རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2023 ལོའི་ཟླ་བ། Apr ཚེས། 19 རེས་གཟའ། Wed

དབྱར་དགག་གཉིས་ལ་དཔྱད་པ་བུང་བའི་གཤོག་སྒྲ།

སྟོན་པ་བཅོམ་ལྡན་འདས་འཇིག་རྟེན་གྱི་མགོན་དེ་ལ་ཕྱག་འཚལ་ལོ། །
དབྱར་གྱི་གླེང་གཞི་དང་བྱུང་བའི་དུས། དབྱར་གྱི་གླེང་གཞི་བྱུང་ཚུལ་ནི། ལུང་གཞི་ལས་སྟོན་པ་སངས་རྒྱས་པའི་རྗེས་ཤིག་ནས་སྟོན་པའི་དགེ་སློང་དག་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་ག་ས་ག་ལ་དོང་བ་རྣམས་ལ་བརྟེན་ནས་མུ་སྟེགས་བྱེད་རྣམས་ཀྱིས། དགེ་སྦྱོང་གཽ་ཏཾ་མའི་སློབ་བུ་འདི་ཚོ་དབྱར་གྱི་ནང་དུ་བག་ཡངས་སུ་སྤྱོད་པ་ལས། སྲོག་ཆགས་ཤིན་ཏུ་ཕྲ་མོ་མང་པོ་བརྫིས་ནས་སྲོག་དང་བྲལ་བར་བྱེད་དོ། །རེ་ཞིག་བྱེའུ་ཁུག་རྟ་ཡང་དབྱར་ཟླ་བ་བཞིའི་རིང་ལ་ཞུམ་ཞུམ་པོར་གནས་ཤིང་བསྐུམས་ནས་འདུག་ན། དགེ་སྦྱོང་འདི་ཚོ་ནི་དེ་ཙམ་ཡང་མི་ཤེས་ན། འདི་དག་ལ་བསོད་སྙོམས་སྦྱིན་པ་དང་། བཀུར་བསྟི་བྱེད་པ་སུ་ཡོད་ཅེས་སོགས་ཁ་ཟེར་བ་དང་། སྟོན་པ་བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་ཕན་ཡོན་རྣམ་པ་བཅུ་དག་ཀྱང་གཟིགས་ནས། དབྱར་གནས་པར་དམ་བཅའ་བར་བྱའོ། །ཞེས་སོགས་དབྱར་གནས་པའི་བཅས་པ་མཛད་ཚུལ་གསལ། ཇི་ལྟར་གནས་པར་བྱ་ཚུལ་ལ། དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་གཙུག་ལག་ཁང་ཆག་ཆག་བྱའོ། །ཞེས་སོགས་དབྱར་གནས་མགོ་བཙུགས་པའི་དུས་སོགས་གསུངས། དེའི་འོག་ནས་རིམ་པ་བཞིན་དུ་གནས་མལ་སྟོབས་པ་པོ་བསྐོ་ཚུལ་དང་། གནས་མལ་སྟོབས་ཚུལ། ཁས་ལེན་པའི་ཆོ་ག་དང་། དབྱར་གྱི་ནང་དུ་ཞག་བདུན་བྱིན་གྱིས་བརླབ་ཚུལ་སོགས་གསལ་བར་གསུངས་ལ། དེའི་རྗེས་སུ་དགག་དབྱེ་བྱ་ཚུལ། དགག་དབྱེ་ལན་གཅིག་བྱ་བ་དང་ཚོགས་ཀྱི་དགག་དབྱེ་སོགས་ཀྱི་གླེང་གཞི་ཡང་གསུངས། གཞུང་དམ་པའི་སྐབས་སུ་ཞག་བཞི་བཅུར་བྱིན་གྱིས་བརླབ་པའི་ཚུལ་ཡང་གསལ་བར་གསུངས་སོ། །འདིའི་ཐོག་ནས་སྤྱིར་དབྱར་གནས་པའི་གླེང་གཞི་ཇི་ལྟར་བྱུང་ཚུལ་གསལ་ཡང་། སྟོན་པ་དགུང་ལོ་གང་གི་སྐབས་ཡིན་པ་སོགས་མི་གསལ།
འོན་ཀྱང་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་ལས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རང་བྱུང་གི་བསྙེན་པར་རྫོགས་ནས་དབྱར་བཞི་བཅུ་ལྷག་ཅིག་འཇིག་རྟེན་ན་བཞུགས་ཡོད་པ་དང་། དེ་ཡང་སྟོན་པ་སངས་རྒྱས་ནས་བཞུགས་གནས་གཙོ་བོའི་གྲས་མཉན་ཡོད་ཀྱི་རྒྱལ་བྱེད་ཚལ་རང་ལ་དབྱར་ཉི་ཤུ་དང༌། རི་དྭགས་འཛིན་གྱི་མའི་ཤར་གྱི་ཀུན་དགའ་ར་བར་དབྱར་ལྔ་སྟེ་སྡོམ་པས་མཉན་ཡོད་རང་དུ་དབྱར་ཉེར་ལྔར་བཞུགས་པར་བཤད། ལོ་རྒྱུས་ཞིབ་འཇུག་ལ་ཤིན་ཏུ་མཁས་པ་དང་། སྐད་རིགས་མང་པོ་ཤེས་ཤིང་རྒྱ་གར་རང་དུ་ལོ་མང་ཞིག་བཞུགས་པས་ཁུངས་དག་ཅིག་ཡིན་སྣང་འཆར། གཞན་ཡང་ས་གནས་གཅིག་ཏུ་བཞུགས་ཡུན་རིང་ཤོས་མཉན་ཡོད་ཡིན་པ་དང་། སྟོན་པའི་བཞུགས་གནས་གཙོ་བོ་ཞིག་ཡིན་པས་མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་པ་མཛད་པ་ཡིན་ཞེས་གསུང་རྒྱུན་དུ་ཡོད།
