- མདུན་ངོས།
- ཆོས་སྤྱོད།
- སྡོམ་གསུམ།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
སེ་རའི་ངོ་སྤྲོད་མདོར་བསྡུས།
སེ་ར་ཐེག་པ་ཆེན་པོའི་གླིང་གི་ངོ་སྤྲོད་མདོར་བསྡུས།
སེ་ར་ཐེག་པ་ཆེན་པོའི་གླིང་ནི། ༡༤༡༩ ལོར་རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ། དགོན་པ་ཐོག་མར་འདེབས་སྐབས་གནས་དེ་ཤིང་སེ་བས་ར་བ་བསྐོར་བ་ལྟར་ཡོད་པས་སེ་ར་ཞེས་བརྗོད། སེ་ར་དགོན་པ་མ་ཆགས་གོང་དུ་རྗེ་ཙོང་ཁ་པ་ཆེན་པོ་སེ་ར་ཆོས་སྔིངས་སུ་བཞུགས་ནས་སློབ་མ་མང་པོར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ལྷག་པར་དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱིཀ་ཆེན་རྩོམ་པར་དགོངས་ཏེ་ཟབ་མོ་སྟོང་པ་ཉིད་ལ་བརྟག་ཅིང་དཔྱད་པ་ན། གཟིགས་སྣང་ལ་ཤེར་ཕྱིན་གྱི་མདོའི་བརྗོད་བྱ་སྟོང་ཉིད་བཅུ་དྲུག་སོགས་ཨ་ཡིག་གི་རྣམ་པར་ཆར་བབས་པས། བྱེས་ཆོས་རའི་ནང་གི་རྡོ་ཕུང་ཞིག་ལ་བཅུ་གསུམ་ཐིམ་པར་གཟིགས་པ་ལྟར། བྲག་རྡོའི་སྟེང་དུ་ཨ་ཡིག་གི་རྣམ་པ་འབུར་དོད་དུ་ཡོད་པ་དེང་སང་ཡང་སེ་ར་བྱེས་ཀྱི་ཆོས་རའི་ནང་དུ་མཇལ་རྒྱུ་ཡོད།
སྐབས་དེར་འཇམ་མགོན་བླ་མས་མ་འོངས་པར་གནས་དེར་དབུ་མ་ལ་མཁས་པའི་སྡེ་ཆེན་པོ་ཞིག་ཆགས་འོང་ཞེས་ལུང་བསྟན།
རྗེ་བདག་ཉིད་ཆེན་པོ་སྐུ་ཚེ་ཐ་མའི་སྐབས། གནས་དེར་ཕེབས་ནས་རྒྱུད་གྱི་རྒྱལ་པོ་གསང་བ་འདུས་པ་དང་འཁོར་ལོ་བདེ་མཆོག་གཉིས་ཀྱི་རྩ་རྒྱུད་དབུ་ནས་ཆོས་ཐུན་རེ་གསུངས། རྗེ་ཤེས་རབ་སེང་གེ་ལ་གསང་བ་འདུས་པའི་བསྟན་པ་གཏད། བྱམས་ཆེན་ཆོས་རྗེ་ལ་ཆོས་སྡེ་འདེབས་དགོས་པའི་བཀའ་བཀོད་མཛད་པ་བཞིན་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་མཐུན་རྐྱེན་སྦྱར་ནས་སེ་ར་ཐེག་ཆེན་གླིང་བཏབ། གྲྭ་ཚང་གསུམ། ཁམས་ཚན་སོ་གསུམ། གྲྭ་གྲངས