རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

སློབ་དཔོན་ཤཱཀྱ་འོད།

སློབ་དཔོན་ཤཱཀྱ་འོད་ནི། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་དང་། འདུལ་བ་ལ་ཤིན་ཏུ་མཁས་ཤིང་འདུལ་བའི་བསྟན་པ་ལ་ཧ་ཅང་བཀའ་དྲིན་ཆེ་བ་ཞིག་ཡིན།
ལོ་རྒྱུས་ཁ་ཤས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ནུབ་ཕྱོགས་སུ་སྐུ་འཁྲུངས་པར་བཤད། སློབ་དཔོན་འདིའི་ལོ་རྒྱུས་སམ་ཁོང་གི་སྐོར་ཆོས་འབྱུང་སོགས་སུ་གསལ་པོ་མེད་པ་དང་། དུས་སྐབས་གང་དུ་བྱུང་མིན་ཡང་མི་གསལ་ཞིང་། ཇོ་ནང་ཀུན་མཁྱེན་གྱི་ཆོས་འབྱུང་དུ། རྒྱལ་པོ་གཽ་པཱ་ལས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད། ཅེས་དང་། རྒྱལ་པོ་འདིའི་རིང་ལ་ནག་པོ་སྤྱོད་པ་ཆུང་བ་བྱོན། སྐུ་ཚེ་རིང་བས་རྒྱལ་པོ་དྷརྨ་པཱ་ལའི་རྗེས་སུའང་ཅུང་ཟད་བཞུགས་སོ། །སྐབས་འདིར་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ཡང་བྱུང༌། ཅེས་ཀྱང་འབྱུང་ངོ་། །
དཔེ་ཆ་མང་པོའི་ནང་དུ་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མར་བཤད་ཀྱང་། བུ་སྟོན་ཆོས་འབྱུང་དུ། ཡོན་ཏན་འོད་ཀྱི་སློབ་མ་ཤཱཀྱ་འོད་ཡིན་ཟེར་བ། མི་བདེན་ཏེ། འོད་ལྡན་ལས། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་འདི་གསུམ་རིག་རྣམས་ཀྱིས་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་པ་དང་། གཞན་ཡང་། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་ཁྱབ་པ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་པ་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །ཞེས་བསོད་ནམས་གྲགས་དང་། ཞི་བ་འོད་ཀྱི་སློབ་མར་བཤད་དོ། །དེའི་སློབ་མ་ཤཱཀྱ་བཤེས་གཉེན་ཡིན་པར་སུམ་བརྒྱ་པར་བཤད་དོ། །ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་དང་དེའི་འགྲེལ་པ་འོད་ལྡན་མཛད་དོ། །འདུལ་བའི་མདོ་ལ་ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་མཛད་ཅིང་། དེ་ཡོན་ཏན་འོད་ཀྱི་སློབ་མར་ཁ་ཅིག་འདོད་དོ། །ཤཱཀྱ་འོད་ཀྱི་སློབ་མ་སེང་གེའི་གདོང་ཅན། དེའི་སློབ་མ་ཛི་ན་མི་ཏྲ་ཡིན་ཟེར་བའང་བརྟག་པར་བྱའོ། །ཞེས་འབྱུང་ངོ་། །
ཡང་ཁ་ཤས་ཀྱིས་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་ལ་སློབ་དཔོན་ཡོན་ཏན་འོད་ཀྱི་ཚབ་ཏུ་ཤཱཀྱ་འོད་བགྲངས་པ་ཡོད་ཀྱང་དེ་མིན་པར་གོང་དུ་འོད་ལྡན་གྱི་ལུང་ཉིད་ཀྱིས་གྲུབ་ཅིང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ། འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ཅེས་འབྱུང་བས་ཀྱང་ཤེས་སོ། །ཡང་ཆོས་འབྱུང་དེར་། འདུལ་བའི་བཤད་རྒྱུད་ནི། བསྟན་པའི་གཏད་རབས་བདུན་གྱི་འོག་ཏུ་ཕྱིར་མི་འོང་། གློས་མི་འབེབས། ཡོན་ཏན་འོད། ཤཱཀྱ་འོད། ཆོས་ཀྱི་བཤེས་གཉེན་གཉིས། སེང་གེ་གདོང་ཅན། དེས་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཞེས་སྟོད་འདུལ་སྨད་འདུལ་གཉིས་མཐུན་པར་ཁས་ལེན་པར་སྣང་ལ་སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་ཐོགས་མེད་བྱོན་པའི་ལོ་ཚིགས་དང་སྦྱར་ན་གློས་མི་འབེབས་དང་ཡོན་ཏན་འོད་ཀྱི་བར་དུ་འགའ་ཞིག་ཆད་པར་དོགས་སོ། །ཞེས་དང་། བོད་གཞན་རྣམས་ཡོན་ཤཱཀ་གཉིས་མཆོག་གཉིས་དང་གཞན་དྲུག་རྒྱན་དྲུག་དུ་འདོད་ཀྱང་ཤེས་བྱེད་མེད་ལ། ཀླུ་སྒྲུབ་ཐོགས་མེད་གཉིས་མཆོག་དང་གཞན་དྲུག་རྒྱན་དྲུག་དུ་རྗེ་ཆོས་གྲགས་རྒྱ་མཚོ་བཞེད་པ་ཉིད་ལེགས་ལ། ཀླུ་སྒྲུབ་ཐོགས་མེད་ནི་ལུང་བསྟན་མང་ཞིང་ཤིང་རྟའི་སྲོལ་འབྱེད་ཡིན་པས་མཆོག་དུ་གྲུབ་ཅིང་མགོན་པོ་མངོན་བྱུང་གི་རྒྱུད་ཀྱི་ལུང་བསྟན། པཎྜི་ཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཞེས་གྲགས་པ་འདི་དང་སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་བོ། །ཞེས་པ་འདིས་རྒྱན་དྲུག་ཐོན་ནོ། །དེས་ན་ཨཱḈḴ་དེ་ཝ་དང་དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་ཡོན་ཤཱཀ་གཉིས་སྟེ་དྲུག །ཀླུ་སྒྲུབ་ཐོགས་མེད་སྟེ་མཆོག་གཉིས་སོ། །ཞེས་ཀྱང་འབྱུང་ངོ་། །
གསུང་རྒྱུན་རྣམས་སུ་ཡོན་ཤཱཀ་གཉིས་མཆོག་གཉིས་ལ་བགྲངས་པ་ནི། འདུལ་བའི་བསྟན་པ་ལ་ཕྱག་རྗེས་ཆེ་ཞིང་ཆོས་འདུལ་བ་ནི་ཀུན་གྱི་མཆོག་ཡིན་པས་སོ། །ཞེས་གྲགས་སོ། །
སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལས་བོད་དུ་བསྒྱུར་ཞིང་གྲགས་ཆེ་བ་ནི། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་བམ་པོ་བརྒྱད་པ་གཉིས་དུས་རབས་བརྒྱད་པའི་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཙཱ་བ་རྩངས་དེ་ཝནྡྲ་རཀྵི་ཏ་སྟེ་ལྷའི་དབང་པོ་བསྲུང་བས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་[ཧུ]པར་ཡོད།

༢༠༡༧.༡༡.༢༠ སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས། 

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ངོ་ཤོག 783 ནས་ 904