ད་དུང་རྒྱ་གར་གྱི་སློབ་དཔོན་དགེ་འདུན་བཟང་པོས་མདོ་སྡེ་བཏུས་པ་ལས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་དབྱར་བཞི་བཅུ་ཞེ་ལྔར་བཞུགས་པའི་ཡུལ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་ར་ཎ་སིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་ནས་དབྱར་དང་པོ་དེར་བཞུགས་པ་དང་། གཉིས་པ། གསུམ་པ། བཞི་པ་ནི་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་(རྒྱལ་པོའི་ཁབ་ཀྱི་ཉེར་འཁོར་ན་ཡོད། )ལ་དང་། ལྔ་པ་ཡངས་པ་ཅན། དྲུག་པ་ས་དཀར་ཅན་(ཀཽ་ཤ་ལ། ཀཽ་ཤམྦྷིའི་ཉེར་འཁོར་ན་ཡོད། )དང་། བདུན་པར་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས། བརྒྱད་པར་(སྨན་གྱི་ནགས་སུ)ལྷ་འདྲེའི་ཡུལ། དགུ་པ་ཀཽ་ཤམྦྷི། བཅུ་པ་མཆོད་རྟེན་རི། བཅུ་གཅིག་པ་(སྨན་གྱི་ནགས་སུ)ལྷ་འདྲེའི་ཡུལ། བཅུ་གཉིས་པ་མ་ག་དྷཱའི་འབྲོག། བཅུ་གསུམ་པ་(སྨན་གྱི་ནགས་སུ)ལྷ་འདྲེའི་ཡུལ། བཅུ་བཞི་པ་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བ། བཅོ་ལྔ་པ་དང་བཅུ་དྲུག་པ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར། བཅུ་བདུན་པ་དང་བཅོ་བརྒྱད་པ་རྒྱལ་པོའི་ཁབ། བཅུ་དགུ་པ་འབར་བའི་ཕུག། ཉི་ཤུ་པ་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་(མ་ཀ་ལན་ད་ཀས་ཕུལ་བའི་སྨྱུག་མའི་ནགས་ཚལ་)དང་། ཉེར་གཅིག་པ་འབར་བའི་ཕུག། དེ་ནས་ལོ་བཞིར་གཞན་དུ་མ་བཞུད་པར་(སྨན་གྱི་ནགས་སུ)ལྷ་འདྲེའི་ཡུལ་ན་བཞུགས་པ་དང་། དེ་ནས་ལོ་བཅུ་དགུར་མཉན་ཡོད་དུ་བཞུགས་པ་བཅས་དབྱར་ཞེ་བཞིའི་བཞུགས་གནས་དང་། དེ་ནས་དབྱར་ཐ་མ་ནི་ལིཙྪ་བཱི་ཡི་ཡུལ་ན་བཞུགས་པ་བཅས་སྟོན་པ་སངས་རྒྱས་ནས་དབྱར་ཞེ་ལྔ་བཞུགས་པའི་ཡུལ་སོ་སོ་ནས་ངོས་འཛིན་མཛད་པ་དང་། ཡང་བྱེ་བྲག་ཏུ་བཤད་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་(ཤི་ཤུ་ཀཿ)དང་ཀཽ་ཤམྦྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །ཞེས་གསུངས་པ་གཉིས་དབྱར་ཞེ་ལྔའི་གྲངས་མཐུན་ཡང་གནས་ཀྱི་ངོས་འཛིན་འགའ་ཞིག་མི་མཐུན་པ་དང་། ཡང་མཉན་ཡོད་དུ་བཞུགས་པའི་གྲངས་ཀྱང་དགེ་འདུན་ཆོས་འཕེལ་གྱིས་ཉེར་ལྔ་དང་། དགེ་འདུན་བཟང་པོས་ཉི་ཤུ་དང་། བྱེ་བཤད་ལས་ཉེར་གསུམ་གསུངས་པ་སོགས་ཅུང་ཟད་མི་མཐུན་ཞིང་། འདི་དག་ལས་གཞན་པའི་ཁུངས་གསལ་བོ་ཞིག་ཁོ་བོས་ད་བར་མ་རྙེད་ཅིང་། འགའ་ཞིག་གིས། སློབ་དཔོན་དགེ་འདུན་བཟང་པོས་གསུངས་པ་དེ་སངས་རྒྱས་ནས་ལོ་དུ་བཞུགས་ལ་རྒྱ་གར་བ་དག་གིས་དབྱར་གྱི་མིང་གིས་བསྙད་པས་ལོ་དུ་བཞུགས་ལ་བརྩི་བ་ཡིན་གསུངས་མོད། འོན་ཀྱང་བྱེ་བཤད་ལས་གསུངས་པ་དེ་དབྱར་གནས་པའི་དུས་རང་ལ་བརྩི་བར་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་པས་འདི་གནད་ཆེ།
