ་གྲོས་མཚུངས་པ་མེད་པས་ཐུབ་པའི་བསྟན་པའི་རྒྱལ་མཚན་འཛིན་ཅིང་། ཐུགས་རྗེ་དང་འཕྲིན་ལས་ཀྱི་དཔལ་འབྱོར་བཟང་པོས་སྐྱེ་དགུ་རྣམས་སྨིན་ཅིང་གྲོལ་བར་མཛད་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་ཞེས་པའི་བླ་མ་ཆོས་ཀྱི་རྒྱལ་པོ་ནི། སྐྱོ་སྟོན་གྱི་གསན་ཡིག་ལས། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་ལས་སེམས་བསྐྱེད་ལན་གསུམ་ཐོབ། སོགས་གསན་ཡིག་དང་ཆོས་འབྱུང་རྣམ་ཐར་རྣམས་སུ་སྐབས་དེར་ཆོས་ཀྱི་རྒྱལ་པོ་དང་འཕགས་པ་ཞེས་པ་འགྲོ་མགོན་འཕགས་པའི་ཡོངས་གྲགས་ཀྱི་མཚན་ལྟ་བུར་སྤྱོད་ཀྱིན་ཡོད་པ་དང་། སྣར་ཐང་བརྒྱད་པ་སྐྱོ་སྟོན་སོགས་ཆེ་རྒུ་ཕལ་ཆེ་བས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་ལ་གཏུགས་འདུག་ན། མཁས་པ་འཇམ་པའི་དབྱངས་ས་སྐྱར་བཞུགས་པ་དང་འཕགས་པའི་ཞབས་ཕྱིར་སོག་ཡུལ་དུའང་ཕེབས་འདུག་པས་འཕགས་པ་ལ་ཆོས་འབྲེལ་གསན་ཡོད་ངེས་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན་ནམ། ཡང་ན་བསྟན་བཅོས་ཁ་ཤས་སུ་བརྗོད་པ་ལྟར་བཅོམ་ལྡན་པ་ཁོང་གི་བླ་མའི་གཙོ་བོ་ཞིག་ཡིན་པས་བཅོམ་ལྡན་རིག་རལ་ཡིན་ཀྱང་སྲིད་ན་དཔྱད་དོ། །
   འདིའི་སློབ་མའི་སྐོར་ལ། དབུས་པ་བློ་གསལ་འདིའི་སློབ་མ་ཡིན་པ་ནི་གོང་དུ་དེབ་སྔོན་སོགས་དྲངས་པ་ལྟར་དང་། དབུས་པ་བློ་གསལ་གྱི་གྲུབ་མཐའ་རྣམ་པར་བཤད་པའི་མཛོད་ལས་ཀྱང་། རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པའི་སྒྲོན་མེ་ཆེན་པོ་བརྙེས་པས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་གསལ་བ་དང་། སྨྲ་བ་ངན་པའི་མུན་པ་མ་ལུས་པ་སེལ་བར་མཛད་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་ཅིང་། ཞེས་འབྱུང་ལྟར་ཡིན་པ་དང་། གཞན་མཁས་པ་སུ་དང་སུ་བྱོན་མིན་སོགས་གསལ་པོ་ཞིག་མེད་དོ། །
བོད་ཀྱི་གཙུག་ལག་གཅེས་བཏུས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་གྱི་སྔོན་གླེང་དུ། མཆིམས་བློ་བཟང་གྲགས་པ་མཁས་པ་འདིའི་སློབ་མ་ཡིན་པར་བཤད་ནའང་། མཆིམས་བློ་བཟང་གྲགས་པའི་མཛོད་འགྲེལ་གྱི་མཆོད་བརྗོད་སོགས་སུ་མཁས་པ་འཇམ་པའི་དབྱངས་ཀྱི་མཚན་ཟུར་ཙམ་ཡང་མི་སྣང་བ་དང་། སྤྱིར་བླ་མ་ཐམས་ཅད་བསྟན་བཅོས་ཀྱི་མཆོད་བརྗོད་སོགས་སུ་འབྱུང་བའི་ངེས་པ་མེད་ནའང་། འདིར་མཛོད་ཀྱི་འགྲེལ་པ་རྩོམ་པའི་སྐབས་ཡིན་པ་དང་། མཁས་པ་འཇམ་པའི་དབྱངས་ལ་མཁས་པའི་མཚན་ཐོགས་པའང་མཛོད་ལ་མཁས་པའི་ཆ་ནས་ཡིན་པར་གོང་དུ་བཤད་ཟིན་པ་ལྟར། འདི