- མདུན་ངོས།
- ཚོམས།
- ངོ་སྤྲོད་ཀྱི་ཚོམས།
- འཇང་དགུན་ཆོས་ཆེན་མོའི་ངོ་སྤྲོད།
འཇང་དགུན་ཆོས་ཆེན་མོའི་ངོ་སྤྲོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བཤད་སྒྲུབ་བསྟན་པའི་འབྱུང་གནས་གདན་ས་ཆེན་པོ་གསུམ་ལ་སོགས་པའི་རི་བོ་དགེ་ལྡན་པའི་ཕྱག་སྲོལ་འཇང་དགུན་ཆོས་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་ཆོས་ཐོག་འདིའི་ངོ་སྤྲོད་རགས་ཙམ་ཞུ་ན། དེ་ཡང་གྲོང་ཁྱེར་ལྷ་སའི་ནུབ་ངོས་ཆུ་ཤུར་རྫོང་ཁོངས། འཇང་དགོན་པ་ཞེས་པ་ཞིག་ཡོད་པ་དེ་ནི་ལོ་རྒྱུས་ཡུན་རིང་ལ་གྲགས་ཆེ་བའི་དགོན་པ་ཞིག་ཡིན། དགོན་གནས་དེ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རླབས་པའི་གནས་ཡིན་པར་གྲགས། དགོན་པ་དེ་ནི་འཇམ་དབྱངས་མངོན་མཁྱེན་པའམ་འཇང་ཕུ་མངོན་མཁྱེན་ཞུ་བ་ཁོང་གིས་དུས་རབས་བཅོ་ལྔ་པའི་གོང་དུ་ཕྱག་བཏབ་པར་འདོད། འཇང་དགོན་པ་ནི། གཙོ་བོར་ཚོགས་ཆེན་འདུ་ཁང་དང་། སྙེ་ཐང་ར་སྟོད་དགོན། འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་གཉིས། སེ་ར་བྱེས་སྨད་གཉིས། དགའ་ལྡན་ཤར་རྩེ་དང་བྱང་རྩེ་གཉིས་བཅས་གྲྭ་ཚང་སོ་སོའི་སྤྱི་ཁང་། གཞན་ཡང་སྤྱི་ཁང་ཁག་ཅིག་བཅས་ལས་གྲུབ་ཡོད། འོན་ཀྱང་རྒྱུན་དུ་ཚོགས་ཆེན་དུ་ར་སྟོད་དགོན་གྱི་དཀོན་གཉེར་ཞིག་དང་། གྲྭ་ཁང་སོ་སོའི་ཁང་པ་སྲུང་མཁན་མ་གཏོགས་གཏན་སྡོད་བྱེད་མཁན་མེད།
ལོ་ལྟར་བོད་ཟླ་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་འཇང་དགུན་ཆོས་ཞེས་སེ་འབྲས་དགའ་གསུམ་དང་། སྙེ་ཐང་ར་སྟོད། འོན་མངའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་ཙམ་ཡོད་པའི་དབུས་ཁུལ་གྱི་དགོན་སྡེ་ཁག་ནས་དགེ་འདུན་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མའི་གཞུང་ལ་བརྒལ་བརྟག་གསན་བཞེས་མཛད་སྲོལ་ཡོད། ཆོས་ཐོག་ཆེན་མོ་དེའི་རིང་སྙེ་ཐང་ར་སྟོད་ཀྱིས་འགན་བཞེས་ཀྱི་ཡོད། སྐབས་དེར་ནམ་དུས་གྲང་ངར་ཆེ་བ་དང་། ཆ་རྐྱེན་ཞན་པ་སོགས་ལ་བརྟེན་ནས་ཚད་མའི་གཞུང་ལུགས་ལ་སྦྱང་བརྩོན་རྣམ་དག་གནང་མཁན་མ་གཏོགས་གང་བྱུང་ཕེབས་མི་ཐུབ།