དེ་ལྟ་ན། སྟོན་པ་བཅོམ་ལྡན་འདས་དགུང་ལོ་༢༩ཐོག་ལ་རང་བྱུང་གི་བསྙེན་པ་རྫོགས་ཚུལ་མཛད་ནས། ལོ་དྲུག་རིང་དཀའ་སྤྱད་མཛད་དེ་དགུང་ལོ་སོ་ལྔ་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སངས་རྒྱས་པའི་ཚུལ་བསྟན། དེ་ནས་ཞག་ཞེ་དགུར་ཆོས་མ་གསུངས་པར་བཞུགས། ཟླ་བ་དྲུག་པའི་ཚེས་བཞི་ཉིན་ཆོས་ཀྱི་འཁོར་ལོ་དང་པོར་བསྐོར། དེ་ནས་ཟླ་བ་དེ་གའི་ཚེས་བཅུ་དྲུག་ནས་དབྱར་སྔ་མ་ཞལ་བཞེས་མཛད་པ་ཡིན་ཞེས་བཤད་དགོས་པས། དབྱར་གནས་ཀྱི་གླེང་གཞི་ལྟར་གྱི་དགེ་སློང་དག་དབྱར་གྱི་དུས་སུ་ལྗོངས་རྒྱུ་སོང་བ་ལ་མུ་སྟེགས་པས་ཁ་ཟེར་བ་ལས་བཅས་པ་མཛད་པའི་ཚུལ་ལུང་གཞི་ལས་གསུངས་པ་ལྟར་བཤད་མི་ཐུབ་པའི་ཚོད་ཡིན་ཏེ། སངས་རྒྱས་ནས་ཉིན་བཅུ་གྲངས་ཤིག་ནས་དབྱར་དང་པོ་ཞལ་གྱིས་བཞེས་པས་དེའི་བར་དུ་དགེ་སློང་དག་ལ་ཁ་ཟེར་བ་སོགས་ཀྱི་གླེང་གཞིའི་བཤད་པ་ལྟར་ཡོང་དོན་མེད་པས་སོ། །མཁས་པ་འགས་དབྱར་གནས་དེའི་སྔོན་ནས་ཡོད་ཀྱང་གླེང་གཞི་ལྟར་གྱི་བཅས་པ་རྗེས་ནས་མཛད་པ་ཡིན་ཟེར་བ་དང་། དེ་བཞིན་དུ་གསོ་སྦྱོང་གི་སྒྲུབ་བཅས་དེ་ཡང་སྤྱིར་གསོ་སྦྱོང་གི་བཅས་པ་མིན། མཐུན་པའི་གསོ་སྦྱོང་གི་བཅས་པ་ཡིན་ཟེར་བ་སོགས་གསུང་ཚུལ་སྣ་ཚོགས་འདུག་ཀྱང་དང་པོ་ནས་ཡོད་ན་ཕྱིས་སུ་གླེང་གཞི་བྱུང་ཞེས་པའི་གོ་དོན་མེད་ལ། གླེང་གཞི་བྱུང་ནས་བཅས་པ་མཛད་པ་ཡིན་ན་བཅས་པ་མ་མཛད་པའི་སྔོན་རོལ་དུ་དེའི་ལག་ལེན་ནམ་ཆོ་གའི་རིམ་པ་དེ་ཡོང་དོན་མེད་པ་ལྟར་མངོན། དེས་ན་གོང་གི་བཤད་ཚུལ་དེ་དག་ལས་གཞན་པའི་དབྱར་གནས་དང་གསོ་སྦྱོང་སོགས་ཀྱི་གླེང་གཞི་དང་སྦྱར་ནས་བཅས་པ་ཇི་ལྟར་མཛད་པའི་ཚུལ་དང་། སྟོན་པ་དགུང་ལོ་གང་གི་སྐབས་ཡིན་པ་གསལ་བོ་ཡོད་པའི་ཁུངས་དག་གི་ལོ་རྒྱུས་མ་མཐོང་བས་དཔྱོད་ལྡན་དག་གིས་དཔྱད་འཚལ།
དབྱར་གནས་པའི་དགོས་པ། འདི་ནི་འདུལ་གཞུང་དག་ལས། དངོས་ཀྱི་དགོས་པ་གཅིག་དང་བརྒྱུད་པའི་དགོས་པ་བརྒྱད་ཡོད་པར་གསུངས་ཏེ། དེ་ཡང་དངོས་ཀྱི་དགོས་པ་གཅིག་ནི། དབྱར་གནས་དགོས་པར་དངོས་སུ་བཅས་པས་དེ་ལྟར་མ་བྱས་པའི་ཉེས་པ་དངོས་སུ་ཁེགས་པའོ། །བརྒྱུད་པའི་དགོས་པ་བརྒྱད་ནི། ༡༽ས་གཞི་ལ་སྲོག་ཆགས་མང་པོ་རྒྱུ་བའི་སྐབས་ཡིན་པས་འགྲོ་འདུག་མང་ན་སྲོག་ཆགས་ལ་གནོད་པ་ཆེ་བས། སྲོག་ཆགས་ལ་གནོད་པ་སྤོང་བ་དང་། ༢༽མུ་སྟེགས་པའི་འཕྱ་བ་ལྟ་བུའི་གཞན་མ་དད་པ་སྤོང་བ་དང་། ༣༽དབྱར་ཆར་ཆུའི་ཞོད་ཆེ་བའི་དུས་སུ་རྒྱུ་འགྲུལ་མང་པོ་བྱས་ན་རང་གི་ལུས་སྲོག་ལ་གནོད་པའི་ཉེན་ཆེ་བས། རང་གི་ལུས་སྲོག་ལ་གནོད་པ་སྤོང་བ་དང་། ༤༽དབྱར་གྱི་ནང་དུ་མཚམས་ནང་གཅིག་ཏུ་དབྱར་ཁས་བླངས་ཏེ་གནས་ན་དོན་དང་བྱ་བ་ཉུང་བར་འགྱུར་བ་དང་། ༥༽དོན་ཉུང་བྱ་ཉུང་གི་སྒོ་ནས་མཚམས་ནང་གཅིག་ཏུ་གནས་ན་ཐོས་བསམ་སྒོམ་གསུམ་གྱི་ཕྱོགས་གང་ཡིན་འཕེལ་བར་འགྱུར་བ་དང་། ༦༽དབྱར་གནས་དགོས་པའི་རྐྱེན་གྱིས་གནས་ཁང་སོགས་ཞིག་གསོ་བྱེད་པས་གནས་རལ་བ་དང་འདྲུམ་པ་འཆོས་པ་འགྱུར་བ་དང་། ༧༽དབྱར་གནས་མ་བྱས་པར་དགག་དབྱེ་བྱར་མེད་པས་དགག་དབྱེ་འབྱུང་བ་དང་། ༨༽དབྱར་གནས་བསྡད་ཅིང་དགག་དབྱེ་མ་བྱས་པ་སྲ་བརྐྱང་གཏིང་བ་མེད་པས་སྲ་བརྐྱང་འབྱུང་བ་བཅས་བརྒྱད་དོ། །
