སེར་བྱེས་མཁས་སྙན་གྲྭ་ཚང་གི་ངོ་སྤྲོད་མདོར་བསྡུས།

སེར་བྱེས་མཁས་སྙན་གྲྭ་ཚང་ནི། དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ་རྗེ་རིན་པོ་ཆེ་དང་། རྒྱལ་བ་དགེ་འདུན་གྲུབ་པའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བ་ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དེ་ཉིད་འབྲས་སྤུངས་ཟུར་ཁང་དཔོན་སློབ་ཀྱི་ཁུར་བཞེས་ནས་བཞུགས་སྐབས། རྐྱེན་འགའ་ཞིག་གི་དབང་གིས་འབྲས་སྤུངས་ནས་ཞལ་སློབ་མཁས་པ་བརྒྱ་ཕྲག་ལྷག་ཙམ་དང་ལྷན་ཅིག་ཏུ་ཕེབས་པར་སེ་རའི་མཁན་སློབ་ཀུན་གྱིས་གུས་བཏུད་མཛད་ཅིང་། ཚོགས་སུ་གདན་དྲངས་པའི་ཚེ། གནས་བཅུའི་ལྷ་ཁང་གི་གནས་བརྟན་ཡན་ལག་འབྱུང་བཞུགས་ཁང་བྲག་རི་ནས་མདུན་དུ་སྐུ་སྟོད་བཏུད་ཅིང་ཕྱག་གཉིས་ཐལ་མོ་སྦྱར་ནས། བྱེས་པ་བྱེས་ནས་བྱོན་པ་ལེགས། །ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས། །བསྟན་པའི་རྒྱལ་མཚན་འཛུགས་པ་ལེགས། །གྲལ་གཡས་གྲལ་གྱི་གྲལ་མགོར་བཞུགས། །ཞེས་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་གནས་བརྟན་གྱི་གསུང་བྱོན་པ་ལྟར་ཁོང་རྣམས་གཡས་གྲལ་དུ་བཞུགས་སུ་བཅུག །

ཕྱི་ལོ་༡༩༥༩ ལོའི་དུས་འགྱུར་སྐབས་སེ་ར་ཐེག་ཆེན་གླིང་དུ་གྲྭ་གྲངས་༩༩༠༠ ཡོད་ན་ཡང་༧གོང་ས་མཆོག་བྱེས་སུ་ཕེབས་པའི་སྔ་རྗེས་སུ་འཕགས་ཡུལ་དུ་ཕེབས་པ་ཉུང་ཤས་ཤིག་ལས། ཤུལ་ལུས་མང་ཆེ་བ་ཞིག་མནར་གཅོད་མི་འདྲ་བའི་ཁྲོད་དུ་གསོན་ཐུབ་མེད། ཕྱི་ལོ་༡༩༦༩ ལོའི་ཟླ་བ་༡༡ པའི་ནང་སེ་རའི་མཁན་བླ་དགེ་འདུན་རྣམས་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་ཀར་རྣ་ཊ་ཀའི་ཁུངས་བྷེ་ཀོལ་གྱི་ད་ལྟའི་གནས་འདིར་གཞིས་སྤོར་སྐབས། གནས་འདིར་ཤིང་ནགས་ཀྱིས་ཁེངས་ཡོད་པ་དང་། ཤིང་ནགས་རྩ་ཆེན་རྣམས་རྒྱ་གར་བས་གཙང་བཟོ་བྱས་འདུག་ནའང་ལྷག་མ་རྣམས་གྲྭ་བ་ཚོས་བཀོག་སྟེ། ཕྱི་ལོ་༡༩༧༠ ལོར་ཤིང་ནགས་ཀྱི་ས་ཡོངས་རྫོགས་ཞིང་སར་བསྒྱུར་ཅིང་ཞིང་ལས་བྱས། དེའི་སྐབས་གྲྭ་ཚང་འདིར་མཁན་བླ་དགེ་འདུན་ཞལ་གྲངས་༡༩༣ དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་མཁན་བླ་དགེ་འདུན་ཞལ་གྲངས་༡༠༧ བཅས་ཁྱོན་བསྡོམས་ཞལ་གྲངས་༣༠༠ ཙམ་ཡོད། དགེ་འདུན་ཞལ་གྲངས་༤ རེར་གུར་རེ་རྩིས་སྤྲོད་གནང་བ་བཞིན་ལོ་གསུམ་ཙམ་རིང་དབུ་གུར་ནང་བཞུགས་རིང་རྒྱ་གར་གཞུང་ནས་གཞིས་མི་སྔོན་འབྱོར་རྣམས་ལྟར་མཉམ་ལས་གནང་བཅུག་སྟེ་ཉིན་གླ་སྒོར་༢རེ་གནང་། དགེ་འདུན་པ་རྣམས་ཀྱིས་འཁོར་ལམ་གསར་བཟོ་དང་། ཤིང་ནགས་གཅོད་འབྲེག །ཞིང་ས་གསར་སྦོལ་སོགས་དུས་བསྟུན་སྐབས་བབ་གཞིས་ཆགས་ཀྱི་ཕྱག་ལས་ཁག་ཆ་ཚང་གནང་། ལོ་དེར་ཆོ་འཕྲུལ་སྨོན་ལམ་དང་པོ་དེ་གྲྭ་ཚང་འདི་གཞིས་གྲོང་༥ དང་༦ པའི་ལྷ་ཁང་དང་། སེར་སྨད་གཞིས་དགོན་ཐེག་ཆེན་གླིང་དུ་འཚོགས། རིམ་བཞིན་སྨྱུག་མའི་ཚོགས་ཁང་གསར་བཞེངས་གནང་། ཕྱི་ལོ་༡༩༧༠ ལོ་ནས་བཟུང་སྟོན་འབྲས་འདེབས་འགོ་ཚུགས། ཉིན་མོ་ས་ཞིང་འདེབས་ལས་དང་། མཚན་མོ་གླང་ཆེན་དང་རི་ཕག་འགོག་སྲུང་སོགས་གནང་དགོས། ཐོག་མར་གྲྭ་གྲངས་ཉུང་ངུ་ལས་མེད་སྟབས་གྲྭ་ཚང་གཉིས་ཀའི་ཐུན་མོང་གི་ཆོས་སྤྱོད་གནང་སྒོ་གྲྭ་ཚང་གཉིས་མཉམ་འཚོགས་དང་། ཐུན་མོང་མ་ཡིན་པའི་ཆོས་སྤྱོད་སྒྲུབ་མཆོད་ཁག་གྲྭ་ཚང་རེ་མོས་ཀྱིས་ཚུགས། གཞིས་ཆགས་ཁག་ནས་བུ་ཕྲུག་ཆོས་སྒོར་ཞུགས་མཁན་ལོ་རེར་ཇེ་མང་དུ་འགྲོ་མུས་ལ་བརྟེན། རིམ་གྱིས་བྱེས་སྨད་གཉིས་སོ་སོར་རྐང་ཚུགས་ཐུབ་པ་བྱུང་། སྐབས་དེར་རྒན་པ་ཚོས་གྲྭ་རྒྱུན་མ་ཆད་པའི་ཆེད་དུ་རང་ཉིད་ཤི་ནའང་དེའི་ཚབ་ལྟ་བུར་རེ་བ་བརྒྱབ་སྟེ། དགེ་ཕྲུག་རེ་ཉར་ཏེ་གྲྭ་ཚང་ནས་རང་ལ་ལྟོ་ཆས་ཉུང་ངུ་ལས་ཐོབ་ཀྱི་མེད་ནའང་དེའི་ཕྱེད་ཀ་དགེ་ཕྲུག་ལ་སྤྲད་དེ་གསོ་སྐྱོང་བྱས། ཕྱི་ལོ་༡༩༧༡ ལོའི་ཕྱི་ཟླ་༥པའི་ནང་༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་ལྷ་མིའི་རྣམ་འདྲེན་ཞལ་སྔ་ནས། ད་ལྟའི་གཞིས་ཆགས་ཕོ་བྲང་ཞེས་འབོད་པ་དེར་དུས་དབང་ཐེངས་བཞི་པ་བཀའ་དྲིན་བསྐྱངས་ཤིང་། སེ་རར་ཞག་གཅིག་བཞུགས་ཏེ་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། དེ་ནས་རིམ་གྱིས་སྐྱབས་རྗེ་མཁན་རིན་པོ་ཆེ་དོན་གྲུབ་སྟོབས་རྒྱལ་མཆོག་གིས་ཐུགས་འགན་བཞེས་ཏེ་ད་ལྟའི་གྲྭ་ཚང་གི་འཕྲོད་བསྟེན་གྱི་ཚོང་ཁང་ཡོད་ས་དེར་གཡས་སུ་༧གོང་ས་མཆོག་གི་གཟིམ་ཆུང་དང་གཡོན་དུ་ཕྱག་མཛོད་ཁང་། དཀྱིལ་དུ་གྲྭ་ཚང་གི་འདུ་ཁང་ཞིག་བཅས་གསར་བཞེངས་ཞུས། མཁན་པོ་དང་ཚོགས་ཆེན། གྲྭ་ཚང་གི་ཕྱག་མཛོད་ཕུད། དེ་མིན་ཚང་མ་ལས་ཀར་འགྲོ་དགོས་པ་སོགས་དེ་ལྟར་ལོ་གསུམ་ལ་སློབ་གཉེར་བྱེད་སྐལ་མ་བྱུང་ཞིང་། དེ་ནས་སློབ་གཉེར་རྩེ་ཕུད་རྣམས་ཀྱི་ཚབ་ཏུ་ལས་མི་གླ་རྒྱུའི་སྦྱིན་བདག་བྱུང་སྟེ། སློབ་གཉེར་བྱེད་འགོ་ཚུགས་ཤིང་། བྱེས་སྨད་གཉིས་ཀ་ཚོགས་ཆེན་འདུ་ཁང་དུ་ཆོས་ར་མཉམ་དུ་འཚོགས། དེ་ནས་གྲྭ་བ་བྱེད་མཁན་མང་དུ་ཕྱིན་པ་དང་། ལྷག་པར་དུ་བོད་ནས་གསར་འབྱོར་སླེབས་པ་ལས་གྲྭ་ཚོགས་ཀྱང་རིམ་གྱིས་རྒྱས་ཤིང་། སློབ་གཉེར་བའི་གྲངས་འབོར་ཇེ་མང་དུ་སོང་བ་དང་བསྟུན་ཏེ་འདུ་ཁང་དང་ཆོས་ར་སོགས་བརྗེ་སྤོར་གསར་བཞེངས་ཁ་ཤས་བྱེད་དགོས་པ་བྱུང་།

ལོ་རབས་བརྒྱད་ཅུ་བའི་ལོ་མགོ་ནས་བཟུང་བོད་ནས་གསར་འབྱོར་བ་དང་། ཧི་མ་ལ་ཡའི་རི་རྒྱུད། རུ་སོག་གི་ཡུལ། ཐེ་ཝན། ཀོ་རུ་ཡ། ནུབ་ཕྱོགས་རྒྱལ་ཁབ་སོགས་ནས་ཕེབས་པའི་གྲྭ་བ་སློབ་གཉེར་བའི་གྲངས་འབོར་མང་དུ་ཕྱིན་ཏེ་ད་ལྟའི་༢༠༠༦ ཆར་ཁམས་ཚན་བཅུ་གསུམ་ནང་བཞུགས་དགེ་འདུན་ཞལ་གྲངས་༣༧༡༤ ཙམ་ཡོད་ཅིང་། ཞལ་གྲངས་འདི་ལས་མཁན་ལས་ཟུར་དགེ་བཤེས་དང་། གནས་བརྟན་བགྲེས་སོང་རྣམས་དང་། གྲྭ་ཚང་གི་ཕྱག་སྦུག་སོགས་ཀྱི་ལས་བྱེད་རྣམས་ཕུད། ཆོས་རར་རྟག་ཏུ་ཕེབས་བཞིན་པའི་སློབ་གཉེར་བའི་གྲངས། ༢༧༧༠ སེར་བྱེས་འབྲིང་རིམ་སློབ་གྲྭར་སློབ་ཕྲུག་གྲངས་༥༦༧ ཡོད་དོ།། སློབ་གཉེར་བ་དེ་དག་གིས་བཀའ་པོད་ལྔ་ལ་སྦྱངས་ཏེ་འཛིན་གྲྭ་ཐོན་པ་ལ། བསྡུས་ཆུང་སྔོན་འགྲོའི་འཛིན་གྲྭ་ནས་དགེ་བཤེས་ལྷ་རམས་པ་ཐོན་པའི་བར་ལོ་གྲངས་ཉེར་བཞི་ཙམ་༼འཛིན་གྲྭ་གཅིག་ཏུའང་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་པ་སྔ་ཕྱིའི་དབང་གིས་ཁ་ཤས་ལོ་གྲངས་དེ་ལས་མང་བ་འགོར་བའང་ཡོད།༽ བརྒྱུད་དགོས། གཞུང་ཆེན་མོའི་སློབ་ཚན་ཁག་ནི་སྔོན་ཆད་ལྟར་ཡིན། དེ་ཡང་ཆོས་ཐོག་སྐབས་རྩོད་པ་གཙོ་བོ་དང་། དཔེ་ཁྲིད་དང་དཔེ་ཀློག །ཆོས་མཚམས་སུ་གཞུང་ཆེན་བློ་འཛིན་གཙོ་བོར་མཛད་ཅིང་། སློབ་གཉེར་དང་བསམ་སྤྱོད་ཡར་རྒྱས་ཀྱི་ཐབས་སུ་སྐབས་སོ་སོའི་སློབ་གཉེར་ལྟ་ཞིབ་ཁང་ནས་སྟངས་འཛིན་གཟབ་ནན་དང་། ཞིབ་ཚགས་ཀྱིས་དོ་དམ་མཛད་དེ་ལོ་འཁོར་བློ་རྒྱུགས་དང་། རྩོད་རྒྱུགས། བྲིས་རྒྱུགས། ཟུར་སྦྱོང་ཡིག་གཟུགས་དང་། བརྡ་དག ། སུམ་རྟགས་དང་། ཆོས་འབྱུང་སོགས་ཀྱིས་རྒྱུགས་འབྲས་ལ་དཔྱད་ཞིབ་ཀྱིས་རྩེ་ཕུད་དག་ལ་གཟེངས་བསྟོད་དང་། རྒྱུགས་ཚད་མ་ལོན་པ་དག་གྲྭ་ཚང་གི་ལས་ཀར་གཏོང་བཞིན་ཡོད། སློབ་གཉེར་བ་འདི་དག་གི་ཉིན་ཞག་ཕྲུགས་གཅིག་གི་ལས་རིམ་ནི། ཞོགས་པར་དུས་ཚོད་བཞི་ལྔ་ནས་བཞེངས་ཏེ། ༼གྲྭ་ཇ་མང་ཇ་གང་རུང་ཡོད་ཚེ་དེར་ཕེབས་ཏེ་གྲོལ་མཚམས། ༽ རྩ་འགྲེལ་ཁག་དང་སྐབས་སུ་གང་བབ་ཀྱི་གཞུང་བློ་འཛིན། དུས་ཚོད་༦.༣༠ སྟེང་གྲྭ་ཚང་དུ་ཞོགས་ཇ། ཞོགས་ཇ་ཚར་བ་དང་དུས་ཚོད་༧ པ་ནས་སྔར་ལྟར་བློ་འཛིན་དང་། དཔེ་ཁྲིད་ཡོད་ན་དཔེ་ཁྲིད་ལ་ཕེབས་པ། དུས་ཚོད་༩-༡༡ བར་ཆོས་ཐོག་གི་སྐབས་ཞོགས་ཆོས་རྩོད་པ། ཆོས་མཚམས་ལ་དཔེ་ཁྲིད་ཡོད་ན་དཔེ་ཁྲིད་ཞུ་བ་དང་མེད་ན་དཔེ་ཀློག་དང་བློ་འཛིན་གང་རུང་། དེ་ནས་ཉིན་གུང་བཞེས་ལག །བཞེས་ལག་གྲུབ་པ་དང་དུས་ཚོད་གཅིག་ལྷག་ལ། འཛིན་གྲྭ་སོ་སོར་ཚན་རིག་གི་འཛིན་གྲྭ་ཡོད་ན་དེར་ཕེབས་པ་དང་། རིག་གནས་དང་། དབྱིན་ཡིག །རྒྱ་ཡིག་སོགས་ཀྱི་འཛིན་གྲྭར་སྐྱོད་པ། ཡང་ན་ངལ་གསོ། དེ་ནས་གཞུང་ཆེན་དཔེ་ཀློག་དང་། དཔེ་ཁྲིད་ཞུ་བ། ཕྱི་དྲོའི་དུས་ཚོད་༤.༣༠ ལ་དགོང་མོའི་བཞེས་ལག །དེ་གྲུབ་པ་དང་དཔེ་ཀློག་དང་། དུས་ཚོད་༦-༩.༣༠ བར་དང་ཆོས་ཐོག་སྐབས་༡༠.༣༠ བར་རྩོད་པ་དང་། དུས་ཚོད་ཕྱེད་ཀའམ་ཆོས་ཐོག་སྐབས་དུས་ཚོད་གཅིག་ལ་སློབ་གཉེར་ལམ་ལྷོངས་ཡོང་བ་སོགས་ཀྱི་ཆེད་དུ་སྒྲོལ་མ་དང་ཤེར་སྙིང་སོགས་ཆོས་རའི་ཞལ་འདོན། ཆོར་རར་ཐོག་མར་རྩོད་ཟླ་དང་། དེ་ནས་དམ་བཅའ། དེ་རྗེས་ཞལ་འདོན། དེ་གྲུབ་པ་དང་། རྩོད་ཟླ་བསྒྲིགས་པ་དང་། གཞུང་དོན་ལ་དོགས་པ་ཆོད་མ་ཆོད་སོགས་ཀྱིས་རྩོད་པ་བྱས་ཏེ་མཚན་གྱི་དུས་དང་པོ་བརྒལ་བའང་ཡོད། ཆོས་ར་གྲོལ་བ་དང་གཞུང་ཆེན་བློ་འཛིན་བྱས་ཡོད་པ་དག་བློ་ནས་སྐྱོར་དགོས། མཚན་གྱི་དུས་ཚོད་བཅུ་གཉིས་༼དང་པོ་དང་གཉིས་པ་བར་དུ་དཔེ་ཀློག་དང་སྐྱོར་སྦྱང་བྱེད་པའང་ཡོད།༽ནས་ངལ་གསོ་བྱེད། གཞུང་གསར་དང་དབུ་གསར་གཉིས་ཆོས་ཐོག་གི་སྐབས་སུ་རེས་