་མཁས་པ་འཇམ་པའི་དབྱངས་ལ་ཆོས་འབྲེལ་ཡོད་ཚེ་མཛོད་ཀྱི་སྐོར་ནས་གསན་ཡོད་པར་བཤད་མི་དགོས་པས་མཆོད་བརྗོད་སོགས་སུ་མཁས་པ་འཇམ་པའི་དབྱངས་ཀྱི་མཚན་འབྱུང་ངེས་ནའང་མེད་པ་དང་། གཞན་དུས་ཚིགས་ཀྱི་ཆ་ནས་ཆོས་འབྲེལ་གསན་པའི་དུས་སྐབས་ཤིག་བྱུང་ཡོད་མེད་ཀྱང་བརྟག་དགོས་པའི་གནས་ཡིན་ན་དཔལ་ལྡན་མཆིམས་འདིའི་སློབ་མར་བཤད་པ་ལ་ཁུངས་མེད་དོ་སྙམ་མོ། །[ཡིག་ཆ་རྣམས་སུ་འདིའི་དབུས་པ་བློ་གསལ་དང་ཨར་བྱང་ཆུབ་ཡེ་ཤེས་གཉིས་གཅིག་ཏུ་འཁྲུལ་བ་སོགས་ཀྱི་སྐོར་ལ་གཞན་གྱིས་གཞན་དུ་བཤད་འདུག་པས་འདིར་སྐབས་དོན་བརླགས་དོགས་ཀྱིས་མི་སྤྲོའོ། །]

   མཛོད་འགྲེལ་མངོན་པའི་རྒྱན་གྱི་སྐོར། དེང་སང་གྲྭ་ས་དང་བཤད་གྲྭ་ཁག་ཏུ་གཞུང་འདི་ལ་མཆིམས་མཛོད་ཅེས་འབོད་པ་ནི། གོང་དུ་བརྗོད་པ་ལྟར། མཛོད་འགྲེལ་མངོན་པའི་རྒྱན་མཛད་པ་པོ་མཁས་པ་འཇམ་པའི་དབྱངས་ཉིད་མཆིམས་ནམ་མཁའ་གྲགས་དང་། མཆིམས་བློ་བཟང་གྲགས་པ་ལ་ནོར་བ་དེས་མཁས་པ་འཇམ་པའི་དབྱངས་ལ་མཆིམས་འཇམ་པའི་དབྱངས་དང་། འདིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ལའང་མཆིམས་མཛོད་ཅེས་བརྗོད་པ་ཡིན་ལ། རྒྱུ་མཚན་གཞན་ནི་ཡོངས་གྲགས་སུ་མཆིམས་མཛོད་ཆེ་བ་དང་མཆིམས་མཛོད་ཆུང་བ་ཞེས་གཉིས་འབྱུང་བར་མ་ཟད། མཛོད་འགྲེལ་མང་པོར་མཆིམས་མཛོད་དང་མཆིམས་ཊཱིཀ་ལས་ཞེས་ལུང་འདྲེན་གནང་ཡོད་པ་དེས་འཁྲུལ་གཞི་བྱས་ནས་མཆིམས་མཛོད་དེ་འགྲེལ་པ་མངོན་པའི་རྒྱན་ཡིན་ཤག་གིས་མཆིམས་མཛོད་ཅེས་བརྗོད་པར་སྙམ་མོ། །འདི་ལ་ཕྱིས་ཀྱི་མཁས་པའི་ཁྲོད་དུའང་མཆིམས་མཛོད་དུ་བརྗོད་འདུག་པ་ནི། གུང་ཐང་བསྟན་པའི་སྒྲོན་མེའི[༡༧༦༢-༡༨༢༣]་མཛོད་སྡོམ་དུ། ལྔ་ལེན་བུ་དང་རི་དྭགས་འཛིན་གྱི་བུ། །མཆིམས་ཊཱིཀ་དེའི་མ་ས་གའི་བུ་ཞེས་བཤད། །ཞེས་དང་། མཆིམས་ཊཱིཀ་མཐོང་ལམ་ཟག་མེད་རྒྱུ་མཚན་དུ། །མཐོང་སྤང་སྐོར་དགུ་མཉམ་སྤོང་འཇིག་རྟེན་པས། །དེ་མི་ནུས་གསུངས་ཕྱིར་ན་དེས་སྤོང་ཚེ། །འཇིག་ལྟའང་སྐོར་དགུར་ཕྱེ་ནས་སྤོང་ངམ་དཔྱད། །ཞེས་དང་། མཆིམས་ཊཱིཀ་མཆན་བུར་སེམས་ཤེས་སྒོམ་བྱུང་བཟུང༌། །འོག་ཏུ་གསུམ་བཤད་སྐྱེས་ཐོབ་ཕྱིར་མི་འགལ། །དེ་ནི་མངོན་ཤེས་འང་མིན་པར་ཡིག་ཆར་གསུངས། །ཞེས་སོགས་མང་དུ་འབྱུང་ལ། འདིའི་མཆིམས་ཊཱིཀ་འགྲེལ་པ་མངོན་པའི་རྒྱན་ཡིན་པ་ནི་མཛོད་འགྲེལ་མངོན་པའི་རྒྱན་ལ་རྒྱུས་ཅུང་ཡོད་མཁན་ཞིག་ཡིན་ཚེ་ལུང་འདྲེན་དག་ལ་མཇལ་ན་ཤེས་སོ། །