དབྱར་གནས་ཇི་ལྟར་བྱ་ཚུལ། གནས་གང་དུ་དབྱར་གནས་པ་དང་། ཡུལ་གང་གི་མདུན་དུ་དབྱར་གནས་པར་ཁས་ལེན་པའི་ཚུལ་དང་། རྟེན་གང་གིས་དབྱར་གནས་པར་ཁས་ལེན་པའི་རྟེན་གྱི་གང་ཟག་གི་ཁྱད་ཆོས་སོགས་འདུལ་གཞུང་རྣམས་ལས་ཤིན་ཏུ་གསལ་བས་ཞིབ་པར་མི་སྤྲོ་ལ། དུས་གང་གི་ཚེ་དབྱར་གནས་པ་འདི་གནད་ཆེ་ཞིང་འདོད་ཚུལ་ཡང་མང་བས་ཅུང་ཟད་དཔྱད་པར་བྱའོ། །དེ་ཡང་རྒྱ་བོད་ཀྱི་འདུལ་གཞུང་ཕལ་ཆེ་བས་ཁུངས་གཏུག་ས་འདུལ་བའི་སློབ་དཔོན་ཆེན་པོ་ཡོན་ཏན་འོད་ཀྱི་གསུང་འདུལ་བའི་གཞུང་དང་ལག་ལེན་ཐམས་ཅད་བསྡུས་ནས་བསྟན་པ་འདུལ་བ་མདོ་རྩ་བ་ལས། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུ་བྱའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་བགྱིའོ། །དབྱར་ཐ་ཆུང་གི་ཉའིའོ། །ཞེས་གསུངས། བོད་དུ་འདུལ་བའི་སྡེ་སྣོད་མཐའ་དག་ལ་མཁས་པའི་ཕུལ་དུ་ཕྱིན་པ་གངས་ལྗོངས་འདུལ་བའི་མངའ་བདག་ཆེན་པོ་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོའི་གསུང་མཚོ་ཊཱིཀ་ཉི་མའི་འོད་ཟེར་དེའི་ཐད་ཀྱི་འགྲེལ་བ་ལས། བཞི་པ་དུས་གང་གི་ཚེ་དབྱར་གནས་པར་ཁས་བླང་བ་ནི། དབྱར་སྔ་ཕྱིའི་བྱེ་བྲག་གིས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ལ་སྟེ་ཚེས་བཅུ་དྲུག་(དབྱར་ཟླ་འབྲིང་པོ་ཉ་བའི་ཕྱི་ཉིན་)ལའོ། །ཞེས་པ་ལ་སོགས་པ་གསུངས་སོ། །ཞེས་གསུངས།
མདོ་རྩ་བའི་ཚིག་དེའི་དོན་ལ། དབྱར་ཟླ་བ་གསུམ་དུ་གནས་པར་ཁས་ལེན་དགོས་པ་དང་། ཁས་ལེན་པའི་དུས་དབྱར་སྔ་མ་ཁས་ལེན་ན་དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་ཏེ་ཚེས་བཅུ་དྲུག་ཡིན་པ་དང་། དབྱར་ཕྱི་མ་ཁས་ལེན་ན་དབྱར་ཟླ་ཐ་ཆུང་གི་ཉའི་ཕྱི་དེ་ཉིན་པ་ཡིན་པར་གསལ་པོ་གསུངས་འདུག་པས་དབྱར་སྔ་མ་ཁས་ལེན་པའི་དུས་དབྱར་ཟླ་འབྲིང་པོའི་ཉའི་ཕྱི་ཉིན་དེ་དེང་སྐབས་ཀྱི་བརྩི་སྟངས་ལྟར་བྱས་ནས་བོད་ཚེས་བཅུ་དྲུག་ཅིག་ནས་མགོ་འཛིན་དགོས་པ་ཡིན། དེ་ལ་དབྱར་ཟླ་འབྲིང་པོ་དེ་གང་ཡིན་དང་། དབྱར་ཟླ་ཐ་ཆུང་གང་ཡིན་ཐད་ལ། སྤྱིར་འདུལ་གཞུང་ལས་མར་ངོ་སྔོན་འགྲོའི་དབང་དུ་བྱས་ནས་བརྩི་བར་གསུངས་པས་དེ་གཞིར་བྱས་ཏེ། དུས་རྣམས་ཀྱི་དང་པོར་དགུན་ནས་བརྩི་དགོས་པར་གསུངས་པ་ལྟར་དབྱར་འབྲིང་ཀྱང་དེ་ལ་གཞིར་བྱས་ནས་བརྩི་དགོས་པ་ཡིན། དེ་ལ་འདུལ་བའི་ལུགས་ཀྱི་ལོ་མགོ་འཛིན་ཚུལ་མདོར་བསྡུས་ཤིག་བརྗོད་པར་བྱའོ། །སྤྱིར་ལོ་གཅིག་ལ་ཟླ་བ་བཅུ་གཉིས་དང་། ཟླ་བ་སོ་སོའི་མིང་འདོགས་སྣ་ཚོགས་ཤིག་ཡོད་པ་ཡིན། དེ་ཡང་དེང་གི་ལག་ལེན་གཙོ་བོའི་ཆ་ནས་ཧོར་ཟླའམ་བོད་ཟླ་གཞིར་བཞག་གིས་བཤད་ན་གོ་བདེ་བས། དང་པོར་ཟླ་བ་བཅུ་གཉིས་ཀྱི་མིང་དང་། ཟླ་བ་བཅུ་གཉིས་ལ་དམན་པ་ཕྱག་དར་ཁྲོད་ཀྱི་གོས་ཀྱི་ཚད་རྟོགས་པའི་ཕྱིར་དགུན་དང་དཔྱིད་དང་དབྱར་བཅས་དུས་ཚིགས་གསུམ་དུ་འཇོག་ལུགས་དང་། འཇིག་རྟེན་པ་དག་དང་མཐུན་པར་དགུན་དཔྱིད་དབྱར་སྟོན་བཅས་དུས་ཚིགས་བཞིར་འཇོག་ལུགས་དང་། དབྱར་ཐུང་ངུ་བདེ་གླག་ཏུ་རྟོགས་པའི་ཕྱིར་དགུན་དང་དཔྱིད་དང་དབྱར་ཙམ་དང་དབྱར་ཐུང་ངུ་དང་དབྱར་རིང་པོ་བཅས་དུས་ཚིགས་ལྔར་འཇོག་ལུགས་དང་། གསོ་སྦྱོང་བཅུ་བཞི་པ་བདེ་བླག་ཏུ་རྟོགས་པའི་ཕྱིར། དགུན་དགུན་སྨད། དཔྱིད་སོ་ག། དབྱར་སྟོན་བཅས་དུས་ཚིགས་དྲུག་ཏུ་འཇོག་ལུགས་རྣམས་རེའུ་མིག་ཏུ་གསལ་བ་ལྟར་ཤེས་པར་བྱའོ། །

