རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2024 ལོའི་ཟླ་བ། Apr ཚེས། 12 རེས་གཟའ། Fri

སེར་བྱེས་ཡི་དམ་རྟ་མགྲིན་གྱི་ལོ་རྒྱུས།

དཔལ་ཆེན་རྟ་མཆོག་རོལ་པའམ་ཡི་དམ་རྟ་མགྲིན་ནི། དེ་ཡང་བྱུང་རིམ་གྱི་དབང་དུ་བྱས་ན། སྔོན་འཕགས་ཡུལ་དུ་བཀའ་བརྒྱད་བདེ་གཤེགས་སྤྱི་དྲིལ་གྱི་ཆོས་སྐོར་རྣམས། རིན་ཆེན་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུག་སྟེ། ཊཱ་ཀི་མ་དབང་མོས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་གཏེར་སྲུང་གཉན་པོ་རྣམས་ཀྱིས་རིག་འཛིན་མཆོག་བརྒྱད་སོ་སོར་གཏད་པ་ཉམས་བཞེས་ཀྱིས་ཡང་གཏེར་དུ་སྦས་པ་རྣམས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མ་ཚང་བ་མེད་པར་བཞེས་ནས་གྲུབ་པ་ཐོབ། ཁ་བ་ཅན་གྱི་མ་འོངས་ལས་ཅན་གྱི་གདུལ་བྱ་དང་བསྟན་པའི་ཆེད་དུ་སྩལ་བྱང་གཏད་རྒྱ་དང་བཅས་པ་གནས་བྲག་རྣམས་སུ་རྫུ་འཕྲུལ་གྱི་བཀོད་པ་དུ་མས་གཏེར་རྒྱས་བཏབ་པ་ལས། རིག་འཛིན་ཀླུ་སྒྲུབ་ལ་གཏད་པའི་ཟངས་སྒྲོམ་རྟ་མགྲིན་གྱི་ཆོས་སྡེར་གཏོགས་པ། དབང་ཆེན་ཡང་གསང་ལྷ་དགུའི་ཤོག་སེར་ཞིག་སུམ་པ་དབང་ཚུལ་དང་། འབྲེ་ཤེས་རབ་བླ་མ། རྒྱང་པོ་གྲགས་པ་དབང་ཕྱུག་སྡེ། གཏེར་སྟོན་ཚད་མ་གསུམ་གྱིས་ཡེར་བའི་བྲག་ནས་བཞེས་པ་རིམ་གྱིས་གྲུབ་པའི་དབང་ཕྱུག་མདའ་འཕྱར་བའི་ཕྱག་ཏུ་སོན་པ་སློབ་དཔོན་ཆེན་པོའི་ཡང་སྤྲུལ་གྱིས་དབང་ལུང་མན་ངག་རྣམས་ལེགས་པར་གནང་བ་ལས་རིམ་པར་བརྒྱུད་པ། སྔ་འགྱུར་ཐེག་པ་རིམ་དགུའི་ཡ་གྱལ། བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་སྡེར་བཀའ་གཏེར་ཟུང་འཇུག་གི་རིམ་པ་འདི་ལ། ༸གོང་ས་ལྔ་བ་ཆེན་པོས་འཕྲིན་ལས་ཀྱི་བྱང་བུ་རྒྱས་བསྡུས་སྨད་ལས་དང་བཅས་པ། ལོ་རྒྱུས། བསྙེན་ཡིག །སྦྱིན་སྲེག་གི་ཆོས་སྐོར་རྣམས་མཛད་ནས་ཚད་མར་གྱུར་བ་ལགས། དེ་ཡང་༸གོང་ས་ལྔ་བ་ཆེན་པོས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་བླ་མར་བསྟེན་ནས་ཡང་གསང་གི་སྒྲུབ་པ་མཛད་པའི་དག་སྣང་དུ་རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་སྐུ་བརྙན་ཞིག་བྱེས་གྲྭ་ཚང་གི་ཐོག་ཁར་བཞུགས་སུ་གསོལ་ཞིང་། ཡང་གསང་གི་ལས་བྱང་གྱེར་སྒོམ་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བ་མཛད་ནས་གནང་། སེར་བྱེས་གྲྭ་ཚང་དང་ཡི་དམ་འདིའི་འབྲེལ་བ་བྱུང་ཚུལ་ནི། མུས་སྲད་པ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་དབུས་ཕྱོགས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་ཞབས་ལ་གཏུགས་ནས་སྐུ་དྲུང་དུ་ཕེབས་པ་ན་མོས་གུས་དང་དད་པ་བརྗོད་མི་ཤེས་པ་སྐྱེས་ཤིང་། ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། ཁྱད་པར་དུ་ངེད་ཀྱི་ཕ་མེས་ཀྱིས་ཡི་དམ་རྟ་མགྲིན་ཡང་གསང་འདི་ལ་བྱེད་ཀྱི་ཡོད་པས་དེ་རང་ཆོག་གམ་ཞུས་པ་ན། ཡི་ཞལ་ནས་ཡི་དམ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གསང་བའི་ཡི་དམ་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས། ཅི་ནས་ཀྱང་བསྟེན་ཆོག ཁྱེད་ཀྱི་མ་འོངས་པའི་གྲྭ་ཚང་དེ་ཡང་ཀླུ་སྒྲུབ་ཀྱི་ལྟ་བ་ལ་འཆད་ཉན་བྱེད་པའི་དབུ་མའི་གྲྭ་ཚང་ཕུལ་དུ་བྱུང་བ་ཞིག་ཡོང་བར་འདུག་ཅེས་ལུང་བསྟན་ཅིང་། ཐུགས་དགྱེས་ཉམས་ཆེན་པོའི་ངང་ནས་ཕྱག་དབུ་ཐོག་ཏུ་བཞག་སྟེ། སྒོ་གསུམ་བྱིན་གྱིས་བརླབས་པས། དབུ་ལ་ཡང་ཕྱག་རྗེས་གསལ་བར་བབས་པ་བྱུང་། ཡི་དམ་འདིའི་སྐུ་གཟུགས་དངོས་སུ་བསྟན་ནས། ང་ལ་བསྟེན་ན་ཁྱེད་ཡབ་སྲས་སློབ་བརྒྱུད་དང་བཅས་པའི་བསྟན་པ་ཚུལ་བཞིན་འཛིན་པ་རྣམས་སྐྱོང་བའི་ཞལ་བཞེས་མཛད། ཡབ་རྟོགས་ལྡན་མགོན་པོས་ཀྱང་ཡི་དམ་འདི་དང་མི་འབྲལ་བར་གྱིས་ཞེས་རྟ་མགྲིན་གྱི་ཆོས་སྐོར་ཆ་ལག་དང་བཅས་པ་ཆེད་གཉེར་གྱིས་འབུལ་མི་གནང་བ་ཕྱག་ཏུ་སོན་པ་སོགས་རྟེན་འབྲེལ་སྒོ་དུ་མ་ནས་འགྲིགས་ཤིང་། ཀུན་མཁྱེན་པ་སེ་རར་ཞབས་སྐོར་ལ་ཕེབས་རེས་བཞིན། ན་བཟའ་ཚེར་མའི་ཕུང་བོ་ཞིག་ལ་ཐོགས་པ་བྱུང་བ་དང་། ཡང་དུས་གཞན་ཞིག་ལ་ཤིང་སེ་བའི་ཕུང་བོར་བྱ་རོག་དམར་པོ་ཞིག་ཐིམ་པའི་ཉམས་སྣང་ངོ་མཚར་ཅན་བྱུང་བས། དེ་ལ་ནན་གྱིས་གཟིགས་པའི་ཚེ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཡུམ་བཅས་རྟ་སྐད་ལྷང་ལྷང་འཚེར་བས། ས་གཞི་ཐམས་ཅད་ཡོམ་ཡོམ་གཡོ་བའི་ཐུགས་སྣང་བྱུང་བ་བཞིན་གནས་དེར་ཡི་དམ་གྱི་ཞལ་གཟིགས། དེ་ནས་སེ་ཤིང་སྐུའི་སྲོག་ཤིང་དུ་མཛད་ནས་ཀུན་མཁྱེན་པ་རང་ཉིད་ཀྱི་ཆོས་གོས་གཡོགས་ནས་རྟ་མགྲིན་པདྨ་ཡང་གསང་ཁྲོས་པའི་སྣང་བརྙན་ངོ་མཚར་བྱིན་རླབས་ཀྱི་ཕུང་བོར་གྱུར་བ་དེ་ཉིད་ལེགས་པར་བཞེངས་ཏེ་སྨོན་ལམ་དང་རབ་གནས་ཀྱིས་ཡི་དམ་དངོས་དང་དབྱེར་མེད་དུ་བསྐྲུན་པར་མཛད། གྲྭ་ཚང་འདིའི་ལེགས་ཉེས་ཀྱི་རྟགས་སུ་སྐབས་རེར་སའི་གཏིང་ནས་གྲགས་པ་ལྟ་བུའི་རྟ་སྐད་ཐོས་པའང་མང་དུ་བྱུང་ཚུལ་ཞལ་རྒྱུན་ལས་བྱུང་ངོ་། །དེ་ནས་གྲྭ་ཚང་འདིར་སྒྲུབ་མཆོད་བཙུགས་ཐོག །འདིའི་དབང་བཞིའི་མཚོན་མན་ངག་ལས་ཚོགས་དང་བཅས་པའི་རྒྱུན་རིམ་པར་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ །དེས་ཕ་བོང་ཁ་བ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། དེས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། དེས་པཎ་ཆེན་བདེ་ལེགས་ཉི་མ། དེས་ཤར་ཆེན་ནམ་མཁའ་རྒྱལ་མཚན། དེས་ཆོས་རྗེ་རིན་ཆེན་བཤེས་གཉེན། དེས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། དེས་༸གོང་ས་ལྔ་བ་ཆེན་པོ། དེས་ཆོས་རྗེ་འཇམ་དབྱངས་གྲགས་པ། དེས་ཆོས་རྗེ་ངག་དབང་དཀོན་མཆོག །དེས་བྱེས་བླ་བློ་བཟང་ནོར་བུ། དེས་བློ་བཟང་ཚུལ་ཁྲིམས། དེས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། དེ་ནས་དམ་པ་བར་མ་ཆད་པར་རིམ་པར་བརྒྱུད་དེ་འཕགས་ཡུལ་སེར་བྱེས་འདིར་དམ་འདིའི་བསྙེན་སྒྲུབ་མཆོད་གཏོར་གྱི་ཕྱག་བཞེས་བརྒྱུད་ལྡན་བླ་མ་དམ་པ་ཚོའི་ཕྱག་བཞེས་ངོས་གཙང་བསྟན་འགྲོའི་རྒྱན་དུ་ཆེ་བ་འགྲོ་བཞིན་པར་མ་ཟད། ལྷག་དོན༸གོང་སྋསྐྱབས་མགོན༸རྒྱལ་བའི་དབང་པོ་བཅུ་བཞི་བ་ཆེན་པོས་ཡི་དམ་འདིའི་དབང་ཆེན་ལན་གྲངས་དུ་མར་གནང་བའི་བཀའ་དྲིན་དང་། ཡི་དམ་འདི་གྲྭ་ཚང་འདིའི་དམ་པ་བར་མ་ཆད་པའི་ཐུན་མོང་མ་ཡིན་པའི་ཡི་དམ་ཡིན་པས་འདུས་པ་རྒྱ་མཚོས་གཏོར་འབུལ་བཟླས་བརྗོད་ལ་བརྩོན་པ་ལས་ཆོས་མཐུན་གྱི་ལས་དོན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱི་མཚན་མ་ཤིན་ཏུ་གསལ་བ་དེ་ལྟར་ལགས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༤ ཟླ་ ༤ ཚེས་ ༡༢ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]

ངོ་ཤོག 29 ནས་ 899