   མཆིམས་མཛོད་ཆེ་བ་ནི། མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་མཛོད་འགྲེལ་རྒྱས་པ་ཞིག་ཡོད་པར་བཤད་པ་དེ་ཡིན་ལ། མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་མཛོད་ཀྱི་བསྡུས་དོན་དབུ་མེད་འབྲུ་ཚ། དཔེ་ཆ་ཁྲུ་ཚད་མ་ཤོག་གྲངས་སོ་གཉིས་ཡོད་པ་ཞིག་ལག་སོན་བྱུང་ནའང་། འདིས་མཛད་པའི་མཛོད་ཀྱི་ཊཱིཀྐ་རྒྱས་པ་དེ་ཉིད་དཔེ་རྒྱུན་ཧ་ཅང་དཀོན་པས་རྩོལ་བ་མང་དུ་བྱས་ཀྱང་ལག་སོན་མ་བྱུང་ལ། རྗེ་དེ་ཉིད་ཀྱིས་མཛོད་འགྲེལ་རྒྱས་པ་ཞིག་མཛད་པར་ཆོས་འབྱུང་སོགས་སུ་འབྱུང་སྟེ། ལས་ཆེན་ཆོས་འབྱུང་ལས། ཆོས་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་ལ་སོགས་པའི་རྩོམ་པའང་མང་དུ་མཛད་དོ། །ཞེས་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པ་ལས། ཆོས་མངོན་པའི་མཛོད་ཀྱི་ཊིཀྐ་ཆེན་པོ་མཆིམས་མཛོད་མཛད་ཅེས་དང་། མཆིམས་བློ་བཟང་གྲགས་པའི་མཛོད་འགྲེལ་ལེགས་བཤད་རྒྱ་མཚོའི་གནས་གསུམ་པར། ཉི་འོག་པ་ནི་ཚངས་ཆེན་རྣམས་མདུན་ན་འདོན་པ་དག་ལས་ཚེ་དང་ལུས་ཀྱི་ཚད་དང་རྟོག་པ་དང་ཚོར་བ་ལ་སོགས་པ་ཐ་དད་པས་ས་གཞན་ཡིན་པའི་ཕྱིར་གནས་རིས་བཅུ་བདུན་ཡིན་ནོ་ཞེས་ཟེར་ལ། ཁ་ཆེ་བ་ནི་མདུན་ན་འདོན་ལས་བང་རིམ་ལྟར་ཅུང་ཟད་འཕགས་པས་ན་གནས་ཀྱིས་གཞན་མེད་པའི་ཕྱིར་བཅུ་དྲུག་གོ་ཞེས་ཟེར་རོ། །སྐུ་མཆེད་ནི་འོག་མིན་སྟུག་པོ་བཀོད་པ་དང་བཅོ་བརྒྱད་དུ་བཞེད་དོ། །མདོ་ལས་ཉི་ཤུ་རྩ་གཅིག་འབྱུང་བ་ནི་སྡེ་ཚན་གྱི་དང་པོ་སྤྱི་མིང་ཡིན་ཞེས་མཆིམས་ཆེན་པོ་གསུང་ངོ་། །ཞེས་དང་། འགྲེལ་པར། ལྷ་ཐམས་ཅད་འཕགས་པའི་སྐད་དུ་སྨྲའོ་ཞེས་པ་ནི་གཟུགས་ཀྱི་ལྷ་སྟེ་བརྫུན་ཚིག་སྤངས་བས་སོ་ཞེས་མཆིམས་ཆེན་པོས་གསུང་ངོ་། །ཞེས་མཆིམས་ཆེན་མོའི་གསུང་ལུང་འདྲེན་གནང་འདུག་པ་དང་། མཛོད་འགྲེལ་མངོན་པའི་རྒྱན་གྱི་གནས་ལྔ་པར། ཕྲ་རྒྱས་ཀྱི་དབྱེ་བ་གསུང་སྐབས། བྱེ་སྨྲ་དང་། མངོན་པ་གོང་མ། བསྡུ་བ་གསུམ་གྱི་རབ་དབྱེ་མི་འདྲ་བར་འབྱུང་བའི་སྐོར་ལ་བང་ཏིའི་ལུང་ཞིག་དྲངས་པ་དང་། དེ་རྗེས། འོན་ཀྱང་ལུགས་ཕྱི་མ་གཉིས་[མངོན་པ་ཀུན་བཏུས་དང་བསྡུ་བ།]ནི་རྣམ་པ་འགལ་བ་ཙམ་དང་དངོས་སུ་འགལ་བའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། ཞེས་མཆིམས་གསུང་ངོ་། །ཞེས་པའི་མཆིམས་ནི་སྐབས་དེར་མཆིམས་དང་མཆིམས་ཆེན་མོ་སོགས་མཆིམས་ནམ་མཁའ་གྲགས་ཀྱི་མཚན་དུ་སྤྱོད་ཀྱིན་ཡོད་པ་གོང་དུ་བརྗོད་པ་ལྟར་མཆིམས་ནམ་མཁའ་གྲགས་ཡིན་ནོ། །འོག་གི་ལུང་དེ་ཉིད་རྗེ་ཀརྨ་མི་བསྐྱོད་རྡོ་རྗེའི་མཛོད་ཀྱི་འགྲེལ་ཆེན་གྲུབ་བདེའི་དཔྱིད་འཇོ་རུའང་དྲངས་འདུག་པ་དང་། དེར། མཆིམས་ཆེན་པོ་ནི་གཉིས་ཀའང་སེམས་ཙམ་པའི་ལུགས་ཡིན་མོད་ཀྱི་སྔ་མ་ནི་རྣམ་པ་དངོས་སུ་འགལ་བ་དང༌། ཕྱི་མ་ནི་འགལ་ཙམ་གྱི་དབང་དུ་བྱས་པའོ་ཞེས་གསུང་ངོ༌། །ཞེས་འབྱུང་བ་དང་། དེར། མཆིམས་ཊཱིཀ་ཏུ་ཐོས་བྱུང་ཡུད་ཙམ་གཟུགས་མེད་དུ་ཡོད་ཅེས་མ་ཧཱ་གསུངས་ཞེས་པ་ནི་གཏན་མི་ལེགས་ཏེ། ཞེས་སོགས་ལུང་འདྲེན་བཅུ་ཁ་ཞིག་འདུག་ལ། གསུང་འདི་དག་རྗེ་དེ་ཉིད་ཀྱི་བསྡུས་དོན་དུ་མེད་པ་དང་། སྐབས་ཐོག་དེར་མངོན་པའི་གཞུང་ལ་ཐོས་བསམ་ཧ་ཅང་སྨར་བའི་དུས་སྐབས་ཤིག་ཡིན་ཞིང་། མཆིམས་ནམ་མཁའ་གྲགས་ཀྱིས་དགུང་ལོ་བཅུ་གསུམ་གྱི་སྐབས་ནས་རང་གི་ཁུ་བོ་མཆིམས་བློ་བརྟན་གྱི་དྲུང་ནས་མངོན་པ་མཛོད་ལ་སློབ་གཉེར་མཛད་ཡོད་པ་དང་། ལོ་བདུན་བསྟེན་ནས་མཛོད་ཀྱི་རྩ་བ་གཅིག་པུའང་ཚར་ཉི་ཤུ་རྩ་གསུམ་གསན་འདུག་ལ། རྣམ་ཐར་ལས། ཞང་པ་[ཞང་སྟོན་ཆོས་ཀྱི་བླ་མ།]ན་རེ། འདིར་བཞུགས་པའི་གོ་ཆ་གྱོན་ལ་ཁྱེད་རང་བདག་པོ་ཡིན་པས་སློབ་མ་འགའ་རེ་ལ་མཛོད་རེ་ཡང་གསུངས་གསུང་། ཞེས་འབྱུང་བ་ལྟར་དགུང་ལོ་ཆུང་ངུའི་སྐབས་ནས་སྣར་ཐང་དུ་དགེ་འདུན་གྱི་གྲལ་འགོར་མཛོད་ཀྱི་བཤད་པ་གནང་ཡོད་འདུག་ཅིང་། རྣམ་ཐར་ལས། བསྟན་བཅོས་བརྩམས་པས་ཇི་ལྟར་བསྐྱངས་པ་ནི། བླ་མ་ཉིད་ཀྱིས་འདི་ལྟར་མཛད་དེ། ་་་་་་་ ཆོས་མངོན་མཛོད་གཞུང་གསལ་བྱེད་ཚངས་པ་དང་། །་་་་་ སྒྲོལ་མ་འོད་ཟེར་ཅན་སོགས་བརྒྱ་རྩ་བཅུ་ཞེས་གསུངས་སོ། །ཞེས་ཆོས་མངོན་པ་མཛོད་ཀྱི་གཞུང་གསལ་བྱེད་དམ་འགྲེལ་པ་ཞིག་མཛད་ཡོད་པ་ནི་འདིས་ཀྱང་ཤེས་ལ། བསྡུས་དོན་གྱི་སྐོར་ལ་མང་པོ་ཞིག་མཛད་འདུག་པ་ནི་རྣམ་ཐར་ལས་འོག་ཏུ་སྡེ་ཚན་གཅིག་ཏུ་བཀོད་འདུག་པས་འདི་ཉིད་མཛོད་ཀྱི་བསྡུས་དོན་དེ་ཉིད་མིན་པར་གསལ་བ་དང་། གསལ་བྱེད་ཅེས་པ་སྦྱར་བས་ཀྱང་གཞུང་གི་བསྡུས་དོན་ཞིག་མིན་པར་ཡང་ཤེས་སོ། །

གཞན་ཡང་མཆིམས་བློ་བཟང་གྲགས་པའི་མཛོད་འགྲེལ་ལེགས་བཤད་རྒྱ་མཚོའི་མཇུག་གི་ཚིགས་བཅད་དུ། [དོན་གནད་བསྡུས་ཏེ་ལྷུག་པར་བཀྲལ་ན།] བཅོམ་ལྡན་འདས་ཀྱི་འགྲོ་ལ་ཕན་ཕྱིར་ཆོས་མངོན་པ་གསུངས་པ་རྣམས་ཤཱ་རིའི་བུ་ལ་སོགས་པའི་གནས་བརྟན་དག་གིས་ལེགས་པར་བསྡུས་པའི་མངོན་པ་སྡེ་བདུན་དང་། བྱེ་བྲག་བཤད་མཚོའི་ལེགས་བཤད་རྣམས་བསྡུས་ནས་སློབ་དཔོན་དབྱིག་གཉེན་གྱིས་མངོན་པའི་མཛོད་རྩ་འགྲེལ་མཛད་པ་དང་། དེའི་རྣམ་བཤད་སྔོན་གྱི་མཁས་པ་དག་གིས་མཛད་པ་དག་ལེགས་པར་མ་མཐོང་ནས་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ཞེས་བྱ་བ་དང་། སློབ་དཔོན་གང་བ་སྤེལ་བས་ཀྱང་