འདུལ་ལུགས་ཀྱི་ལོ་གཅིག་གི་དུས་ཚིགས་སོ་སོའི་རེའུ་མིག
ཧོར་ཟླའི་ཚེས་གྲངས། ཟླ་བ་སོ་སོའི་མིང་། དུས་ཚིཊ་གསུམ། དུས་ཚིཊ་བཞི། དུས་ཚིཊ་ལྔ། དུས་ཚིཊ་དྲུག
ཧོར་ཟླ། 12/16-1/15 མཆུ་ཟླ་བ། དགུན། དགུན། དགུན། དགུན་སྨད།
ཧོར་ཟླ། 1/16-2/15 དབོ་ཟླ་བ། དགུན། དཔྱིད། དགུན། དགུན་སྨད།
ཧོར་ཟླ། 2/16-3/15 ནག་པ་ཟླ་བ། དཔྱིད། དཔྱིད། དཔྱིད། དཔྱིད།
ཧོར་ཟླ། 3/16-4/15 ས་ག་ཟླ་བ། དཔྱིད། དཔྱིད། དཔྱིད། དཔྱིད།
ཧོར་ཟླ། 4/16-5/15 སྣྲོན་ཟླ་བ། དཔྱིད། དབྱར། དཔྱིད། སོ་ག
ཧོར་ཟླ། 5/16-6/15 ཆུ་སྟོད་ཟླ་བ། དཔྱིད། དབྱར། དཔྱིད། སོ་ག
ཧོར་ཟླ། 6/16-7/15 གྲོ་བཞིན་ཟླ་བ། དབྱར། དབྱར། དབྱར་ཙམ། དབྱར།
ཧོར་ཟླ། 7/16-8/15 ཁྲུམས་སྟོད་ཟླ་བ། དབྱར། སྟོན། ཚེས་༡དབྱར་ཐུང་ངུ་། ཚེས་༢ནས་ཞག་༢༩དབྱར་རིང་པོ། དབྱར
ཧོར་ཟླ། 8/16-9/15 དབྱུ་གུ་ཟླ་བ། དབྱར། སྟོན། དབྱར་རིང་པོ། སྟོན།
ཧོར་ཟླ། 9/16-10/15 སྨིན་དྲུག་ཟླ་བ། དབྱར། སྟོན། དབྱར་རིང་པོ། སྟོན།
ཧོར་ཟླ། 10/16-11/15 མགོ་ཟླ་བ། དགུན། དགུན། དགུན། དགུན།
ཧོར་ཟླ། 11/16-12/15 རྒྱལ་ཟླ་བ། དགུན། དགུན། དགུན། དགུན།

ལོ་མགོ་འཛིན་ཚུལ་ལ། སྦལ་ཏི་དགྲ་བཅོམ་པ་སོགས་ཀྱིས་ལོ་འགོ་དང་དགུན་དུས་ཀྱི་དང་པོ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་འཛིན་པ་དང༌། གཙང་དབུས་ཀྱི་མཁས་པ་ཁ་ཅིག་གིས་ལོ་འགོ་དང་དགུན་དུས་དང་པོ་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་འཛིན་པ་དང༌། ས་དགེའི་མཁས་མང་སྤྱི་དང་འདུལ་འཛིན་སྤྱི་ལ་གྲགས་པ་ཧོར་ཟླ་བཅུ་པའི་མར་ངོའི་ཚེས་བཅུ་དྲུག་ནས་ལོ་འགོ་དང་དགུན་དུས་ཀྱི་དང་པོ་འཛིན་པ་སོགས་ཡོད་པ་ལས། འགྲེལ་བཤད་རྒྱལ་སྲས་མ་ལས། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ནོ། །ཞེས་པ་དང་། མདོ་རྩ་བའི་ཊཱིཀ་ལས། དུས་ཚིགས་དྲུག་གི་དབང་དུ་བྱས་ནས། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་ཚིགས་སོ། །ཞེས་སོགས་གསུངས་པ་ལ་བརྟེན་ནས་འདུལ་བའི་མངའ་བདག་ཆེན་པོ་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོའི་མཚོ་ཊཱིཀ་ཆེ་ཆུང་དང་། རྒྱལ་བ་དགེ་འདུན་གྲུབ་པའི་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་དང་། འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་བའི་མཐའ་དཔྱོད་བློ་གསལ་མཁས་པའི་མགུལ་རྒྱན་དང་། མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པའི་འདུལ་བའི་ལེགས་བཤད་ལུང་རིགས་ཉི་མ། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་འདུལ་བའི་མཐའ་དཔྱོད་ཙིནྟ་མ་ཎིའི་ཕྲེང་མཛེས་སོགས་ལས་ཞལ་གཅིག་མཐུན་གྱིས་མར་ངོ་སྔོན་འགྲོའི་དབང་དུ་བྱས་པའི་སྨིན་དྲུག་གི་ཉའི་ཕྱི་དེ་ཉིན་པ་ནས་དང་། ཡོངས་གྲགས་བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་ཅིང་དགུན་གྱི་ཟླ་བ་དང་པོར་བརྩི་བར་མཛད་དོ། །