བསྐོར་ཏེ་མཚན་འཁྱོངས་དམ་བཅའ་ཆག་མེད་ཕེབས་དགོས། འདི་ལྟར་འཛིན་གྲྭ་རིམ་བགྲོད་མཐར་ཕྱིན་པ་ན་དགེ་བཤེས་ཀྱི་མཚན་རྟགས། ཤེས་ཚད་དང་མཚན་ཐོ། བབ་བསྟུན་གྱིས་སྐྱབས་རྗེ་མཁན་རིན་པོ་ཆེའི་བཀའ་ཁྲོལ་ལྟར་བཞེས་ཏེ། རྒྱུད་གྲྭ་རྣམ་གཉིས་གང་རུང་དུ་ཞུགས་པ་དང་། རྒྱུད་གྲྭ་རྣམ་གཉིས་གང་རུང་གི་དགེ་བསྐོས་དང་། བླ་མ་དབུ་མཛད། མཁན་པོ། ཤར་བྱང་གི་ཆོས་རྗེ་གང་རུང་བརྒྱུད་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ལ་ཕེབས་ལམ་ཡོད་པ་དང་། འགའ་ཞིག་ནི་གྲྭ་ཚང་འདི་ཉིད་ཀྱིས་གཙོས་གཞིས་དགོན་སོགས་དགོན་ཁག་གི་མཁན་པོ་དང་། དཔེ་ཁྲིད་དགེ་རྒན་དུ་ཕེབས་པ་དང་། དུ་མ་ཞིག་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཚོགས་དང་། སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཞུགས་ཏེ་ནང་བསྟན་ངོ་སྤྲོད་དང་འཆད་སྤེལ་བྱེད་བཞིན་ཡོད། ཚེ་བློས་བཏང་གིས་བྱ་བྲལ་དུ་ཕེབས་པའང་གང་འཚམ་འབྱུང་བཞིན་ཡོད། ཡང་དུ་མ་ཞིག་ནི་འདུས་སྡེར་ཕན་པའི་དཔལ་འབྱོར་འདུ་འགོད་ཀྱིས་མཚོན་པའི་གཞན་ཕན་ལས་རིགས་ལ་ཞུགས་ཏེ་ཕྱག་མཛོད་སོགས་སྡེ་ཚན་ནམ་ཚོགས་པ་ཁག་གི་རྒྱུན་ལས་གནང་སྟེ་གྲྭ་ཚང་ལ་སྲིད་ཞུར་བརྩོན་བཞིན་ཡོད། ད་ལྟའི་དགེ་བཤེས་མཚན་གནས་ཀྱི་རིམ་པ་ནི། གླིང་བསྲེས་དགེ་བཤེས། རིགས་རམས་དགེ་བཤེས། ཚོགས་རམས་དགེ་བཤེས། ལྷ་རམས་དགེ་བཤེས་བཅས་ཡོད།
འཕགས་ཡུལ་དུ་ད་ལྟའི་མཁན་པོ་ལས་ཐོག་སྐྱབས་རྗེ་བློ་བཟང་བདེ་ལེགས་མཆོག་མཁན་རབས་བདུན་པ་དང་། གྲྭ་ཚང་གི་མཁན་རབས་རིམ་བྱོན་གྱི་བཞུགས་གནས་བླ་བྲང་ལ་བྱེས་བླ་བྲང་དང་། གྲྭ་ཚང་འདིའི་གྲུབ་ཆའི་སྡེ་ཚན་ཁག་ནི། བྱེས་བླ་བྲང་དང་། གྲྭ་ཚང་གི་སྒྲིག་ཡིག་གཞིར་བཟུང་། སྒྲིག་ཡིག་གི་འབྲུ་དོན་ཁག་ཆེ་ཕྲ་ཉམས་ཀྱི་ཡོད་མེད་དང་། ཡོད་ན་འབྲེལ་ཡོད་ཁུངས་སོ་སོར་སྐུལ་འདེད་དང་། གྲྭ་ཚང་གི་བསྟན་སྲིད་གྱི་ལས་དོན་ཆེ་རིགས་ཐག་གཅོད་དང་། གྲྭ་ཚང་གི་ཚོགས་སྡེ་སོ་སོའི་འཛིན་སྐྱོང་ལ་ལྟ་རྟོག་སོགས་ཀྱི་ཆེད་དུ་ཁམས་ཚན་སོ་སོ་ནས་ཤེས་འཇོན་ལྷག་བསམ་ཅན་གྱི་འཐུས་མི་གཉིས་རེ་དྲག་འདེམ་བྱས་པའི་གྲྭ་ཚང་གི་དགེ་འདུན་པ་ཡོངས་ཀྱི་སྐུ་ཚབ་བམ་འཐུས་མིས་གྲུབ་པའི་སྣ་ཆེན་ཚོགས་འདུ། གྲྭ་ཚང་གི་རྒྱུན་ལས། མཁས་པའི་ལྷན་ཚོགས། ཕྱག་མཛོད་ཁང་། སློབ་གཉེར་འཛིན་སྐྱོང་ལྟ་ཞིབ་ཀྱི་སློབ་གཉེར་ཁང་། ཤེས་ཡོན་སྡེ་ཚན། ཚན་རིག་སྡེ་ཚན། སེར་བྱེས་རིག་མཛོད། རྒྱ་གར་གྱི་མཐོ་སློབ་གཅིག་དང་ལས་གཞི་མཉམ་ལས་ཀྱི་ཉམས་ཞིབ་ཁང་། རྟ་མགྲིན་ཁང་། སེར་བྱེས་འབྲིང་རིམ་སློབ་གྲྭ། དཔེ་མཛོད་ཁང་། ཤིང་དཔར་སྡེ་ཚན། པར་ལས་སྡེ་ཚན། སྤྱི་ཐབ་ཁང་། ནད་འཕྲོད་ལྟ་སྐྱོང་ཚོགས་པ། ཡིད་དགའ་ཆོས་གླིང་། སེར་བྱེས་ཚོང་ཁང་དང་ཟ་ཁང་། སེར་བྱེས་ཤ་མེད་དཀར་སྐྱོང་བཟོ་གྲྭ། སེར་བྱེས་མཚམས་ཁང་། སེར་བྱེས་བགྲེས་སོང་ལྟ་སྐྱོང་ཁང་། ནང་ཆོས་དོན་གཉེར་བ་དང་ནང་བའི་དད་ལྡན་པ་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སད་ཐབས་དང་། གོང་སྤེལ་དུ་གཏོང་བའི་ཆེད་དུ་ཆོས་ཚོགས་ཁག་ནི། ཐེ་ཝན་དུ་ཆོས་ཚོགས་གཉིས་དང་། ཨ་རིར་གཅིག །སིང་ག་པུར་ལ་གཅིག །ཁེ་ན་ཊའི་ཆོས་ཚོགས། སུད་སིར་གྱི་ཆོས་ཚོགས། རྒྱ་གར་བྷེང་ལོར་ལ་གཅིག་བཅས་དང་། དགོན་པ་ནི། སྒང་ཏོག་འགྲོ་ཕན་གླིང་། མོན་རྟ་དབང་འཇམ་དབྱངས་ཆོས་འཁོར་གླིང་། ལ་དྭགས་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་བཅས་ཡོད་ཅིང་།
མདོར་ན། ཕྱི་ལོ་༡༩༥༩ ལོར་འཕགས་པའི་ཡུལ་འདིར་འབྱོར་བ་ནས་རང་རེའི་གྲྭ་ཚང་འདི་ཡང་། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་༧འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་བྱིན་རླབས་དང་། རང་རེའི་གཞུང་ས་མཆོག་དང་། རྒྱ་གར་དབུས་གཞུང་། མངའ་སྡེ། ས་གནས་རྫོང་། བྱེས་འབྱོར་རྒན་རབས་བཅས་ཀྱི་གཟིགས་སྐྱོང་འོག་ཏུ། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་གནམ་སའི་འཕོ་འགྱུར་ལྟ་བུ་འདི་བྱུང་བ་ཡིན་ནོ།།