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་ཉི་ཟླ་ལྟ་བུར་གྲགས་པ་བློ་གྲོས་ཀྱི་མིག་ཅན་དག་གི་སྤྱོད་ཡུལ་དུ་གྱུར་པ་མཛད་པ་དང་། དེ་དག་གི་མཐུས་གངས་ཅན་གྱི་ལྗོངས་འདིར་ཡང་འཆད་བྱེད་སྔ་མ་དེ་དག་གིས་རྒྱས་བསྡུས་སྣ་ཚོགས་ལ་དགའ་བའི་ངོར་རྣམ་བཤད་གང་མང་ཞིག་མཛད་ཟིན་ཏོ། །ཞེས་དང་། ནམ་མཁའ་ལྟར་གྱུར་མཁྱེན་པ་རབ་ཡངས་གྲགས་པའི་མཐའ་ཅད་དེས་མཛད་གང་། །སྟོན་པའི་གསུང་བཞིན་བདག་གིས་བླངས་ཤིང་གཞན་ལ་བཤད་བྱ་དེ་ལྟ་ནའང་། །དེ་དོན་རྫོགས་པར་དོན་གཉེར་སྐྱེ་བོ་ཉིན་མོའི་སྐར་མ་ཇི་བཞིན་ཏེ། །གཞན་གང་ཅུང་ཟད་བློ་ཁ་ཕྱོགས་རྣམས་རང་རང་རྣམ་བཤད་བྱེད་པར་རྩོམ། །ཞེས་མཁྱེན་པ་ནམ་མཁའ་ལྟར་རབ་ཏུ་ཡངས་ཤིང་མཚན་མཐར་གྲགས་པ་ཞེས་ཡོད་པ་མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་མཛོད་ཀྱི་རྣམ་བཤད་གང་དེ་སྟོན་པ་ཐུབ་པའི་དབང་པོའི་གསུང་བཞིན་དུ་མཆིམས་བློ་བཟང་གྲགས་པ་བདག་གིས་བློ་གྲོས་ཀྱིས་བླངས་ཤིང་གཞན་ལ་བཤད་པ་ཡིན་ནའང་། མཆིམས་ཀྱི་རྣམ་བཤད་དེའི་དོན་རྫོགས་པར་དོན་དུ་གཉེར་པའི་སྐྱེ་བོ་ནི་ཉིན་མོའི་སྐར་མ་ཇི་ལྟ་བ་བཞིན་དུ་གྱུར་ཡོད་པ་དང་། གཞན་སྐྱེ་བོ་གང་ཞིག་རྣམ་བཤད་དེ་ལ་བློ་ཁ་ཅུང་ཟད་ཕྱོགས་ཡོད་པ་སྟེ་ཅུང་ཟད་རྟོགས་པ་རྣམས་ཀྱིས་ཀྱང་རང་རང་གི་ཇི་ལྟར་རྟོགས་པ་དང་རྗེས་སུ་མཐུན་པའི་རྣམ་བཤད་ཕྱོགས་རེ་བ་རྩོམ་པར་བྱེད་དོ། ཞེས་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་རྒྱས་པ་ཞིག་ཡོད་པར་གསལ་བར་གསུངས་འདུག་པར་མ་ཟད་མཆིམས་བློ་བཟང་གྲགས་པ་རང་ཉིད་ཀྱིས་ཀྱང་འགྲེལ་པ་དེ་ལ་ཁུངས་གཏུགས་ནས་མང་ཉུང་འཚམ་པར་མཆིམས་མཛོད་ཆུང་པར་གྲགས་པ་མཛད་པར་གསུངས་འདུག་ལ། གཞུང་དངོས་སུ། ཕུང་པོ་ལྔའི་གོ་རིམ་གྱི་སྐོར་ལ་གཞན་གྱི་བཞེད་པ་འགོད་སྐབས། འཆད་པ་པོ་དག་ནི། ཞེས་པའི་འཆད་པ་པོ་ལ་མཆན་བུ་མཆིམས་སྔ་མ་ཞེས་པ་ཞིག་སྦྱར་[མཆན་འདི་བསྟན་བཅོས་མཛད་པོའི་ཡིན་མིན་མ་ཤེས།]ཡོད་པ་དང་། གོང་དུ་དྲངས་པ་ལྟར་གནས་གསུམ་པའི་ལུང་འདྲེན་གཉིས་བཅས་འདི་གསུམ་མ་གཏོགས་གཞན་མཆིམས་མཛོད་དམ་མཆིམས་ནམ་མཁའ་གྲགས་ཀྱི་མཚན་དངོས་སྦྱར་བའི་ལུང་འདྲེན་གཅིག་ཀྱང་མི་སྣང་མོད། མཆིམས་བློ་བཟང་གྲགས་པས་མཆིམས་ནམ་མཁའ་གྲགས་ལ་ཆོས་འབྲེལ་དངོས་སུ་གསན་མེད་ནའང་། ཉིད་ཀྱི་མཛོད་འགྲེལ་དེའི་མཆོད་བརྗོད་དུ་འཇིག་རྟེན་ཀུན་ལ་ཐམས་ཅད་མཁྱེན་པར་གྲགས། །སངས་རྒྱས་མཆིམས་ལ་གུས་པས་འདིར་ཕྱག་འཚལ། ཞེས་མཆོད་བརྗོད་གནང་ཡོད་པ་དང་། གོང་གི་མཇུག་རྩོམ་དེ་རྗེས་སུ། དེ་ཕྱིར་ཁོ་བོས་གཞུང་ལུགས་ཆེ་འདི་རང་གི་རྣམ་བཤད་དེ་འགྲེལ་དང་། །མཁས་རྣམས་དགོངས་པ་ཇི་བཞིན་རྟོགས་ནས་ཇི་ལྟར་རིགས་པ་འདིར་བསྡུས་ཏེ། །མང་ཉུང་རན་པར་གསལ་བར་བཤད་ལྟར་སྔོན་ཆད་གངས་རིའི་ལྗོངས་འདི་རུ། །གཞན་འགའ་མ་བྱུང་དེ་ཕྱིར་འདི་ཡང་དབྱིག་གཉེན་ཉིད་ཀྱིས་མཛད་པར་སྙམ། ཞེས་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་དེ་ཉིད་གཞུང་ཁུངས་སུ་མཛད་པར་གསུངས་པ་དང་། མཆིམས་བློ་བཟང་གྲགས་པའི་མཛོད་འགྲེལ་གྱི་མཚན་ཟུར་དུ་ཆོས་མངོན་གསལ་བྱེད་ཅེས་དང་། གོང་དུ་རྣམ་ཐར་དྲངས་པ་ལྟར་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་ལ་ཆོས་མངོན་མཛོད་གཞུང་གསལ་བྱེད་ཅེས་འདྲ་མཚུངས་སུ་འབྱུང་བ་སོགས་ལ་བརྟགས་ན། མཆིམས་མཛོད་ཆུང་བ་འདི་ནི་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་ཆེན་མོའི་དོན་བསྡུས་སམ་བསྡུས་དོན་དུ་བརྩམས་པ་ཞིག་ཡིན་ངེས་སོ། །

བོད་ཀྱི་གཙུག་ལག་གཅེས་བཏུས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་གྱི་སྔོན་གླེང་དུ། མཆིམས་མཛོད་ཆུང་བ་འདི་མཛོད་འགྲེལ་མངོན་པའི་རྒྱན་གྱི་བསྡུས་དོན་དུ་མཛད་པར་བཤད་ནའང་། མཆོད་བརྗོད་དང་མཇུག་བྱང་སོགས་སུ་མཁས་པ་འཇམ་པའི་དབྱངས་དང་མཛོད་འགྲེལ་མངོན་པའི་རྒྱན་གྱི་སྐོར་ཟུར་ཙམ་ཡང་མི་སྣང་བ་དང་། གཞུང་དཀྱུས་སུའང་མཆིམས་ཆེན་མོའི་མཚན་སྦྱར་བའི་ལུང་འདྲེན་གཉིས་ལས་མཁས་པ་འཇམ་པའི་དབྱངས་ཀྱི་མཚན་སྦྱར་བའམ་དེའི་མཛོད་འགྲེལ་གྱི་ལུང་འདྲེན་སོགས་མི་སྣང་ཞིང་། གཞུང་དཀྱུས་ཀྱིས་འགྲེལ་སྟངས་སོགས་ལ་བརྟགས་པས་ཀྱང་དེའི་བསྡུས་དོན་དུ་བཤད་པ་ནི་ནོར་བར་སེམས་སོ། །
གཞན་མཛོད་ཀྱི་ཡིག་ཆ་མང་པོར་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་རྒྱས་པ་དེ་ཉིད་ལུང་དྲངས་ཡོད་པ་དང་། ལུང་དྲངས་སྐབས། མཆིམས་མཛོད་ལས་སམ། མཆིམས་ཊཱིཀ་ལས་ཞེས་དང་། ད་སྐབས་སློབ་གཉེར་བའི་ཁྲོད་མཆིམས་མཛོད་དུ་གྲགས་པ་དེ་ཉིད་ལ། ཡིག་ཆ་རྣམས་སུ་ལུང་འདྲེན་མཛད་སྐབས་མཛོད་འགྲེལ་མངོན་པའི་རྒྱན་ལས་སམ་འཇམ་སྒེག་ན་རེ་སོགས་ཀྱིས་དྲངས་འདུག་ན། ཡིག་ཆ་རྙིང་པ་རྣམས་སུ་མཆིམས་མཛོད་ལས་ཞེས་དང་། མཆིམས་ཊཱིཀ་ལས་ཞེས་ལུང་འདྲེན་གནང་སྐབས་ཀྱི་མཆིམས་མཛོད་དང་མཆིམས་ཊཱིཀ་ནི་[དེང་གི་ཡིག་ཆ་གསར་པ་རྣམས་སུ་ངེས་བརྟན་མེད་ནའང་། ]མཆིམས་ནམ་མཁའ་གྲགས་ཀྱི་ཊཱིཀྐ་དེ་ཉིད་ཡིན་པས་དེ་དག་གི་སྐབས་སུ་མཛོད་འགྲེལ་མངོན་པའི་རྒྱན་ལ་འཁྲུལ་བར་མི་བྱ་ཞིང་། མཁས་པའི་ཁྲོད་དུ་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་ཊཱིཀ་དེར་མཆིམས་མཛོད་ཆེ་བར་གྲགས་པའམ་བརྗོད་པ་དང་། དེ་དང་མཁས་པ་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་གཉིས་བསྟན་བཅོས་སོ་སོ་བ་ཡིན་པའང་ཤེས་དགོས་སོ། །ཕྱིས་ཀྱི་ཡིག་ཆ་རེ་ཟུང་དུ་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་དེ་བསྟན་རྒྱས་གླིང་དགོན་པར་བཞུགས་པར་བཤད་པ་བདེན་ན་འདི་ཉིད་དཔེ་རྒྱུན་ཧ་ཅང་དཀོན་པས་མྱུར་སྐྱོབ་ལ་རེམ་པའི་དུས་ཡིན་ནོ་ཞེས་ཀྱང་རེ་སྐུལ་ཞུ་འདོད་བྱུང་ངོ་། །

    མཆིམས་མཛོད་ཆུང་བ་ནི། སྣར་ཐང་གི་གདན་རབས་བཅུ་གཉིས་པ་མཆིམས་བློ་བཟང་གྲགས་པས་མཛད་པ་[ ཆོས་མངོན་པའི་རྒྱན་གྱི་རྣམ་པར་བཤད་པ་ལེགས་བཤད་རྒྱ་མཚོ་]ཞེས་པ་དཔེ་རིང་ཤིང་པར་མ། ཤོག་གྲངས་སུམ་བརྒྱ་སོ་ལྔ་ཡོད་པ་དེ་ཡིན་ལ། འགྲེལ་པ་དེའི་པར་གཞི་ཁ་ཤས་ཀྱི་པར་བྱང་དུ་རྒྱས་བསྡུས་འཚམས་ཤིང་གོ་སླ་བ་དང་ཚིག་དོན་ཕུན་སུམ་ཚོགས་པ་མཆིམས་མཛོད་ཆུང་བར་གྲགས་པ་ཞེས་འབྱུང་བ་ལྟར་རོ། །

    གོང་དུ་མཆིམས་བློ་བཟང་གྲགས་པ་དང་མཁས་པ་འཇམ་པའི་དབྱངས་གཉིས་གང་ཟག་གཅིག་མིན་པར་བཤད་པ་དེ་དང་། དེ་གཉིས་ཀྱིས་མཛད་པའི་མཛོད་འགྲེལ་སོ་སོ་ནས་ཡོད་པ་དང་མཚན་བྱང་ཡང་མི་འདྲ་བ་དེས་མཆིམས་བློ་བཟང་གྲགས་པ་དང་མཁས་པ་འཇམ་པའི་དབྱངས་གཉིས་གང་ཟག་གཅིག་ཏུ་འཁྲུལ་ཏེ་མངོན་པའི་རྒྱན་ལ་མཆིམས་མཛོད་ཅེས་བརྗོད་པ་དེ་ཡང་ནོར་ཡོད་པར་གོ་དགོས་སོ། །
   གཞན་མཁས་པ་འཇམ་པའི་དབྱངས་ལ་མཆིམས་འཇམ་པའི་དབྱངས་ཞེས་བརྗོད་པ་དེར་ཁུངས་མེད་པར་གོང་དུ་བཤད་པ་དེས་མངོན་པའི་རྒྱན་གྱི་མཛད་པ་པོར་མཆིམས་འཇམ་པའི་དབྱངས་ཞེས་བརྗོད་པར་འཁྲུལ་ཏེ་མངོན་པའི་རྒྱན་ལ་མཆིམས་མཛོད་ཅེས་བརྗོད་པ་དེ་ཡང་ནོར་བར་ཤེས་དགོས་པ་ཡིན་ནོ། །
     མཛོད་འགྲེལ་མངོན་པའི་གྱི་ཡིག་ཆུང་གི་སྐོར། ད་ལྟ་བཞུགས་པའི་པར་གཞི་མང་ཆེ་བར་གཞུང་དངོས་སུ་མཆན་བུའམ་ཡིག་ཆུང་མང་དག་ཅིག་སྦྱར་བ་མཐོང་བགྱི་ཡོད་ལ། འདི་ཉིད་མཁས་པའམ་གྲྭ་ས་རྣམས་སུ་མཁས་པ་འཇམ་པའི་དབྱངས་ཉིད་ཀྱིས་མཛད་པར་བརྩིས་ཏེ་གཞུང་དངོས་ལྟར་ཁས་ལེན་དང་ཆ་འཇོག་བྱེད་ནའང་། མཛོད་འགྲེལ་མངོན་པའི་རྒྱན་གྱི་ལུང་རྒྱུན་ད་ལྟ་བཞུགས་པ་དང་། [ མཛོད་འགྲེལ་མངོན་པའི་རྒྱན་གྱི་ཁྲིད་རྒྱུན་ནི་ཡོད་མེད་མ་ངེས། ]ལུང་རྒྱུན་གནང་སྐབས་ཡིག་ཆུང་དེ་ཉིད་བསྟན་བཅོས་མཛད་པ་པོའི་མ་ཡིན་པར་གསུང་རྒྱུན་དུ་ཡོད་པ་དང་། འགྲེལ་པ་དེའི་པར་གཞི་ཁ་ཤས་སུ་ཡིག་ཆུང་དེ་ཉིད་མེད་ལ། ཡིག་ཆུང་མེད་པ་ཉིད་དག་པར་བརྩིས་ཏེ་ལུང་རྒྱུན་ཡང་ཡིག་ཆུང་མེད་པ་དེའི་སྟེང་ནས་གནང་སྲོལ་འདུག་ན་དཔྱད་དགོས་པའི་གནས་སོ། །