འདི་ལ་ཀུན་མཁྱེན་མཚོ་སྣ་བ་ཆེན་པོས། སྐབས་དེ་དུས་ཀྱི་མཁས་པ་ཁག་ཅིག་གིས། དབྱུ་གུའི་ཉ་བ་སྟོན་ཟླ་ཐ་ཆུང་ལ་འཇོག་པའི་ཚུལ་དང་། དེ་དག་གིས་ཤེས་བྱེད་དུ་དྲངས་པའི་རྟེན་འབྲེལ་མདོ་འགྲེལ་ཡིན་ཁུལ་གྱི་ཚིག་དེ་དག་རྟེན་འབྲེལ་མདོ་འགྲེལ་ན་ཡེ་མེད་པ་དང་། དབྱུ་གུའི་ཉ་པ་སྟོན་ཟླ་ཐ་ཆུང་ཡིན་པའི་སྒྲུབ་བྱེད་ཀྱི་གཞུང་གཏན་ནས་མེད་ཅིང་གནོད་བྱེད་ཀྱི་གཞུང་དགུ་ཡོད་པ་ཐམས་ཅད་མཐའ་ཆགས་སུ་དྲངས་ནས། དེ་དག་ཐམས་ཅད་སྨིན་དྲུག་གི་ཉ་པ་སྟོན་ཟླ་ཐ་ཆུང་ཡིན་པའི་སྒྲུབ་བྱེད་དུ་འགྲོ་བར་གསུངས་ཤིང་། དེ་ཡང་སྨིན་དྲུག་གི་ཉའི་ཕྱི་དེ་ཉིན་པ་ནས་དགུན་གྱི་མགོ་ཚུགས་པར་ལུང་རིགས་མང་པོས་སྒྲུབ་པར་མཛད། དེ་བཞིན་དུ་དགེ་ལྡན་པའི་ཡིག་ཆ་མཁན་པོ་ཕལ་ཆེ་བ་ཞལ་གཅིག་མཐུན་གྱིས་ལོ་མགོ་སྨིན་དྲུག་གི་ཉའི་ཕྱི་དེ་ཉིན་པ་ནས་བཟུང་སྟེ་བརྩིས་པའི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་དབྱར་སྔ་མ་ཁས་ལེན་པའི་ཕྱག་ལེན་ད་ལྟའི་བར་དུ་མ་ཉམས་པར་གནས་བཞིན་པ་ལྟར་དང་། དེ་དག་ལས་གསལ་ཁ་ཆེ་བ་ཞིག་ནི། ཡིག་ཆ་སྔ་ཤོས་ཀྱི་གྲས་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་འདུལ་བའི་བསླབ་བྱ་ཆེན་མོ་ལས། དུས་དེ་གཉིས་ཀྱང་རིམ་པ་ལྟར་ཧོར་ཟླ་དྲུག་པའི་བཅུ་དྲུག་དང་། བདུན་པའི་བཅུ་དྲུག་གཉིས་ཡིན་ལ། སྐར་མའི་དབང་གིས་མར་ངོ་སྔོན་འགྲོ་ལྟར་བྱས་ན་གྲོ་བཞིན་ཟླ་བའི་མར་ངོའི་ཚེས་གཅིག་ནི། དབྱར་སྔ་མ་ཁས་ལེན་གྱི་དུས་ཡིན་ཏེ། མེ་ཏོག་འཕྲེང་རྒྱུད་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནི། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་སོགས་ལུང་འདྲེན་མཛད་དོ། །དེ་དང་མཐུན་པར་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་བའི་མཐའ་དཔྱོད་ལས། མར་ངོ་སྔོན་འགྲོའི་དབང་དུ་བྱས་ན་དབྱར་སྔ་མ་གྲོ་བཞིན་ཟླ་བའི་ཚེས་གཅིག་དང༌། ཕྱི་མ་ཁྲུམས་སྟོད་ཟླ་བའི་ཚེས་གཅིག་ལ་ཁས་བླང་བར་བྱ་བ་ཡིན་ཏེ། མེ་ཏོག་འཕྲེང་རྒྱུད་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་གསུངས། དེ་རྣམས་དོན་གཅིག་སྟེ། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག །གྲོ་བཞིན་ཟླ་བའི་ཚེས་གཅིག །འཇིག་རྟེན་པའི་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་རྣམས་དོན་གཅིག། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག །ཁྲུམས་སྟོད་ཟླ་བའི་ཚེས་གཅིག །འཇིག་རྟེན་པའི་ཧོར་ཟླ་བདུན་པའི་ཚེས་བཅུ་དྲུག་རྣམས་དོན་གཅིག་པའི་ཕྱིར་ཏེ། ཞེས་ཤིན་ཏུ་གསལ་བར་མཛད་པ་ལྟར་ཕྱིས་ཀྱི་མཁས་པ་ཕལ་ཆེ་བ་ཞིག་མཚོ་ཊཱིཀ་དང་འདུལ་འཛིན་གྱི་བསླབ་བྱ། རྗེ་དགེ་འདུན་གྲུབ་ཀྱི་རིན་ཕྲེང་སོགས་ལས་གསུངས་པ་ལྟར་དེ་དག་གིས་རྗེས་སུ་འབྲང་བར་མངོན་ནོ། །(འདི་དག་ལ་བལྟས་ན་རྗེ་བླ་མ་ཞལ་བཞུགས་སྐབས་ཀྱི་ཟླ་ཚེས་ཀྱི་བརྩི་ཚུལ་དེ་ཧོར་ཟླ་ཞེས་པའི་བོད་ཟླ་འདི་གཞིར་བཞག་ཡིན་པར་ཤེས་ཐུབ། )