འཇང་དགུན་ཆོས་སམ་འཇམ་དབྱངས་དགུན་ཆོས་ཞེས་པའི་མཚན་ཐོག་སྟངས་ནི། རི་བོ་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་དགུན་དུས་ཀྱི་ཆོས་ཐོག་ཆེན་མོ་དེའི་འཚོགས་ཡུལ་འཇང་དགོན་པར་ཡིན་པས་ས་མིང་དང་འབྲེལ་ནས་མཚན་ཐོགས་པ་དང་། འཇམ་དབྱངས་དགུན་ཆོས་ཞེས་པ་འཇམ་པའི་དབྱངས་ཀྱི་བླ་རྡོ་ཡོད་པར་གྲགས་པའི་ཆོས་ར་ཞིག་ཡོད་པ་དེའི་ལོ་རྒྱུས་དང་འབྲེལ་ནས་མཚན་ཐོགས་པ་བཤད་སྲོལ་མཆིས། དེ་ལྟ་བུའི་ཚད་མའི་ཆོས་ཐོག་ཆེན་མོ་འཚོགས་པའི་དུས་དགུན་ཁར་ཡིན་པའི་ཆ་ནས་དགུན་ཆོས་ཞེས་པ་དེ་བྱུང་བ་ཡིན།
སྐབས་དེར་ཉིན་རེར་ཚོགས་ཆེན་དུ་སྔ་ཇ་དང་། གུང་ཚིགས། སྤྱི་ཁང་སོ་སོའི་གྲྭ་ཇ། དཔེ་ཁྲིད། ཚོགས་ཆེན་གྱི་ཆོས་ར་དང་། གྲྭ་ཚང་སོ་སོའི་ར་སྐོར་དམ་བཅའ་དང་རྩོད་པ་ཚུགས་ཤིང་། གྲྭ་ཚང་ཕན་ཚུན་བར་དགོང་མོའི་དམ་བཅའ་བཞག་ཏེ་རྩོད་པ་མཛད་པ་དེ་ལ་ཐོར་ཆོས་དམ་བཅའ་ཞེས་པ་དེ་ཡིན། མཚན་གང་རྩོད་པ་བྱེད་པའི་དམ་བཅའ་བཞག་པ་ལ་མཚན་ཕུད་དམ་བཅའ་ཟེར། དེའི་སྐབས་སུ་ནམ་དུས་ཧ་ཅང་གྲང་ངར་ཆེ་བ་ཡོད་ན་ཡང་། དགེ་འདུན་པ་རྣམས་ཀྱིས་གོས་ཕུ་ཐུང་ཅན་མནབས་མི་ཆོག་པས་རྩོད་པ་བྱེད་རིང་གཟན་སྐེད་པར་དཀྲིས་ནས་རྩོད་པའི་གར་སྟབས་དང་བཅས་ཏེ་གཞུང་དོན་འཆད་རྩོད་ལ་གཡེང་ནས་གྲང་རེག་གི་སྣང་བ་མ་ཚོར་བར་དུས་འདས་ཤིང་། དགུན་གྱི་གྲང་ལྷག་གིས་ཕྱག་ལ་སེར་ཁ་བྱུང་ནས་སྐུ་ཁྲག་ཙིམ་ཙིམ་བྱེད་ཀྱང་། ལུས་ཀྱི་དཀའ་དུབ་ལ་ཇི་མི་སྙམ་པར་གཞུང་དོན་གཏན་ལ་འབེབས་པར་ཐོས་བསམ་སློབ་གཉེར་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་མཛད་པ་ཡིན།