   མཛོད་འགྲེལ་མངོན་པའི་རྒྱན་མཇུག་རྫོགས་སའི་ཅོང་ཏུའི་མཁར་གྱི་སྐོར། སའི་དབང་ཕྱུག་རྒྱལ་པོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་པར་བྱས་པའོ། །ཞེས་པའི་ཅོང་ཏུ་ནི་རྒྱ་སྐད་ཀྱི་(京都 )ཡིན་ནམ་སུང་གི་ས་ཁྲ་ཁ་ཤས་སུ་(京东)ཞེས་འབྱུང་བ་ལྟར་ཅིང་ཏུང་(京东)ཡིན་ནམ་ཡང་ན་ཀྲུང་ཏུ་(中都)སྒྲ་གདངས་ཇི་བཞིན་མ་ཐོན་པར་ཅོང་ཏུར་བརྗོད་པའང་ཡིན་སྲིད་ལ་དེ་ནི་ཀྲུང་ཏུ་(中都)སྟེ་ཡོན་རྒྱལ་རབས་སྐབས་ཀྱི་རྒྱལ་ཁོངས་ས་ཁྲ་ཁ་ཤས་སུ། ཀྲུང་ཏུ་(中都)ཞེས་དང་ཟུར་བརྗོད་འགྲེལ་བཤད་ལས། ༡༢༧༡ ལོར་རྒྱལ་ཁབ་ཀྱི་མིང་ཡོན་(元)དུ་བསྒྱུར། ལོ་དེར་ཀྲུང་ཏུ་(中都)ཏཱ་ཏུ་(大都)རུ་བསྒྱུར་ཞེས་འབྱུང་བ་ལྟར་ཡིན་ལ་དེང་སྐབས་ཀྱི་པེ་ཅིང་ངོ་། །ཇིང་གེ་སིའི་ཚ་བོ་སོག་པོའི་གོང་མ་ཧོ་པེ་ལའི་འམ་སེ་ཆེན་རྒྱལ་པོ་ཕྱི་ལོ་༡༢༦༠ལོར་རྒྱལ་སར་འཁོད་རྗེས། ཤིང་བྱི་༡༢༦༤ནས་ལྕགས་ལུག་༡༢༧༡བར་པེ་ཅིང་མཁར་འཛུགས་སྐྲུན་རྒྱ་སྐྱེད་ཐོག །ཚ་ཀན་(ཆ་གན) ཁུ་ར་(ཏུ་ར་ཡེ་ཐུ) ཐུ་མ་ཕྲེང་(ལང་ཐིང་) བཅས་མཁར་ཆེན་བཞི་བརྩིགས་པ་དང་། ཁྲི་ལོ་བརྒྱད་པ་ལྕགས་ལུག་ཕྱི་ལོ་༡༢༧༡ལོར་རྒྱལ་ས་ཏཱ་ཏུའམ་(大都)པེ་ཅིང་དུ་སྤོས་པ་ཡིན་ནོ། །
   པཀྵིའི་མཚན་གནས་འབུལ་མཁན་རྒྱལ་པོ་བྷུ་ཡན་ཐུའི་སྐོར། འདི་མཆོད་གནས་སུ་བཀུར་མཁན་གྱི་སོག་པོའི་གོང་མ་བྷུ་ཡན་ཐུ་ནི་སེ་ཆེན་ཧན་གྱི་ཡང་ཚ་སྟེ། སེ་ཆེན་གྱི་སྲས་གསུམ་པ་ཆིང་གེམ་ལ་སྲས་གསུམ་ཡོད་པ་ལས་སྲས་གཉིས་པ་དྷརྨ་པཱ་ལའི་སྲས་གཉིས་པ་ཡིན་ཞིང་། འདིའི་མཚན་ལ་ཨ་ཡུར་པར་པ་ཏ་དང་སྲིད་ཁྲིར་འཁོད་པའི་མཚན་བྷུ་ཡན་ཐུ་ཡིན་ཞིང་འདི་སྲིད་ཁྲིར་འཁོད་དུས་ནི་ཕྱི་ལོ་༡༣༡༢[དུང་དཀར་ཚིག་མཛོད་སོགས་སུ། ལྕགས་ཕག་༡༣༡༡ ཞེས་འབྱུང་།]ཡིན་པ་དང་། འདི་སྲིད་ཁྲིར་ལོ་དགུ་ལས་བཞུགས་མི་འདུག་ལ། མཁས་པ་འཇམ་པའི་དབྱངས་ལ་པཀྵིའི་མཚན་གནས་ཀྱང་སྲིད་ལོ་དགུའི་ནང་དུ་ཕུལ་བར་ངེས་སོ། །རྒྱལ་པོ་འདིས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་གྲྭ་མང་པོ་གདན་ཞུ་དང་མཆོད་གནས་སུ་བཀུར་འདུག་ཅིང་། རྒྱལ་པོ་འདིའི་མཚན་གྱི་འབྲི་ཚུལ་ལ། པོ་ཡན་ཐུ་རྒྱལ་པོ། བུ་ཡན་དུ། བྷཱུ་ཡན་དུ། བཱོ་ཡན་ཐུ། བཱོ་ཡན་ཐྭོ། བཱོ་ཡན་ཐོ་སོགས་འབྱུང་ངོ་། །

༢༠༡༨.༠༩.༠༨.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 390 ནས་ 682