་སྟོང་ཕྲག་གསུམ་ལྷག་བྱུང་། སོག་པོ་ལྷ་བཟང་གིས་བོད་ཀྱི་སྲིད་དབང་བཟུང་རྗེས་ཚོམས་ཆེན་རྙིང་པ་དེར་སྐུ་རིམ་གྲྭ་ཚང་བཙུགས་ཏེ་ད་ལྟའི་སྔགས་པ་གྲྭ་ཚང་དེ་ཡིན། རིམ་གྱིས་གྲྭ་ཚོགས་ཇེ་རྒྱས་སུ་སོང་ནས། རྒྱ། འབྲོང་སྟེང་། སྟོད་པ། སྨད་པ་བཅས་གྲྭ་ཚང་བཞིར་གྱེས་ཤིང་། ཡུན་རིང་མ་སོང་བར་རྒྱ་དང་འབྲོང་སྟེང་གཉིས་སྟོད་པ་གྲྭ་ཚང་དུ་ཟླ་སྒྲིལ་བཏང་ནས་རེ་ཞིག་གི་བར་སྟོད་སྨད་གྲྭ་ཚང་གཉིས་ལས་མེད། རྗེས་སུ་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ། རྗེ་རིན་པོ་ཆེ་དང་། རྒྱལ་བ་དགེ་འདུན་གྲུབ་པའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བ་ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དེ་ཉིད་འབྲས་སྤུངས་ནས་ཞལ་སློབ་མཁས་པ་བརྒྱ་ཕྲག་ལྷག་ཙམ་དང་ལྷན་ཅིག་ཏུ་ཕེབས་ཤིང་། སྟོད་པ་གྲྭ་ཚང་གི་ནང་གསེས་སྤོ་བོ་དང་གུང་རུ་ཁང་ཚན་གཉིས་མ་གཏོགས་ཡོངས་རྫོགས་དང་། རྒྱ་གྲྭ་ཚང་ཡོངས་རྫོགས། འབྲོམ་སྟེང་གྲྭ་ཚང་གི་ཁག་གཅིག་བཅས་ཚང་མ་སེར་བྱེས་གྲྭ་ཚང་དུ་འགྲིལ་ཞིང་། སྔགས་པ་གྲྭ་ཚང་གསར་དུ་བཙུགས་པས། སྟོད་པ། སྨད་པ། སེར་བྱེས། སྔགས་པ་གྲྭ་ཚང་བཅས་ད་ལྟའི་གྲྭ་ཚང་བཞི་བྱུང་ཞིང་། གྲྭ་རྒྱུན་ཡོང་ཁུངས་མི་འདྲ་བའི་དབང་གིས་ཁམས་ཚན་སོ་གསུམ་དུ་གྱེས། སྟོད་པ་གྲྭ་ཚང་རྗེ་ཙོང་ཁ་པའི་དངོས་སློབ་གུང་རུ་རྒྱལ་མཚན་བཟང་པོས་ཐོག་མར་བཏབ་ཅིང་། དེང་སང་ཁང་ཚན་སྤོ་བོ་དང་། གུང་རུ་གཉིས་ཙམ་མ་གཏོགས་གཞན་དག་མེད་ཐོག །མཁན་པོ་ནི་མིང་ཙམ་ལས་གྲྭ་ཚང་ཟུར་ཚོགས་བྱེད་མཁན་མེད་པར་ལོ་མང་སོང་ཟིན། སྨད་པ་གྲྭ་ཚང་རྗེ་ཙོང་ཁ་པའི་དངོས་སློབ་ཀུན་མཁྱེན་བྱང་ཆུབ་འབུམ་པས་ཕྱག་བཏབ་ཅིང་། གྲྭ་ཚོགས་ཇེ་རྒྱས་སུ་སོང་སྟེ། ༡ སྨར་ཉུང་། ༢ ཐེ་བོ། ༣ ཨ་ར། ༤ ཚ་རྡོར། ༥ གཞུང་པ་སྟེ་ཅོ་ནེ་ཁག་ལྔ་དང་། ༦ ཡེར་པ། ༧ རོང་པོ། ༨ སྤོ་བོ། ༩ གུང་རུ། ༡༠ ཚ་བ། ༡༡ སྤོ་འབོར། ༡༢ མི་ཉག །༡༣ ཏཱ་དབེན། ༡༤ རྒྱལ་རོང་། ༡༥ གཙང་པ། ༡༦ ཀོང་པོ་བཅས་ཁམས་ཚན་བཅུ་དྲུག་བྱུང་། བྱེས་གྲྭ་ཚང་ནི། གོང་དུ་ཅུང་ཟད་བརྗོད་པ་ལྟར། ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེས་ཕྱག་བཏབ་ཅིང་། ཕྱོགས་སོ་སོ་ནས་ཀྱང་སློབ་གཉེར་པ་མང་དུ་འདུས་པ་བཅས་ཀྱིས་བྱེས་མཁས་མང་གྲྭ་ཚང་དང་། དེ་ཡང་འབྲས་སྤུངས་ནས་བྱེས་སུ་གྱེས་ཏེ་གྲྭ་ཚང་ཆགས་པས་བྱེས་པ་གྲྭ་ཚང་དང་། ཐོག་མར་བཞུགས་ཡུལ་གཏན་འཇགས་མེད་པར་ཚལ་གུང་ཐང་དང་དབུས་སྟོད་སོགས་སུ་ཆོས་ཐོག་ལ་ཕེབས་པས་བྱེས་པ་གྲྭ་ཚང་ཡང་ཟེར། ཕྱོགས་སོ་སོ་ནས་ཕེབས་པའི་སློབ་གཉེར་པ་རྣམས་ལ་ལྟ་སྐྱོང་སོགས་ཀྱི་ཆེད་དུ་གྲྭ་ཚང་འདི་ལ་ཁམས་ཚན་ཉེར་གཅིག་བྱུང་སྟེ། ༡ ཧར་གདོང་། ༢ བསམ་བློ། ༣ བྱ་བྲལ། ༤ ཏྲེ་ཧོར། ༥ པྲ་སྟི། ༦ ཚྭ་བ། ༧ ལྷོ་པ། ༨ སྒོམ་སྡེ། ༩ ལྭ་བ། ༡༠ ལྡན་མ། ༡༡ མངའ་རིས། ༡༢ སྟག་མོ། ༡༣ གཙང་པ། ༡༤ རྒྱལ་བྱེད། ༡༥ ཨེ་པ། ༡༦ གཉལ་པ། ༡༧ དྭགས་པོ། ༡༨ རྩེད་ཐང་། ༡༩ གུ་གེ ། ༢༠ དཔེ་ཐུབ། ༢༡ ཟངས་དཀར། ཁམས་ཚན་འདི་དག་ཏུ་ཕྱི་ལོ་༡༩༥༩ ལོའི་བར་དུ་མི་རིགས་དང་ལུང་ཚན་དབྱེར་མེད་ཀྱི་སློབ་གཉེར་པ་གང་མང་ཞིག་རྒྱུན་མ་ཆད་པར་ཕེབས་མྱོང་ཡོད། ༡༩༥༩ ལོར་སེ་ར་ཐེག་ཆེན་གླིང་དུ་གྲྭ་གྲངས་༩༩༠༠ ཡོད་ན་ཡང་འཕགས་ཡུལ་དུ་ཉུང་ཤས་ཤིག་ལས་ཕེབས་ཐུབ་མེད། ༡༩༦༩ ལོའི་ཟླ་བ་༡༡ པའི་ནང་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་ཀར་རྣ་ཊ་ཀའི་ཁོངས་བྷེ་ཀོལ་གྱི་ད་ལྟའི་གནས་འདིར་གཞིས་སྤོ་བྱེད་སྐབས། སེར་སྨད་གྲྭ་ཚང་དུ་གྲྭ་གྲངས་༡༠༧ སེར་བྱེས་གྲྭ་ཚང་དུ་༡༩༣བཅས་ཁྱོན་བསྡོམས་༣༠༠ ཙམ་ལས་མེད་ཅིང་། ད་ལྟ་འཕགས་ཡུལ་དུ་གྲྭ་ཚང་གཉིས་ལས་མེད།