ཆོས་ཐོག་ཆེན་མོ་དེའི་རིང་གདན་ས་ཆེན་མོ་སེ་འབྲས་དགེ་གསུམ་གྱི་སྤྲུལ་སྐུ་ཆེ་ཆུང་ཚང་མ་འཇང་དགུན་ཆོས་ལ་ཐེངས་རེ་ཕེབས་དགོས་པའི་ལམ་སྲོལ་མཆིས། དེའི་སྐབས་སུ་ཚོགས་ཆེན་སྤྲུལ་སྐུ་ཡན་གྱི་སྤྲུལ་སྐུ་ཚོས་དེ་གའི་ཚོགས་ཆེན་དུ་གཏོང་སྒོ་རེ་གནང་སྲོལ་ཡོད་པ་དང་། སྤྲུལ་སྐུ་གཞན་ཚོས་ཀྱང་གྲྭ་ཚང་སོ་སོར་གཏོང་སྒོ་གནང་སྲོལ་ཡོད།
དེར་ཕེབས་པའི་དགེ་འདུན་པ་རྣམས་ཀྱིས་མཚན་མོ་ཕྱི་པོའི་བར་དུ་འཇང་ཆོས་རའི་རྡོ་གཅལ་གྱི་དཀྱིལ་དུ་ས་ངེས་མེད་ལ་ཕྱག་འཚལ་ཞིང་ཐུགས་སྨོན་གནང་གི་ཡོད། དེ་ཡང་རྡོ་གཅལ་གྱི་འོག་ཏུ་འཇམ་དཔལ་དབྱངས་ཀྱི་བླ་རྡོ་ཞིག་ཡོད་པས་ཕྱག་འཚལ་མཁན་གྱི་སྙིང་ཁར་རྡོ་དེ་ཁེལ་བ་ཡིན་ན་ཤེས་རབ་འཕེལ་ཞིང་རྣམ་འགྲེལ་ལ་མཁས་པ་ཆགས་པ་ཡོངས་གྲགས་སུ་རྒན་རབས་རྣམས་ཀྱི་བཤད་རྒྱུན་དུ་ཡོད། རྡོ་དེའི་ལོ་རྒྱུས་ནི། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་བྱ་བས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་མཐུ་དམན་པས། སྟོན་པས་གསུངས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་བཞིན་དུ་མ་ཤེས་པས་དེ་དག་གི་དགོངས་དོན་ཚད་མ་རིག་པའི་ལམ་ནས་གསལ་བར་མཛད་པའི་ཕྱིར་ཚད་མའི་བསྟན་བཅོས་ཐོར་བུ་མང་དུ་བརྩམས། བསྟན་བཅོས་དེ་དག་ཕྱོགས་གཅིག་ཏུ་བསྡོམས་པའི་བསྟན་བཅོས་ཚད་མ་ཀུན་བཏུས་བརྩམ་པར་བཞེད་ནས་རང་གི་སྒྲུབ་ཕུག་གི་ཕྱིའི་རྡོ་བར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་བྱ་བ་དེ་བྲིས་ནས་ཕྱི་རུ་བསོད་སྙོམས་ལ་ཕེབས་པས། བསོད་སྙོམས་ལ་ཕེབས་རིང་ཕྱི་རོལ་པ་ཞིག་འོངས་ནས་ཡི་གེ་དེ་བསུབ་པར་བྱས། དེ་ལྟར་ཐེངས་གསུམ་དུ་བྱས་མཐར་སློབ་དཔོན་མཆོག་གིས་རྩོད་པར་འདོད་ན་རྩོད་ཆོག་པ་དང་དེ་མིན་མ་གསུབ་ཅེས་བྲིས་ནས་བསོད་སྙོམས་ལ་ཕེབས་ནས་ཕྱིར་ཕེབས་སྐབས་ཕྱི་རོལ་པ་དེ་བྲག་ཕུག་གི་ནང་དུ་སྒུག་བསྡད་ཡོད་པས་སློབ་དཔོན་མཆོག་དང་རྩོད་པ་བརྒྱབས། ཕྱི་རོལ་པ་དེ་རྩོད་པ་ཕམ་པ་ན་ཁོང་ཁྲོས་སྨྱོས་ཏེ་ཁའི་ནང་ནས་མེ་བཏང་ནས་སློབ་དཔོན་གྱི་སྐུ་ཆས་འཚིག་པར་བྱས་ནས་བྲོས་ཕྱིན