སེར་བྱེས་ཕྱག་མཛོད་ཁང་ནི། གྲྭ་ཚང་འདི་སྦག་ས་ནས་སྦེལ་ཀོབ་ཏུ་གནས་སྤོར་མ་བྱས་པའི་ལོ་ངོ་བཅུ་གྲངས་ཙམ་ལ་ཕྱག་མཛོད་ཀྱི་ཁུར་ལེན་མཁན་ཡོད་ངེས་ཀྱང་ལས་ཁུངས་ཀྱི་ངོ་བོར་གནས་མེད་པར་མངོན། ༡༩༧༤ ལོར་ཕྱག་མཛོད་ཁང་གསར་དུ་བཙུགས་པ་ནས་ད་ལྟའི་བར་སྐབས་སོ་སོའི་ཕྱག་མཛོད་ལས་བྱེད་རིམ་བཞིན་བྱུང་ལ། ད་ལྟའི་ཕྱག་མཛོད་ཁང་འདིར་མཁན་རིན་པོ་ཆེ་དབུ་བཞུགས་ཀྱིས་ཕྱག་མཛོད་རྣམ་པ་བཞི་དང་། རྩིས་ཞིབ་པ་ཆེན་མོ་གཅིག །རྩིས་པ་གཉིས། ལས་དྲུང་གསུམ། སྐད་གཉིས་སྨྲ་བའི་དྲུང་ཡིག་གཅིག་བཅས་ལས་གྲུབ་ཅིང་། ཕྱག་ལས་གཙོ་བོ་ནི། གྲྭ་ཚང་འདིའི་འཛིན་སྐྱོང་གི་ལས་དོན་སྤྱི་དང་། ལས་བྱེད་བསྐོ་འཇོག །ཡིག་ཆ་སྤྲོད་ལེན། ཕྱི་འབྲེལ། ༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་གཞིར་བཟུང་གྲྭ་ཚང་འདིའི་སྒྲིག་གཞི་སྔར་ཡོད་རྒྱུན་འཛིན་དང་། དུས་བསྟུན་གྱི་ལེགས་བཅོས། སྐབས་དོན་ཐག་གཅོད་བཅས་ཀྱི་ཆེད། མཁན་རིན་པོ་ཆེ་དང་། དབུ་ཆོས་གཉིས། ཕྱག་མཛོད། ཁམས་ཚན་སོ་སོའི་འཐུས་མི་གཉིས་རེ་བཅས་ལས་གྲུབ་པའི་ཚོགས་འདུ་བསྡུ་སྐོང་གིས་ཐག་གཅོད་གཏན་འབེབས་བྱས་ཏེ། སློབ་གཉེར་ཚགས་ཚུད་ཡར་རྒྱས་ཀྱི་ཐབས་ཇུས་ལམ་སྟོན་དང་བཀོད་སྒྲིག་བྱེད་བཞིན་ཡོད་ལ། དཔལ་འབྱོར་འཚོལ་སྒྲུབ་ཆེད་ཚོགས་སྒེར་སྦྱིན་བདག་ཁག་ལ་འབྲེལ་པ་གསར་འཛུགས་དང་། སྔར་ཡོད་རྒྱུན་མཐུད། སྲ་བརྟན་ཡུན་གནས་བཅས་བྱེད་ཀྱིན་ཡོད། འབྲེལ་མཐུད་དྲ་ཚིགས་ཁག serajeyrigzodchenmo.org serajeymonastery.org selajiesi.org
སེར་བྱེས་འབྲིང་རིམ་སློབ་གྲྭ་ནི། ༧གོང་ས་མཆོག་གི་ཐུགས་བཞེད་དང་། གྲྭ་ཚང་རིན་པོ་ཆེའི་རེ་འདུན་ལྟར། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཐུབ་བསྟན་ནམ། མཁན་ཟུར་བཀའ་འགྱུར་བ་རིན་པོ་ཆེ་དང་། རྒན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་འབུམ་མཆོག་གཉིས་ཀྱིས་ཐུགས་འགན་རྐང་བཞེས་ཐོག་མཁན་ལས་རིམ་བྱོན་དང་། ལྷག་བསམ་ཅན་གྱི་ཕྱི་ནང་གི་མཁས་དབང་དང་འབྲེལ་ཡོད་གང་མང་ཞིག་དང་། སློབ་སྤྱི་ཟུར་བ་ཨ་ཙརྱ་ཏྲེ་དགེ་བཤེས་བསྟན་འཛིན་ཤེས་རབ་སོགས་ཀྱིས་འབད་བརྩོན་རིམ་པར་གནང་བ་ལས་ད་ལྟ་རྒྱ་གར་གཞུང་གིས་འབྲིང་རིམ་སློབ་གྲྭར་ངོས་ལེན་ཡོད་པའི་སེར་མོ་བའི་ཚད་ལྡན་གྱི་སློབ་གྲྭ་ཐོག་མ་དེ་ཡིན། མཁན་ཟུར་བཀའ་འགྱུར་བ་མཆོག་མཁན་པོ་ལས་ཐོག་སྐབས་སློབ་གྲྭ་རྒྱ་བསྐྱེད་ཀྱི་ལས་གཞི་ལམ་ལྷོངས་བྱུང་སྟེ། སློབ་གྲྭ་འདིར་ད་ལྟའི་༢༠༠༦ ཆར་བོད་དང་གཞིས་ཆགས་ཁག །ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་འབྱོར་བའི་སློབ་ཕྲུག་གྲངས་༥༦༧ཡོད་པ་དག་གིས། རྒྱ་གར་དབུས་གཞུང་འབྲིང་རིམ་སློབ་གྲྭའི་ལམ་སྲོལ་གཞིར་བཟུང་བོད་ཡིག་སློབ་ཚན་ཆ་ཚང་དང་། སྤྱི་ཚོགས་ཚན་རིག་སོགས་དེང་དུས་ཀྱི་ཤེས་ཡོན་དང་། བོད་ཀྱི་རིག་གནས་དང་། མཚན་ཉིད། རི་མོ། རྩིས་འཁོར། ཡིག་གཟུགས། དབྱིན་ཡིག་དང་། ཧིན་དྷིའི་ཡི་གེ། རྒྱ་ཡིག་སོགས་སློབ་དགོས་ལ། འཛིན་གྲྭ་ཅུང་ཡར་སླེབས་པ་རྣམས་ལ་བསྡུས་གྲྭ་དང་། དགོངས་དྲོ་ཆོས་ར་འཚོགས་རྒྱུ་དང་། དེར་ལྟ་མཁན་སློབ་གྲྭའི་དཔེ་ཆའི་དགེ་རྒན་རྣམས་དང་། གྲྭ་ཚང་གི་སློབ་གཉེར་བ་བཀའ་རམས་འཛིན་གྲྭའི་གྲྭ་བ་རྒན་པ་གསུམ་རེ་ཟླ་བར་རེས་བསྐོར་ཏེ་ཆེད་ཕེབས་ཀྱི་སློབ་ཕྲུག་རྣམས་ལ་བློ་བསྐྱེད་གནང་བཞིན་ཡོད་ལ། འཛིན་གྲྭ་བཅུ་པ་ནས་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་སྤྲོད་ལ་ཞུགས་དགོས་ཤིང་། འཛིན་གྲྭ་བཅུ་པ་ཐོན་པ་དང་ཆོས་རར་ཞུགས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་དགོས་ལ། འགའ་ཞིག་ཝཱ་ར་ཎཱ་སིའི་མཐོ་སློབ་སོགས་སུ་འཛུལ་ཞུགས་དང་། གྲྭ་ཚང་དང་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་གྱི་ནང་དུ་ཞུགས་ཏེ་སྤྱི་ལ་ཕན་ནུས་ཐོན་པའང་གང་མང་བྱུང་ཡོད། འབྲེལ་མཐུད་དྲ་ཚིགས། serajeschool.net

སེར་བྱེས་ནད་འཕྲོད་ལྟ་སྐྱོང་ཚོགས་པ་ནི། བརྒྱད་ཅུ་གྱ་གྲངས་ནང་ལ་སློབ་གཉེར་བ་མང་དུ་འཕེལ་བ་རྣམས་ལ། རོགས་རམ་བྱེད་མཁན་མེད་པ། ནད་པ་ཉམ་ཐག་ཚོར་བརྩེ་གཟིགས་ཀྱིས། ཕྱི་ལོ་༡༩༨༩ ལོར་༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་སྒོར་ལྔ་ཁྲི་ཐམ་པ་གསོལ་སྩལ་གནང་བ་མ་རྩར་བཞག་སྟེ། རྒྱ་གར་ཡུལ་མི་དང་བོད་མི་སེར་སྐྱ་ཚང་མར་ཕན་ངེས་སྲི་ཞུའི་ཆེད། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག་གིས་ཐུགས་ཁུར་དང་། སྤྱི་ཁྱབ་དབུ་འཛིན་གྱི་མཚན་བཞེས་ཏེ། ཏྲེ་དགེ་བཤེས་བློ་བཟང་བརྩོན་འགྲུས་དང་། མངའ་དགེ་བཤེས་བློ་བཟང་རྒྱལ་མཚན། བྲ་དགེ་བཤེས་བློ་བཟང་ཡོན་ཏན། གཙང་དགེ་བཤེས་ཐུབ་བསྟན་དགེ་འཕེལ་བཅས་ཀྱིས་ཐོག་མར་སྨན་ཁང་ཆུང་ངུ་ཞིག་ཆེད་འཛུགས་ཀྱིས་རྒྱ་གར་གཞུང་ལ་དེབ་སྐྱེལ་ཞུས་ཤིང་། རིམ་བཞིན་སྨན་ཁང་རྒྱ་བསྐྱེད་ཐོག །སྨན་པ་གདན་ཞུས་དང་། སྨན་ཞབས་གསོ་སྐྱོང་གིས་ཡུལ་མི་དང་རིས་མེད་སེར་སྐྱ་ཡོངས་ལ་བརྟག་དཔྱད་རིན་མེད་དང་། སྨན་ཡོན་ཕྱེད་བཅག་དང་། དགེ་འདུན་དམངས་ཀྱི་བཞེས་ཆབ་ཀྱི་ཆེད་དུ་ཆུ་མཛོད་གསར་རྒྱག་གིས་ཆབ་ཆུ་འགྲེམ་གཏོང་། དགོན་པའི་གླིང་བར་གྱི་གད་སྙིགས་གཙང་བཟོ། ཞོགས་པར་རྟག་ཏུ་སྒོ་འགྲམ་དུ་འདྲུད་འཐེན་འཁོར་ལོ་ཆེད་གཏོང་གིས་གད་སྙིགས་དབོར་འདྲེན། སོགས་དགེ་འདུན་དམངས་ཀྱི་འཕྲོད་བསྟེན་གྱི་འགན་རྐང་ལེན་བྱེད་ཀྱིན་ཡོད་ལ། ད་ལྟའི་དུས་སུ་གསོལ་སྨན་ཕལ་ཆེ་བ་རིན་མེད་ཐོག་སྤྱི་ཚོགས་ཞབས་ཞུར་བརྩོན་བཞིན་པ་དང་། སྡེ་ཚན་དེར་བརྟག་དཔྱད་ཁང་དང་། གློག་པར་ཁང་། ཁྲག་ལུད་བརྟག་དཔྱད་ཁང་། རྨ་བཅོས་སྡེ་ཚན། ཀྲི་སྦི་བརྟག་དཔྱད་དང་། བོད་སྨན་དང་ཕྱི་ལུགས་གཉིས་ཀྱི་ཆེད་མཁས་སྨན་པ་དང་སྨན་སྤྲོད་ཁང་སོགས་ཡོད། འབྲེལ་མཐུད་དྲ་ཚིགས། serajhehealth.org

སེར་བྱེས་དཔེ་མཛོད་ཁང་ནི། སེར་བྱེས་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་ཉིས་བརྒྱ་ལྷག་སྦག་སར་བཞུགས་སྐབས། རང་ཁུངས་ཡིག་ཆ་རྣམས་སྣུམ་པར་བརྒྱབ་སྟེ་སློབ་གཉེར་བ་རྣམས་ལ་མཁོ་འདོན་གང་ལེགས་གནང་བ་དང་། ༡༩༦༤ ལོར་སྦག་སར་གཙང་དགེ་བཤེས་ངག་དབང་ཆོས་བཟང་དང་། རྩེད་ཐང་དགེ་བཤེས་ཐུབ་བསྟན་ངག་དབང་གཉིས་ཀྱིས་ཕར་ཕྱིན་སྐབས་དང་པོའི་སྤྱི་དོན་དང་། དབུ་མའི་སྤྱི་དོན། གྲུབ་དོན་ས་གསུམ། རྗེ་བཙུན་རྣམ་འགྲེལ་བཅས་ཀྱི་ཤིང་པར་བདག་གཉེར་གྱིས། ད་ལྟའི་གནས་ཡུལ་འདིར་འབྱོར་བའི་སྟེང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ངག་དབང་ལེགས་ལྡན་མཆོག་མཁན་པོ་ལས་ཐོག་གི་སྐབས། ལྷག་མའི་རང་ཁུངས་ཡིག་ཆ་ཚང་མ་ཤིང་པར་ཐོག་བརྐོ་འཇོག་གིས། སྐབས་སོ་སོའི་འགན་འཛིན་དག་གིས་འབད་འབུངས་ལ་བརྟེན་ནས་ཡིག་ཆ་གང་མང་གི་པར་ཤིང་བདག་གཉེར་བྱས་ཡོད་ཅིང་། ༡༩༩༧ ལོར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བྱམས་པ་ཐེག་མཆོག་མཁན་པོ་ལས་ཐོག་གི་སྐབས། ལོ་དེའི་ཕར་ཕྱིན་འཛིན་གྲྭ་བ་རྣམས་ཀྱིས། སློབ་གཉེར་བ་རྣམས་ལ་གཟིགས་དཔེ་དཀོན་རིགས་འཚོལ་སྒྲུབ་དང་པར་སྐྲུན་གྱིས་མཁོ་སྒྲུབ་ཆེད། གནའ་དེང་ཟུང་འབྲེལ་གྱི་ད་ལྟའི་དཔེ་མཛོད་ཁང་འདི་བཙུགས་པ་ཡིན། ལོ་བཅུའི་འགན་འཛིན་སྐབས་གཉིས་རིང་ཏྲེ་དཀོན་མཆོག་བསྟན་འཛིན་དང་། ཏྲེ་དགེ་བཤེས་དངོས་གྲུབ་ཚེ་དབང་གཉིས་ཀྱིས་འགན་བཞེས་ཏེ། དེང་དུས་དེབ་གཟུགས་དང་དཔེ་རིང་གསུང་འབུམ། དབྱིན་རྒྱ་སོགས་སྐད་རིགས་གཞན་དུ་ཡོད་པའི་དཔེ་དེབ་མང་པོ་དང་། དཔེ་ཁྲིད་སོགས་ཀྱི་སྒྲ་དང་བརྙན་གྱི་འོད་སྡེར་གང་མང་འཚོལ་སྒྲུབ་དང་པར་སྐྲུན་བྱས་ཡོད། ད་ལྟའི་དུས་སུ་ཤིང་པར་ཁང་དང་། གློག་ཀླད་སྡེ་ཚན་སོགས་གཅིག་ཏུ་ཟླ་སྒྲིལ་གྱིས་སློབ་གཉེར་བར་གཟིགས་དཔེ་སོགས་མཁོ་འདོན་གནང་བཞིན་ཡོད།
སེར་བྱེས་པར་ལས་སྡེ་ཚན། ༧གོང་ས་མཆོག་གིས་ལམ་སྟོན་དང་། དགེ་ལྡན་སྤྱིའི་སྒྲིག་གཞིར་དགོན་པའི་ནང་དུ་པར་ཆས་སོགས་ཉར་མི་ཆོག་པའི་གནས་སྟངས་འོག །བྱེད་སྒོ་གང་མང་ཞིག་བརྙན་དང་པར་ལེན་དགོས་པ་དང་། ལོ་རྒྱུས་རང་བཞིན་ཅན་གྱི་བརྙན་དང་པར་སོགས་མ་འོངས་ཡུན་གནས་ཉར་ཚགས་དང་འཚོལ་སྒྲུབ་ཀྱི་ཆེད་དུ། ༢༠༠༥ ལོར་གསར་འཛུགས་དང་། སྐབས་དང་པོའི་འགན་འཛིན་ལྷོ་དགེ་བཤེས་སྐལ་བཟང་ཨེ་ལགས་དང་། བྲ་རབ་རྒྱས་སོགས་ཀྱིས་འགན་རྐང་བཞེས་ཏེ་གྲྭ་ཚང་གི་བྱེད་སྒོ་ཁག་གཙོ་བྱས་པའི་མཛད་སྒོ་དང་བྱེད་སྒོ་གལ་ཆེ་བ་དག་པར་དང་། བརྙན་ལེན་པ། སློབ་གཉེར་པ་རྣམས་ལ་དཔེ་ཁྲིད་སོགས་འོད་སྡེར་དང་འཐེབ་སྡེར་སོགས་སུ་ཕབ་ལེན། ཕྱེད་པར་སོགས་མྱུར་དུ་དགོས་རིགས་ལ་ཐད་ཀར་པར་ལེན་གྱིས་མཁོ་འདོན་གནང་བ་དང་། བདུན་རེའི་གསར་འགྱུར་གྱི་བརྙན་རྣམས་ཕྱོགས་བསྡུས་དང་ཕབ་ལེན་གནང་སྟེ། བདུན་རེའི་གུང་སེང་གི་དགོངས་དྲོར་གྲྭ་ཚང་གི་ཆོས་རའི་ནང་དུ་གྲྭ་ཚང་བྱེས་སྨད་གཉིས་ཀྱི་དགེ་འདུན་དམངས་གཙོ་བྱས་ཏེ་སེར་སྐྱ་ཡོངས་ལ་གཟིགས་འབུལ་ཞུ་བཞིན་པ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྒྲུབ་བཞིན་ཡོད་ཅིང་། ༢༠༡༥ ལོར་སེར་བྱེས་སྒྲ་བརྙན་ཕབ་ལེན་ཁང་གསར་དུ་ལེགས་གྲུབ་བྱུང་བ་ནས། སྦག་ས་ནས་ཕེབས་པའི་གནས་བརྟན་བགྲེས་སོང་རྣམས་རེས་མོས་ཀྱིས་གདན་ཞུས་གནང་སྟེ་ང་བརྒྱད་སྔོན་གྱི་གྲྭ་ཚང་གི་ལོ་རྒྱུས་སོགས་དང་མི་ཚེ་ལོ་རྒྱུས་སོགས་སྒྲ་བརྙན་ཕབ་ལེན་ཀྱང་གནང་མུས་སུ་ཡོད།
