རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

དེ་རིང་སེར་བྱེས་གྲྭ་ཚང་གི་མཁན་རབས་དོན་དྲུག་པ་ཁྲི་འདོན་མཛད་སྒོ་འཚོགས་ཏེ་མཁན་པོའི་མཛད་ཁུར་དངོས་སུ་བཞེས།              དེ་ཡང་གྲྭ་ཚང་གི་མཁན་རབས་དོན་ལྔ་པ་སྐྱབས་རྗེ་དགེ་འདུན་ཆོས་འཕེལ་མཆོག་གློ་བུར་དུ་དགོངས་པ་གཞན་དུ་འཕོས་པར་བརྟེན། མཁན་པོ་གསར་པའི་འོས་མི་གྲྭ་ཚང་གི་གྲོས་ཚོགས་དང་ཤར་བྱང་གི་ཆོས་རྗེ། དགའ་ལྡན་ཁྲི་རིན་པོ་རྣམས་བརྒྱུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་ཞལ་སྔ་ནས་ཀྱིས་ཡེ་ཤེས་དབྱིངས་གཟིགས་ཀྱིས་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་ལ་ཕྱག་དམ་སྦྲགས་མའི་བཀའ་ཡིག་རིན་པོ་ཆེ་སྟེ་མཁན་པོའི་ཕྱག་རྟགས་རིན་པོ་ཆེ་གསོལ་སྩལ་གནང་བ་དགའ་ལྡན་ཁྲི་ཐོག་ཁང་བརྒྱུད་ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་འབྱོར་བར་ཉིན་དེར་གྲྭ་ཚང་གི་མཁན་ཚབ་དང་། ཁྲིམས་བདག་དགེ་བསྐོས། དབུ་མཛད་ཆེན་མོ། སེ་ར་བླ་སྤྱི་དང་བྱེས་སྨད་གཉིས་ཀྱི་ཕྱག་མཛོད་གཙོས་ལས་ཀྱི་སྣེ་མོ་བ་རྣམས་འཛོམས་ཏེ་བླ་བྲང་དུ་ཕྱག་དམ་རིན་པོ་ཆེ་འབུལ་བའི་མཛད་སྒོ་མདོར་བསྡུས་ཤིག་འཚོགས་ཤིང་། the 76 th abbot 01ད་ལྟའི་བར་དུ་མཁན་པོའི་ལས་ཚབ་ཀྱི་ངོ་བོར་བཞུགས་པ་དང་། དེ་རིང་སྟེ་བོད་རྒྱལ་ལོ་༢༡༤༤ བོད་ཟླ་༡ཚེས་༢༦ ཕྱི་ལོ་༢༠༡༧ ཟླ་བ་༣ ཚེས་༢༤ རེས་གཟའ་པ་སངས་གཟའ་སྐར་དགེ་བའི་ཉིན་སྐྱབས་རྗེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཁྲིར་འཁོད་དེ་མཁན་པོའི་མཛད་ཁུར་དངོས་སུ་བཞེས།
           ཉིན་དེའི་ཞོགས་ཀར་གྲྭ་ཚང་གཉིས་ཀྱི་བླ་སྤྲུལ་དགེ་འདུན་ཡོངས་སེར་བྱེས་གྲྭ་ཚང་གི་གཙུག་ལག་ཁང་དུ་མང་ཇ་འཚོགས་ཏེ་རྟེན་འབྲེལ་གྱི་མཛད་སྒོ་དང་། སྔ་དྲོའི་ཆོས་རའི་སྐབས་མཁན་རིན་པོ་ཆེ་གྲྭ་ཚང་གི་ཆོས་རར་གདན་འདྲེན་ཞུས་ཏེ་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་ཞིང་། ཉིན་གུང་ཆུ་ཚོད་༡༡ཐོག་མཁན་ཁྲིར་མངའ་གསོལ་མཛད་སྒོ་དང་འབྲེལ། ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་ཟབ་རྒྱས་ཞུས་སོང་།
the 76 th abbot 03   དམ་པ་ཁོང་ནི་སྐུ་ན་ཆུང་ངུ་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པ་དང་། རྒྱུད་སྟོད་གྲྭ་ཚང་གི་དགེ་བསྐོས་དང་བླ་མ་དབུ་མཛད། མཁན་པོ་བཅས་གནང་མྱོང་ཞིང་། སྲད་རྒྱུད་གྲྭ་ཚང་གི་མཁན་པོའི་མཛད་ཁུར་བཞེས་སྐབས་སེར་བྱེས་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་ཕེབས་འདུག་ལ། དུས་རྒྱུན་གྲྭ་སར་བཞུགས་ཏེ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་མཁན་ཞིག་ཡིན། ༼རྣམ་ཐར་རྒྱས་པའམ་ཁ་གསལ་ཞིག་རྩོམ་སྒྲིག་པས་མཐོང་ཐོས་མ་བྱུང་བས་འདི་ཙམ་ལས་འགོད་ཐབས་མ་བྱུང་ལ། ཞིབ་རྒྱས་རྗེས་སུ་འཚོལ་བསྡུ་བྱས་ཏེ་དགོད་ངེས་ཡིན།༽

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༠༣།༢༤ ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།

ངོ་ཤོག 830 ནས་ 904