་པས། སློབ་དཔོན་མཆོག་གིས་དགོངས་པར་སེམས་ཅན་མ་རུང་བ་འདི་འདྲ་བ་ཞིག་ཀྱང་ངས་འདུལ་མ་ཐུབ་ན་ངས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་བྱ་དགོས། ཚད་མ་ཀུན་བཏུས་དེ་བརྩམས་པས་མི་ཕན་སྙམ་ཞིང་། རྡོ་ཞིག་ཕྱག་ཏུ་བཞེས་ནས་འདི་གནམ་ལ་འཕངས་ནས་ས་རུ་མ་ལྷུང་ན་ཀུན་བཏུས་མུ་མཐུད་ནས་བརྩམས་པར་བྱ་ཡི་གཞན་མི་བྱ་དགོངས་ནས་རྡོ་དེ་གནམ་ལ་འཕངས་ཀྱང་རྡོ་ས་ལ་མ་ལྷུང་བས་ཅི་ཡིན་དགོངས་ནས་གནམ་ལ་གཟིགས་པ་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ནས། ཁྱེད་དེ་ལྟར་མ་དགོངས་པར་མུ་མཐུད་ནས་བསྟན་བཅོས་འདི་བརྩམས་ན་རྗེས་སུ་གཞུང་འདིས་ཕན་པ་རྒྱ་ཆེར་ཡོང་ཞེས་ལུང་བསྟན་མཛད། རྡོ་དེ་ཡང་དེ་རུ་མ་ཟགས་པར་བོད་གངས་ཅན་ལྗོངས་ཀྱི་འཇང་དགོན་པ་ཡོད་པའི་གནས་དེར་ལྷུང་བར་གྲགས། རྒྱུ་མཚན་དེར་བརྟེན་གནས་དེར་ཕེབས་ནས་རྣམ་འགྲེལ་རྩོད་ན་ཕྱོགས་ཀྱི་གླང་པོའི་བྱིན་རླབས་ཀྱིས་རིགས་ལམ་དམིགས་བསལ་བ་ཞིག་ཆགས་ཡོད་ཅེས་བཤད་སྲོལ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གནས་དེར་རི་བོ་དགེ་ལྡན་པ་རྣམས་ཀྱིས་ཟླ་བ་གཅིག་གི་རིང་ཚད་མ་རིག་པ་སློབ་གཉེར་གནང་བའི་སྲོལ་དར་བ་ཡིན།
དེ་ཡང་བོད་ཟླ་བཅུ་གཉིས་ཚེས་ཤར་གྱི་ཉིན་ཞིག་ལ་སློབ་གཉེར་བ་ཕལ་ཆེ་བ་ཤིང་སློང་ཞེས་འཇང་དགོན་གྱི་ནུབ་ངོས་དགའ་འཛོམས་ལ་ཞེས་པ་བརྒྱབ་ནས་གྱེ་རེ་ལྷ་པའི་ཕོ་བྲང་དུ་ཞག་གཅིག་བཞུགས་ཏེ། དེ་གར་དམ་བཅའ་ཞིག་ཚོགས། དེ་ནུབ་གྱེ་རེ་ལྷ་པའི་ཁྱིམ་ཚང་ནས་བསྙེན་བཀུར་ཞུས་ཤིང་། དམ་བཅའ་ཁྲི་ནི་རྒྱ་ལྕོག་དང་འདྲ་བའི་ཤིང་ཁྲི་རྙིང་སོང་རྒྱུན་བུས་བཅིངས་པ་ཞིག་ཡོད་པ་དེ་ནི་རྗེ་ཙོང་པའི་དམ་བཅའི་བཞུགས་ཁྲི་ཡིན་པ་བཤད་སྲོལ་ཡོད། ཕྱི་ཉིན་གྱེ་རེ་ལྷ་པའི་མདའ་ནས་རི་གཤམས་བསྐོར་ཏེ་ཤིང་འཁུར་བུ་རེ་བསྣམས་ནས་གྲལ་བསྟར་བསྒྲིགས་ཏེ་འཇང་དགོན་པར་ཕེབས།