སེར་བྱེས་སྤྱི་ཐབ་ཁང་ནི། ༡༩༧༠ ལོར་རྒྱ་གར་གཞུང་གིས་སེ་རའི་དགེ་འདུན་པ་ཞལ་གྲངས་༣༠༠ ཙམ་ལ་ས་ཞིང་ཨེ་ཀར་༢༡༠ གནང་བ་གྲྭ་ཚང་བྱེས་སྨད་གཉིས་ཆ་བགོས་གཞིར་བཟུང་སོ་ནམ་ཞིང་ལས་ཀྱི་ཐོན་འབབ་ལས་འཚོ་བ་བསྐྱལ་བ་ལ། ༡༩༧༤ ལོར་ལྟོ་ཚང་ཁག་འགའ་ཤས་ཡོད་པ་བསྡོམས་ཏེ་གྲྭ་ཚང་གི་སྤྱི་ཐབ་ཁང་གསར་འཛུགས་གནང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག་མཁན་པོ་ལས་ཐོག་སྐབས། སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེར་རོགས་མགོན་ཡོང་རྒྱུའི་གསུང་སྐུལ་ནན་ཏན་ཞུས་འབྲས་སུ་ཐབས་འཚོལ་ཞལ་བཞེས་དོན་འཁྱོལ་བྱུང་སྟེ། ཟླ་རེར་དགེ་འདུན་རེར་ལྟོ་ཐབ་འབུལ་མུར། ༡༩༩༥ ལོར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བྱམས་པ་ཐེག་མཆོག་མཁན་པོ་ལས་ཐོག་སྐབས། དགེ་འདུན་པའི་འཚོ་བ་ཉིན་འཁྱོངས་ནར་གཏོང་ཐུབ་པ་བྱུང་ཞིང་། ལས་བྱེད་འགན་འཛིན་མི་གཉིས་དང་ལས་རོགས་མི་ལྔ་ཡོད་པ་དང་། ཟླ་བ་གཅིག་ལྷག་གི་ནང་ཚར་རེར་འཛིན་གྲྭ་བསྡུས་འབྲིང་ནས་འདུལ་བའི་བར་ཐབ་རེས་ལ་ཕེབས་དགོས་ཤིང་། དཀར་ཟས་ཁོ་ནར་བསྟེན་བཞིན་ཡོད།
སེར་བྱེས་རྟ་མགྲིན་ཁང་ནི། མུས་སྲད་པ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་སྐབས། ངེད་ཀྱི་ཕ་མེས་ཀྱིས་རྟ་མགྲིན་ཡང་གསང་འདི་ལ་ཡི་དམ་བྱེད་ཀྱི་ཡོད་པས་དེ་རང་ཆོག་གམ་ཞུས་པ་ན། རྗེའི་ཞལ་ནས་ཡི་དམ་འདི་མགོན་པོ་ཀླུ་སྒྲུབ་ཀྱི་གསང་བའི་ཡི་དམ་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས། ཅི་ནས་ཀྱང་བསྟེན་ཆོག །ཁྱེད་ཀྱི་མ་འོངས་པའི་གྲྭ་ཚང་དེ་ཡང་ཀླུ་སྒྲུབ་ཀྱི་ལྟ་བ་ལ་འཆད་ཉན་བྱེད་པའི་དབུ་མའི་གྲྭ་ཚང་ཕུལ་དུ་བྱུང་བ་ཞིག་ཡོང་བར་འདུག་ཅེས་ལུང་བསྟན། ཡི་དམ་འདིའི་སྐུ་དངོས་སུ་བསྟན་ནས། ང་ལ་བསྟེན་ན་ཁྱེད་ཡབ་སྲས་སློབ་བརྒྱུད་དང་བཅས་པའི་བསྟན་པ་ཚུལ་བཞིན་འཛིན་པ་རྣམས་སྐྱོང་བའི་ཞལ་བཞེས་མཛད། མུས་སྲད་པར་ཡབ་རྟོགས་ལྡན་མགོན་པོས་ཀྱང་ཡི་དམ་འདི་དང་མི་འབྲལ་བར་གྱིས་ཞེས་རྟ་མགྲིན་གྱི་ཆོས་སྐོར་ཆ་ལག་དང་བཅས་པ་ཆེད་གཉེར་གྱིས་གནང་། ཀུན་མཁྱེན་མཆོག་སེ་རར་ཞབས་སྐོར་ལ་ཕེབས་རེས་བཞིན། ན་བཟའ་ཚེར་མའི་ཕུང་པོ་ཞིག་ལ་ཐོགས་པ་བྱུང་བ་དང་། ཤིང་སེ་བའི་ཕུང་པོ་དེར་བྱ་རོག་དམར་པོ་ཞིག་ཐིམ་པའི་ཉམས་སྣང་བྱུང་བར། དེ་ལ་ནན་གྱིས་གཟིགས་པས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཡུམ་བཅས་རྟ་སྐད་ལྷང་ལྷང་འཚེར་བ་སོགས་ཡི་དམ་གྱི་ཞལ་གཟིགས། སེ་ཤིང་དེ་སྲོག་ཤིང་མཛད་ནས་ཀུན་མཁྱེན་པ་རང་ཉིད་ཀྱི་ཆོས་གོས་གཡོགས་ནས་རྟ་མགྲིན་ཡང་གསང་གི་སྣང་བརྙན་བཞེངས་ཏེ། རབ་གནས་གནང་། སྒྲུབ་མཆོད་བཙུགས །ཀུན་མཁྱེན་པ་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། སོགས་བར་མ་ཆད་པར་བརྒྱུད་དེ་འཕགས་ཡུལ་སེར་བྱེས་གྲྭ་ཚང་དུའང་བསྙེན་སྒྲུབ་མཆོད་གཏོར་གྱི་ཕྱག་བཞེས་བརྒྱུད་ལྡན་བླ་མ་དམ་པ་ཚོའི་ཕྱག་བཞེས་ངོས་གཙང་པར་གནས་ཤིང་། འདུ་ཁང་གི་ཟུར་དུ་རྟ་མགྲིན་ཁང་དང་ཡི་དམ་སོགས་ཀྱི་སྐུ་བརྙན་གསར་བཞེངས་དང་། བསྐང་གསོ་དང་། རྡུལ་ཚོན་ལ་འབྲེལ་བའི་རབ་གནས་དགེ་ལེགས་ཆར་འབེབས། དམིགས་བསལ་བོད་བསྟན་སྲིད་དང་འབྲེལ་བའི་གཏོར་སྒྲུབ་དང་། སྒྲུབ་མཆོད། ༡༩༩༧ ལོ་ནས་བོད་བསྟན་སྲིད་སྤྱི་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་སོགས་རིས་མེད་ཀྱི་བསྟན་འཛིན་དམ་པ་རྣམས་ཀྱི་ཞབས་རིམ་ལ་ཆེད་དམིགས་ཀྱིས། མཁན་ལས་ཟུར་རྒྱལ་སྲས་བླ་སྤྲུལ། དགེ་འདུན་དམངས་སོགས་ཉིན་གྲངས་བཅུ་ལྷག་ལ་རྟ་མགྲིན་ཡང་གསང་གི་ལས་རུང་དང་། ཁ་སྐོང་སྦྱིན་སྲེག་གནད་སྨིན་ལོ་རེར་ཆད་མེད་སྒྲུབ་བཞིན་པ་སོགས་ཀྱིས་ཡི་དམ་འདི་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད།
སེར་བྱེས་སློབ་གཉེར་ཁང་ནི། ༡༩༧༣ ལོར་གསར་དུ་དབུ་བརྙེས་པ་ཞིག་ཡིན། གྲྭ་ཚང་འདིའི་སྔོན་འགྲོའི་བསྡུས་ཆུང་འཛིན་གྲྭ་ནས་བཟུང་སྟེ། ཆོས་རར་འགྲིམ་བཞིན་པའི་སློབ་གཉེར་བ་རྣམས་ཆོས་རར་ཕེབས་རིམ་བཞིན་ཐོ་བཤེར་གཏོང་བ་དང་། ཆད་ཐོ་ལྟར་ཉེས་ཆད་ལྷོད་ཡངས་སུ་མ་ཤོར་བར་བྱེད་པ་དང་། ལོ་འཁོར་རྒྱུགས་སྤྲོད་ཁག་གི་སྔ་ཕྱི་བར་གསུམ་གྱི་ལས་རིམ་ལ་རྐང་འགན་བཞེས་ཏེ། སློབ་ཚན་ཚང་མའི་བརྒྱ་ཆའི་ཨང་ཐོ་ཕྱོགས་བསྡོམས་གཞིར་བཟུང་གཟེངས་རྟགས་དང་། བཀའ་པོད་ལྔ་སོ་སོའི་འཛིན་གྲྭ་ཐོན་རིམ་བཞིན་ཕྱག་འཁྱེར་འབུལ་སྤྲོད་སོགས་ཀྱིས་མཚོན། སློབ་གཉེར་ཚགས་ཚུད་ཡར་རྒྱས་གཏོང་ཐབས་སུ་ཤེས་ཡོན་དང་སྤྱོད་པ་གཉིས་ཀར་ལྟ་རྟོག་དོ་དམ་བྱས་ཏེ། སློབ་གཉེར་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐབས། སློབ་གཉེར་བའི་རྒྱུགས་སྤྲོད་ཀྱི་ཨང་དང་ལོ་རྒྱུས་རགས་བསྡུས་ཉར་ཚགས་དང་། བཟང་ངན་ཤན་འབྱེད་ཀྱིས་བཟང་པོར་རྟིང་སྐུལ་དང་། སློབ་གཉེར་བ་བཟང་གྲས་རྣམས་འཇང་དགུན་ཆོས་སོགས་དང་། དགེ་ལུགས་རྒྱུགས་སྤྲོད་དུ་གཏོང་བ་སོགས་ཀྱི་སྡེ་ཚན་གལ་ཆེན་ཞིག་ཡིན་ཞིང་། ལས་བྱེད་རྣམས་ནི་ལྷ་རམས་དགེ་བཤེས་ཐོན་པ་ཤ་སྟག་དང་། སྐབས་སོ་སོར་གྲྭ་ཚང་ཚོགས་མང་ནས་འོས་ཤོག་བླུགས་ཏེ་རྩེ་བཏོག་གིས་བསྐོ་འཇོག་བྱེད་བཞིན་ཡོད། སྐབས་དང་པོར། ཏྲེ་དགེ་བཤེས་བློ་བཟང་ཐུབ་བསྟན། ༼མཁན་ཟུར་བཀའ་འགྱུར་བ།༽ བྱ་དགེ་བཤེས་བཀྲ་ཤིས་འབུམ་གཉིས་ནས་འགན་རྐང་བཞེས་ཤིང་། སློབ་གཉེར་རྒན་བྲ་དགེ་བཤེས་བློ་བཟང་ཆོས་དར་དང་། ལྭ་དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ་གཉིས་ཀྱི་སྐབས་སུ་གྲྭ་ཚང་གི་གཙུག་ལག་ཁང་གི་འོག་ད་ལྟའི་ལས་ཁུངས་ཡོད་ས་དེར་ལས་ཁུངས་གསར་འཛུགས་བྱས་ཏེ། ཡར་རྒྱས་དང་ཚགས་ཚུད་བྱུང་བ་ཡིན་ལ། གྲྭ་ཚང་གི་ཆོས་རའི་ནང་གི་ཤིང་སྡོང་ཚང་མ་ཡང་སྐབས་དེར་རྒན་རྣམ་པ་གཉིས་རང་ཉིད་ཀྱིས་ལག་དངོས་སུ་འགུལ་ཏེ། ཚ་གདུང་ལ་མ་འཛེམས་པར་གསར་དུ་བཙུགས་པ་ཡིན།
སེར་བྱེས་ཡིད་དགའ་ཆོས་གླིང་ནི། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དོན་ཡོན་མཆོག་མཁན་པོ་ལས་ཐོག་དང་། ཕྱག་མཛོད་ལྷོ་དགེ་བཤེས་ཐུབ་བསྟན་སྨོན་ལམ་སོགས་ཀྱི་སྐབས་སུ་ཕྱི་ཕྱོགས་ཀྱི་འགྲུལ་པ་དང་། ལྷག་པར་གྲྭ་ཚང་གི་སྐུ་མགྲོན་རྣམས་ཕེབས་སྐབས་བཞུགས་སར་བཟོ་སྐྲུན་བྱས་ཏེ་༢༠༠༤ ལོར་ལེགས་གྲུབ་བྱུང་ལ། འགྲོན་ཁང་གི་དབུས་ཀྱི་སྟེང་ཁང་དུ། ཟབ་སྦྱོང་དང་། བགྲོ་གླེང་། ནང་ཆོས་ངོ་སྤྲོད། གུང་སེང་གི་སྐབས་སུ་བོད་རིགས་སློབ་ཕྲུག་རྣམས་ལ་བོད་ཀྱི་རིག་གནས་དང་། བསྡུས་གྲྭ་སོགས་སློབ་ཁྲིད་བྱེད་སར་དམིགས་ཏེ་བཞེངས་པའི་ཚོམས་ཆེན་དུ། ཚན་རིག་ཟབ་སྦྱོང་དང་། ནང་ཆོས་ངོ་སྤྲོད། ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་དང་ཚོགས་འདུ། སློབ་ཕྲུག་རྣམས་ལ་རིག་གནས་སོགས་ཀྱི་ཟུར་ཁྲིད་སོགས་ཚོགས་དང་འཚོགས་བཞིན་པ་ཡིན།
སེར་བྱེས་ཤ་མེད་དཀར་སྐྱོང་བཟོ་གྲྭ་ནི། ཕྱི་ལོ་ ༢༠༠༦ ལོར་སྐབས་བཅོ་བརྒྱད་པའི་ཕྱག་མཛོད་རྣམ་པའི་སྐབས་སུ་བཟོ་གྲྭ་འདི་གསར་འཛུགས་བྱས་པ་ཡིན་ཞིང་། བཟོ་གྲྭ་འདིས་འཕྲུལ་བཟོའི་འོ་མ་དང་། ཞོ། ཆུར་བ། སྲན་ཞོ། ཤིང་ཏོག་གི་ཁུ་བ་འདྲ་མིན་སོགས་བཏུང་བའི་རིགས་བཟོ་སྐྲུན་བྱས་ཏེ། དགེ་འདུན་པ་རྣམས་དཀར་སྐྱོང་ཟས་རིགས་ལོངས་སྤྱོད་རྒྱུ་འཇགས་ཐབས་བྱེད་ཀྱིན་ཡོད།
སེར་བྱེས་མཚམས་ཁང་ནི། དགེ་འདུན་པ་བསྙེན་མཚམས་སོགས་ལ་བཞུགས་མཁན་རྣམས་ལ་བཞུགས་ཁང་གི་མཐུན་རྐྱེན་དུ་ཁང་པ་གཅིག་རེའི་ནང་དུ་སྒོམ་ཁང་དང་། ཁྲུས་ཁང་སོགས་རང་འགྲིག་ཡོད་པ་ར་སྐོར་དང་བཅས་པ། ཕྱི་ལོ་༢༠༠༤ ལོར་ལེགས་པར་གྲུབ་སྟེ། ད་ལྟ་བསྙེན་མཚམས་དང་སྒོམ་སྒྲུབ་རྒྱག་མཁན་རྣམས་བཞུགས་ཡོད།
སེར་བྱེས་ཚན་རིག་སྡེ་ཚན་ནི། ལོ་མང་རིང་ལ་ཧ་དགེ་བཤེས་ཉི་མ་བཀྲ་ཤིས་ཀྱིས་འགན་རྐང་བཞེས་ཏེ། གྲྭ་ཚང་བྱེས་སྨད་གཉིས་ཀྱི་ཚན་རིག་འཛིན་གྲྭ་བ་རྣམས་མཉམ་དུ་འཚོགས་བཞིན་ཡོད་པ་ལས། ཕྱི་ལོ་༢༠༡༣ ལོའི་ཟླ་༧ ཚེས་༧ ཉིན་ཏེ་སྐུའི་འཁྲུངས་སྐར་ཉིན་རྗེས་མ་དེར། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་གི་འཛིན་ཁང་དང་། བརྟག་དཔྱད་ཁང་གསར་དུ་དབུ་འབྱེད་གནང་སྟེ། གྲྭ་ཚང་གི་ཚན་རིག་འཛིན་གྲྭ་ཟུར་དུ་གསར་འཛུགས་དང་། གྲྭ་ཚང་གི་སློབ་གཉེར་བའི་དབུ་མ་འཛིན་གྲྭ་ཡན་འཛིན་གྲྭར་ཞུགས་དགོས་ཤིང་། ཚན་རིག་འཛིན་གྲྭ་བཞི་ཡོད། སྡེ་ཚན་འདི་ཟུར་དུ་བཙུགས་པ་ནས་ཚན་རིག་གི་ཟབ་སྦྱོང་རིམ་པ་ཁ་ཤས་དང་། དྲ་ཐོག་འཛིན་གྲྭ། ཚན་རིག་བརྡ་ཆད་ཀྱི་སྦྱོང་བརྡར། ཚན་རིག་བགྲོ་གླེང་། རྩིས་འཁོར་གྱི་སློབ་ཁྲིད་དང་ཟབ་སྦྱོང་། ཚོད་ལྟ་ཁང་དུ་ཚན་རིག་གི་སློབ་ཚན་དང་མཐུན་པའི་བརྟག་དཔྱད་སོགས་དང་། སྔོན་མའི་ཚན་རིག་གི་སློབ་ཟུར་རྣམས་ལའང་ཚན་རིག་གི་འཛིན་གྲྭ་མུ་འཐུད་འཚོགས་བཞིན་པ། སློབ་གཉེར་བ་བྱིངས་ལ་ཚན་རིག་གི་གོ་རྟོགས་སྤེལ་ཕྱིར། ཚན་རིག་གི་འགྲེམས་སྟོན་དང་། ཚན་རིག་དང་འབྲེལ་བའི་བརྙན་འཕྲིན་གཟིགས་འབུལ་ཞུ་བཞིན་ཡོད་ཅིང། ཚན་རིག་འཛིན་གྲྭ་རྙིང་པའི་གྲས་ཀྱི་ཨ་རིའི་ཨེ་མོ་རིའི་མཐོ་སློབ་ནས་སློབ་མཐར་ཕྱིན་ཏེ་ཡོང་བ། གཙང་དགེ་བཤེས་ངག་དབང་ནོར་བུ་དང་། ཧ་ལྷ་རམས་པ་ཐབས་མཁས། ༢༠༡༥ ལོར་ཨ་རིའི་མཐོ་སློབ་དེ་ནས་གསར་དུ་སློབ་མཐར་ཕྱིན་པ་མངའ་མཁས་མཆོག་བཅས། ཨ་རི་ནས་ཚན་རིག་གི་མཐོ་སློབ་མཐར་ཕྱིན་པ་གསུམ་ཡོད་པའི་ཁོངས་ནས་གཅིག་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་བཞིན་པ་ནས། གཙང་དགེ་བཤེས་ངག་དབང་ནོར་བུ་འགན་འཛིན་དང་། མངའ་མཁས་མཆོག་གིས་ལས་རོགས་གྱི་འགན་བཞེས་ཏེ། ཚན་རིག་གི་དགེ་རྒན་གདན་ཞུ་དང་། ཕྱི་རྒྱལ་ནས་ཕེབས་པའི་དགེ་རྒན་རྣམས་ཀྱི་སྐད་བསྒྱུར། འཛིན་གྲྭ་འཁྲིད་རྒྱུ། འཛིན་གྲྭར་སྟངས་འཛིན། ཚན་རིག་གི་ཟབ་སྦྱོང་སོགས་གོ་སྒྲིག་ཞུ་བཞིན་ཡོད་ལ། གཞུང་ཆེན་སློབ་གཉེར་ལ་མི་གནོད་པའི་ཆེད་དུ། ཉིན་རེའི་ཉིན་གུང་གི་ངལ་གསོའི་ཆུ་ཚོད་གཅིག་རེ་དང་། དགོང་དྲོའི་ཆོས་རའི་བསྐོང་ཚོགས་ཀྱི་སྐབས་སུ་འཛིན་གྲྭ་རེས་མོས་བྱས་ཏེ་ཚན་རིག་འཛིན་གྲྭ་རྣམས་ལ་སློབ་ཚན་མ་ཆད་པར་འགྲོ་མུས་སུ་ཡོད།
སེར་བྱེས་རིག་མཛོད་ཆེན་མོ་ནི།
རང་རིགས་ཀྱི་སྐད་དང་ཡི་གེ །ཆོས་དང་རིག་གཞུང་ཡུན་གནས་དང་། མི་ཉམས་གོང་འཕེལ། ཉམས་པ་སླར་གསོ་སོགས་ཀྱི་ཆེད་དང་། བརྡ་འཕྲིན་གྱི་དུས་རབས་འདིར་དུས་དང་བསྟུན་པའི་ཡར་རྒྱས་དང་སྲུང་སྐྱོབ། ཁྱབ་སྤེལ་བྱ་རྒྱུ་གལ་ཆེ་བ་དང་། གངས་ཅན་པའི་ཆོས་དང་སྐད་ཡིག །རིག་གཞུང་ལ་དུང་བ་ཟབ་པའི་རིས་མེད་ཀྱི་སྐྱེ་བོ་རྣམས་ལ་ཞབས་འདེགས་ཕྲན་ཙམ་ཞུ་སླད་དང་། གྲྭ་ཚང་རང་གི་ལྷག་བསམ་དང་མཁྱེན་དཔྱོད་ཡངས་པ་གང་མང་ཞིག་གིས་ཀྱང་ཞུ་སྐུལ་བྱུང་བ་ལ་བརྟེན་ནས། ཕྱི་ལོ་༢༠༡༤ ལོར་མཁན་པོ་ལས་ཐོག་རྗེ་བཙུན་བློ་བཟང་བདེ་ལེགས་རིན་པོ་ཆེ་མཆོག་དང་། ལྷོ་དགེ་བཤེས་ཐུབ་བསྟན་སྨོན་ལམ་དང་། ཧ་དགེ་བཤེས་བློ་བཟང་ལྷུན་གྲུབ། ཧ་དགེ་བཤེས་བློ་བཟང་སྒྲ་དབྱངས། ཏྲེ་དགེ་བཤེས་ཟླ་བ་བཟང་པོ་རྣམས་ཕྱག་མཛོད་ཀྱི་སྐབས་སུ། ལྷོ་དགེ་བཤེས་ཐུབ་བསྟན་སྨོན་ལམ་གྱིས། བསམ་བྱ་གཞུང་ཀླུ་སྒྲུབ་ལ་ནན་ཆེར་བསྐུལ་བ་ལ་བརྟེན་ནས་ཁས་ལེན་ཞུས་ཏེ། ལས་ཀ་བྱེད་སྟངས་སོགས་དང་དྲ་ཚིགས་དངོས་སུ་འཆར་འགོད། དྲ་ཚིགས་ཀྱི་མིང་གཏན་འབེབས། རྒྱུས་ཆ་དང་ཡིག་ཆ་འཚོལ་སྒྲུབ་སོགས་དང་། དྲ་ཚིགས་སྒྲིག་བཟོའི་ཆེད་མཁས་པ་གདན་ཞུས་ཀྱིས། དྲ་ཚིགས་གསར་བཟོ་སོགས། ལོ་དེའི་ཕྱི་ཟླ་༡༠པའི་ཕྱི་ཚེས་༡༥ ཉིན་ལས་འགོ་དངོས་སུ་བཙུགས་ཤིང་། རིམ་གྱིས་ལས་བྱེད་དུ་ཐོ་འགོད་བྱེད་མཁན་བྱུང་བ་རྣམས་ལས། འཛིན་གྲྭ་རྒན་པའི་གྲས། གཞུང་དང་རིག་གནས་སོགས་ལ་ཤེས་རྒྱ་ཡོད་པའི་རྒྱུས་ཡོད་ཀྱི་ལས་རོགས་ཁ་ཤས་འདེམས་སྒྲུག་བྱས་ཤིང། འགན་འཛིན། བྱ་གཞུང་ཀླུ་སྒྲུབ་པ། ལས་རོགས། བྱ་དམ་ཆོས་འོད་ཟེར། བསམ་བློ་བཟང་བསྟན་པ། ལྷོ་སྐལ་བཟང་ཐར་འདོད། བྱ་གྲོལ་སྡེ་རྒྱ་མཚོ། མངའ་ཐུབ་བསྟན་ཚེ་རིང་། བྱ་བདེན་དོན་རྒྱ་མཚོ། ལྷོ་བྱམས་པ་ཚུལ་ཁྲིམས། བཅས་ཀྱིས་འགན་བླངས་ཏེ། PDF ནང་དུ་ཡོད་པའི་པར་རྩ་པོ་ཏི་ཆིག་སྟོང་བརྒལ་བ། Word ནང་དུ་ཡོད་པའི་པར་རྩ་བརྒྱ་ཕྲག་མང་པོ། སྒྲ་མཛོད་ཀྱི་ནང་དུ་ཁྲིད་སོགས་ཀྱི་རིགས་ཚན་པ་བརྒྱ་ཕྲག་ཁ་ཤས་དང་། བརྙན་གྱི་ནང་དུ་གློག་བརྙན་གྱི་རིགས་མང་པོ། པར་མཛོད་དུ་པར་རྙིང་སོགས་འདྲ་པར་གང་མང་འཚོལ་སྒྲུབ་དང་ཉར་ཚགས། འཕྲུལ་དེབ་དང་སྒྲ་བརྙན་སོགས་རྩོམ་སྒྲིག་དང་། བདུན་ཕྲག་རེར་ངལ་གསོའི་གསོལ་ཇའི་བར་མཚམས་སུ་དེབ་གཟུགས་སྒྲིག་སྦྱོར་སོགས་ལ་སྦྱོང་བརྡར། རིག་མཛོད་དཔེ་ཚོགས་དང་། དབུ་ཕར་སོགས་གཞུང་ཆེན་ཁག་གི་དེབ་ཕྲེང་སོགས་རིམ་བཞིན་པར་སྐྲུན། འཕྲུལ་དེབ་ཀྱི་དཔྱད་བརྗོད་དུས་དེབ་ཐོག་མ་འགྲེམས་སྤེལ། གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམས་ཀྱི་ནང་ཆོས་ངོ་སྤྲོད་སོགས་སྒྲ་སྡུད་འཕྲུལ་ཆས་སུ་ཕབ་ལེན། དོ་བདག་གཞན་གྱིས་རེ་འདོད་བཞིན་དེབ་གཟུགས་རྩོམ་སྒྲིག་སོགས། གྲྭ་ཚང་སོགས་ཀྱི་བྱེད་སྒོ་གལ་ཆེ་བ་སོགས་དང་། ཕྱོགས་གཞན་གྱི་གནས་ཚུལ་གསར་པ་རྣམས་གསར་འགྱུར་འགོད་པ་སོགས་སྤྱི་སྒེར་ལ་སྨན་པའི་ལས་གཞི་གང་མང་ཞིག་མུ་མཐུད་དེ་འགྲོ་བཞིན་ཡོད།

གྲྭ་ཚང་གི་བྱེད་སྒོ་ཁག