དགུན་ཆོས་ཀྱི་རྩོད་གཞུང་ནི་གཙོ་བོ་ནི། གཞུང་ཆེན་བཀའ་པོད་ལྔའི་ཡ་གྱལ་ཚད་མ་རྣམ་འགྲེལ་གྱིས་མཚོན་པའི་རྒྱ་གར་མཁས་པས་བརྩམས་པའི་ཚད་མའི་གཞུང་སྤྱི་དང་། བྱེ་བྲག་ཏུ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གཙོ་བོ་ཡིན་ཞིང་། བོད་འགྲེལ་གྱི་ནང་ནས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱིས་མཚོན་པའི་བོད་ཀྱི་མཁས་པ་གཞན་རྣམས་ཀྱིས་མཛད་པའི་ཚད་མའི་གཞུང་དང་། དེ་བཞིན་གྲྭ་ཚང་སོ་སོའི་ཚད་མའི་ཡིག་ཆ་སྟེ། དགའ་བྱང་དང་སེར་བྱེས་ཀྱིས་རྗེ་བཙུན་ཆོས་རྒྱན་གྱི་རྣམ་འགྲེལ། དགའ་ཤར་དང་བློ་གསལ་གླིང་གིས་པཎ་ཆེན་བསོད་གྲགས་ཀྱི་རྣམ་འགྲེལ། སྒོ་མང་གིས་ཀུན་མཁྱེན་འཇམ་བཞད་ཀྱི་རྣམ་འགྲེལ། སེར་སྨད་ཀྱིས་མཁས་གྲུབ་བསྟན་དར་བའི་རྣམ་འགྲེལ་བཅས་ལ་དམིགས་བསལ་གྱིས་སློབ་བཞིན་ཡོད། བསྟན་བཅོས་ཚད་མ་རྣམ་འགྲེལ་ཞེས་པ་དེའི་གཞུང་གི་ཁོངས་སུ་བཀའ་པོད་གཞན་བཞི་ཀ་དང་འབྲེལ་ཆེ། དཔེར་ན། ཕར་ཕྱིན་དང་འབྲེལ་བ་ལེའུ་གཉིས་པའི་བདེན་བཞིའི་སྐོར། དབུ་མ་དང་འབྲེལ་བ་ལེའུ་གསུམ་པའི་མངོན་རྗེས་ཀྱི་སྐོར། མངོན་པ་དང་འབྲེལ་བ་ཕུང་ཁམས་སྐྱེ་མཆེད་ཀྱི་སྐོར། འདུལ་བ་དང་འབྲེལ་བ་གཞལ་བྱ་ཤིན་ལྐོག་གི་སྐོར་སོགས་རྒྱ་ཆེ་ལ་གཏིང་ཟབ་པ་འདི་ལྟ་བུའི་བསྟན་བཅོས་ལ་རིགས་པའི་བརྡར་ཤ་དཔྱིས་ཕྱིན་པར་གཅོད་པར་བྱེད་པ་ལ་གཞུང་ཆེན་བཀའ་པོད་ལྔ་ཀ་ལ་བྱང་ཆ་དང་ལྡན་པ་དགོས་པ་ཡིན།
དགོན་པ་དེར་རྟེན་གཙོ་ནི། ཇོ་བོ་སྲིད་ཞིའི་རྒྱན་གཅིག་ཅེས་སྐུ་རྒྱུ་ལི་མ་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་མི་ཚད་མ་སེང་ཁྲི་རྒྱབ་ཡོལ་གསེར་ཟངས་ལས་གྲུབ་པ་དང་། འཇམ་དབྱངས་མངོན་མཁྱེན་པ། བསྟན་སྲུང་མགོན་པོ་ཕྱག་དྲུག་སོགས་ཀྱི་སྐུ་བརྙན་དང་། བཀའ་འགྱུར་སོགས་གསུང་རྟེན་གླེགས་བམ། ཐུགས་རྟེན་མཆོད་རྟེན་མང་པོ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས། ད་ལྟའི་ཆར་ཡང་ར་སྟོད་དགོན་ནས་འཛིན་སྐྱོང་གནང་ཞིང་། འཇང་དགུན་ཆོས་ཀྱི་ཆོས་ཐོག་ཀྱང་གནས་དེར་ཚུགས་མུས་ལགས་སོ། ། ། །
བོད་དུ་དམ་པའི་ཆོས་ཀྱི་རྩོད་པའི་སྲོལ་དར་ཚུལ་ནི། གསང་ཕུའི་མཁན་ཐོག་དྲུག་པ་ཕྱྭ་པ་ཆོས་ཀྱི་སེང་གེ་ནི་[༡༡༠༡-༡༡༦༩]གསང་ཕུའི་མཁན་པོ་མཛད་མཁན་གྱི་ནང་ནས་དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས་ཤིང་གདན་སའི་སློབ་གཉེར་བ་རྣམས་ལ་རྟགས་གསལ་གཏོང་བའི་ལམ་ལུགས་གསར་གཏོད་མཛད་མཁན་གྱི་སློབ་གསོའི་གྲགས་ཅན་མི་སྣ་རྒྱལ་ཁབ་ཕྱི་ནང་དུ་མཁས་པའི་སྙན་གྲགས་ཡོད་པ་ཞིག་ཡིན། ཁོང་ནི་ཕྱྭ་པ་ཞེས་པའི་ཡུལ་སྟེ་དེང་སྐབས་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་ཁོངས་སུ་སྐུ་བལྟམས། ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་དུ་རབ་ཏུ་བྱུང་ནས་མཚན་ལ་ཆོས་ཀྱི་སེང་གེ་ཞེས་བཏགས། གསང་ཕུའི་གདན་ས་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད་པ་སོགས་མཚན་སྙན་ཤིན་ཏུ་ཆེ།
དེ་ལྟ་བུའི་ཡུན་རིང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་པོ་དེ་ལ་དཔེར་བྱས་ཏེ། དེང་གི་ཆར་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་གྱི་ལྗོངས་སུ་འཇང་དགུན་ཆོས་འཚོགས་སྐབས་སྔོན་དང་མི་འདྲ་བར་མདོ་ཁམས་སྟོད་སྨད་སོགས་སུ་ཡང་འཇང་དགུན་ཆོས་དང་། ཚད་མའི་དགུན་ཆོས་ཞེས་པ་དང་། འཕགས་ཡུལ་དུ་གདན་ས་གསུམ་དང་། རྒྱུད་གྲྭ་སྟོད་སྨད། ར་སྟོད་དང་བཀྲ་ཤིས་ལྷུན་པོ། ཀིརྟི་སོགས་དགོན་པ་སོགས་བཤད་གྲྭ་ཡོད་པའི་དགོན་པ་ཆེ་ཕྲ་དུ་མ་འདུས་པ་དང་། དེ་ཡང་རིས་མེད་ཀྱི་ཆོས་ལུགས་འདྲ་མིན་ནས་ཕེབས་པའི་སློབ་གཉེར་བ་མང་དག་ཅིག་འཛོམས་བཞིན་ཡོད་པས་སླད་མར་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་ཙམ་ཞིག་མིན་པར་རིས་མེད་ཚད་མའི་འཇང་དགུན་ཆོས་ཆེན་མོ་ཞིག་ཏུ་འགྱུར་བའི་རེ་སྨོན་དང་བཅས།
༢༠༢༣ཟླ་༢ཚེས་༩ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com