ཡང་བོད་ཀྱི་མཁས་པ་སྔ་མ་འགའ་ཞིག་གིས། ཁ་ཆེ་པཎ་ཆེན་དང་བུ་ལུགས་ཡིན་ཟེར་ནས། ལོ་མགོ་འཛིན་ཚུལ་ཧོར་ཟླ་དགུ་པའི་ཉའི་ཕྱི་དེ་ཉིན་ནས་བཟུང་སྟེ། བརྩི་གཞི་དེ་ལྟའི་དབང་གིས། དབྱར་ཁས་ལེན་དུས་སྔ་སྣུར་བྱས། དེ་ནས་གསོ་སྦྱོང་བཅུ་བཞི་པ་ཐམས་ཅད་ཀྱང་གཞན་དང་མི་མཐུན་པར་མཛད་པ་ནི། འདུལ་བའི་གཞུང་གལ་ཆེ་བ་མང་པོ་དང་འགལ་ཞིང་། དུས་ཚིགས་རེ་རེ་ལ་གསོ་སྦྱོང་བཞི་བཞི་ཡོད་པ་ལས་དང་པོ་གཉིས་པ་བཞི་པ་གསུམ་ཐུབ་པ་དང་། གསུམ་པ་མི་ཐུབ་པ་སོགས་གསུངས་པའི་ལུང་དང་གཏན་ཚིགས་དུ་མ་དང་འགལ་བ་སོགས་གནོད་བྱེད་མང་པོ་ཡོད་ཀྱང་འདིར་ཞིབ་པར་མི་སྤྲོའོ། །དེ་དག་ཐམས་ཅད་ལོ་མགོ་འཛིན་ཚུལ་མི་མཐུན་པའི་དབང་གིས་བྱུང་བར་སེམས་ཤིང་། ལོ་མགོ་འཛིན་ཚུལ་ནི་ཀུན་མཁྱེན་མཚོ་སྣ་བ་ཆེན་པོས་ལུང་རིགས་ཀྱིས་ཞིབ་ཏུ་སྒྲུབ་པར་མཛད་པ་འདུལ་མཛོད་གྱི་གཞུང་ཆེ་བ་དག་གི་དགོངས་པར་སོན་པ་ཐེ་ཚོམ་མེད་དོ། །འོན་ཀྱང་དེང་སྐབས་ས་ཁུལ་མང་པོར། འདུལ་གཞུང་ཆེན་མོ་དག་ན་ཅི་གསུང་གང་གསུང་ལ་བལྟས་ཏེ། འདུལ་བ་ལུང་དང་མདོ་རྩ་བ་སོགས་ལ་ཁ་མིག་ཡར་ལྟའི་ཚུལ་གྱིས་ཡར་སྟོན་པའི་བཀའ་དང་རྒྱ་གར་མཁས་པའི་བསྟན་བཅོས་ལ་མཐུན་ཐབས་མི་བྱེད་པར་ངེད་དགོན་པའི་ཕྱག་ལེན་དང་ཁོའི་དགོན་པའི་ལུགས་སྲོལ་ཞེས་ཟེར་ཏེ། དགོན་པའི་ལུགས་སྲོལ་དེ་ཉིད་གཞི་ལ་བཞག་ནས་འདུལ་བ་ལུང་དང་མདོ་རྩ་བ་སོགས་མར་རང་འདོད་དང་མཐུན་ཐབས་བྱེད་བཞིན་པ་འདི་དག་ནི་འདུལ་བསྟན་ཆེད་དུ་ཉམས་རྒུད་བཏང་པའོ། །
དབྱར་གྱི་དམ་ཚིག །དབྱར་གནས་པའི་དམ་ཚིག་ནི། ༡༽དམ་བཅའ་བའི་གནས་སུ་འབྲེལ་བ་བྱ་བ་ནི། དབྱར་ཁས་ལེན་པའི་ས་གནས་དེ་གར་རང་དུ་ཇི་ལྟར་ཁས་བླངས་པ་ལྟར་ཟླ་བ་གསུམ་གྱི་ནང་ནས་དུས་རིང་ཤོས་གནས་པར་བྱ་བའོ། །༢༽དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱ་བ་ནི། དབྱར་གནས་པའི་དགོས་པ་གཙོ་བོ་ནི་ཐོས་བསམ་སྒོམ་གསུམ་འཕེལ་བའི་ཆེད་དུ་ཡིན་པས་དེའི་ནང་དུ་འཁྲུགས་ལོང་བྱས་ན་ཐོས་བསམ་སྒོམ་གསུམ་ལ་གནོད་ཚབས་ཆེ་བ་དང་། འདུས་ཚོགས་མཉམ་འདུས་ཀྱིས་གནས་པ་ལ་འཁྲུག་ལོང་བྱུང་ན་དགེ་བའི་བར་ཆད་ཤིན་ཏུ་ཆེ་བས་ཀྱང་དམ་ཚིག་གལ་ཆེ་བ་ཞིག་ལ་འཇོག་པར་མཛད་དམ་སྙམ། འདུལ་ཁྲིམས་ལ་གཅེས་སྐྱོང་ལེགས་པའི་དགོན་པ་འགའ་ཞིག་གིས། དབྱར་གྱི་ནང་དུ་དགེ་འདུན་པ་ནང་ཕན་ཚུན་འཁྲུག་ལོང་ཡོང་བའི་དོགས་གཞིའི་འོག་དོ་ནན་ཤིན་ཏུ་ཆེ་བར་མཛད། དགོན་བདག་དང་ཁྲིམས་བདག་ཀྱིས་དགེ་འདུན་པ་ལ་ནན་ཏུར་བྱེད་པ་སོགས་ཀྱང་འཛེམས་ནས་དབྱར་གྲོལ་ནས་ཐག་གཅོད་བྱེད་ཅེས་སོགས་ཀྱི་ཕྱག་ལེན་མཛད་བཞིན་པ་ཁམས་གཙང་ཞིག་རེད། ༣༽དབྱར་གནས་པའི་དགོས་པ་གཙོ་བོ་ནི་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་གནང་བ་དེ་ཡིན། འདི་ནི་དབྱར་གནས་གཅིག་པུའི་སྐབས་མིན་པར་དུས་ཐམས་ཅད་དུ་གཟབ་དགོས་པའི་གནད་དོན་ཞིག་ཀྱང་ཡིན། རྒྱ་གར་དུ་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་ཡང་སྲ་བརྐྱང་བཏིང་ནས་ཟླ་བ་ལྔའི་རིང་གནས་གཞན་དུ་བསོད་སྙོམས་ཕེབས་པ་སོགས་མཛད་པས་དབྱར་གནས་ནི་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་དུས་དམིགས་བསལ་ཞིག་ཡིན་པར་གོ་ཐུབ་ལ། རྒྱ་གར་དུ་བོད་ཀྱི་དགོན་པ་ཁག་ལྟར་དགོན་པ་སོ་སོའི་དགེ་འདུན་པ་སྤྱི་བྱིངས་རང་རང་གི་གྲ་ཤག་སོགས་བཟོས་ནས་རྒྱུན་སྡོད་ཀྱང་བྱེད་ཀྱིན་མེད་ཚོད་ཡིན་ཏེ། དབྱར་གནས་ཀྱི་གནས་མལ་སྟོབས་པའི་གླེང་གཞི་སོགས་ལས་དགེ་འདུན་སྤྱིའི་གནས་ཁང་རལ་བ་དང་འདྲུམ་པ་སོགས་འཕྲལ་དུ་བཅོས་ནས་དབྱར་གནས་པའི་དགེ་འདུན་པ་སོ་སོ་ལ་ལྡེ་མིག་དང་མལ་ཆ་སོགས་དྲང་བདེན་ལྷག་བསམ་གྱིས་བརྩིས་སྤྲོད་དགོས་པ་དང་། བར་བར་དུ་གནས་མལ་སྟོབས་པ་པོ་རྣམས་དགེ་འདུན་སྤྱིའི་རྫས་གནས་མལ་ཆུད་ཟོས་སུ་འགྲོ་གི་ཡོད་མེད་གཟིགས་རྟོག་དགོས་པའི་ཚུལ་སོགས་གསུངས་པ་ལས་ཤེས་པས་སོ། །དེང་སྐབས་བོད་ལ་དགོན་པ་སོ་སོའི་ངོས་ནས་གནས་མལ་བརྩིས་སྤྲོད་བྱ་རྒྱུ་གང་ཡང་མེད་པས་དབྱར་བདག་པས་ལྡེ་མིག་རེ་ཁྱེར་ཏེ་དགེ་འདུན་པ་རེ་རེའི་མདུན་དུ་ཡོང་ནས་ལག་པར་སྤྲོད་པའི་ཚུལ་བྱེད་པ་ནི་གནས་མལ་སྟོབས་པའི་ཕྱག་ལེན་གྱི་མཚོན་དོན་ཡིན་ནོ། །༤༽གནས་རལ་བ་དང་འདྲུམ་པ་བཅོས་པ་བྱ་བ་ནི། དབྱར་གྱི་ཚུལ་གནས་པའི་ཆེད་དུ་གནས་ཁང་ལ་རལ་སྐྱོན་དང་གས་སྐྱོན་ཡོད་པ་དག་བཅོས་ནས་དགེ་འདུན་སྤྱིའི་རྫས་ལ་མཐོང་ཆེན་དང་བརྩི་འཇོག་བྱེད་པའི་ཚུལ་ཞིག་ཡིན་ལ། གཙོ་བོ་དབྱར་ཆར་ཆུའི་དུས་སུ་གནས་ཁང་ལ་བདག་གཉེར་ལེགས་པོ་བྱེད་དགོས་ཤིང་དུས་དེར་དགེ་འདུན་པ་རྣམས་གནས་ཁང་སོ་སོ་ལ་བཞུགས་ཏེ་སྦྱིན་བདག་དང་བཅས་པས་བདག་གཉེར་གཟབ་ནན་བྱེད་པའི་ཚུལ་ཡང་ཡིན་པར་སེམས། ༥༽དབྱར་གནས་སའི་གནས་དེར་ཡུན་རིང་དུ་གནས་པར་བྱ་བ་ནི། འདུལ་བ་གཞུང་དམ་པ་ལས། མཚམས་ཀྱི་ནང་དུ་ནི་ཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་ནི་ཞག་ཉུང་ངུར་གནས་པར་བྱའོ། །ཞེས་གསུངས་པའི་དགོངས་དོན་ཏེ། ཟླ་བ་གསུམ་གྱི་བཅས་པ་མཛད་པ་ལས་ཞག་བཅུ་གྲངས་ཤིག་གནས་པས་ནི་ཟླ་བ་གསུམ་གྱི་ནང་ནས་དུས་ཡུན་རིང་དུ་གནས་པའི་གོ་མི་ཆོད་པས་སོ། །དེས་ན་དབྱར་གནས་ཟླ་བ་གསུམ་དུ་གནས་ན་གནང་བ་མང་ཤོས་ཞག་བཞི་བཅུའི་གནང་བ་ཞུ་ཆོག་པ་དང་དེ་ལས་མང་མི་རུང་བར་ཞག་ལྔ་བཅུ་དབྱར་གྱི་གནས་སུ་བཞུགས་དགོས་པར་ལུང་ལས་གསུངས་པ་ལྟར་རོ། །དེང་སྐབས་སུ་དབྱར་ཟླ་བ་གཅིག་དང་ཕྱེད་དུ་གནས་ནས་དགག་དབྱེ་བྱ་བཞིན་པའི་དགོན་པ་ཁག་གིས་ཞག་བཞི་བཅུའི་གནང་བ་ཞུ་འོས་པ་དང་སྦྱིན་འོས་པ་ཞིག་གཏན་ནས་མིན་ཏེ། དེ་ལྟར་ན་དབྱར་གནས་པའི་དུས་ཞག་ལྔ་ལས་མེད་པས་དབྱར་གནས་པའི་གོ་མི་ཆོད་ཅིང་། ལུང་ལས། མཚམས་ཀྱི་ནང་དུ་ནི་ཞག་མང་དུ་གནས་པར་བྱའོ། །ཞེས་པའི་དགོངས་པ་དང་དངོས་སུ་འགལ་བས་སོ། །༦༽དབྱར་ཚུལ་དང་འདྲལ་བ་དངོས་སྤོང་བ་དང་འདྲལ་བའི་རྒྱུ་སྤོང་བ་ནི། འདུལ་བ་མདོ་རྩ་བ་ལས། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེས་པ་ལྟར་འབྲལ་བ་དངོས་ནི་དམིགས་བསལ་ཁག་ཕུད་དབྱར་ནང་དུ་བྱིན་གྱིས་མ་རླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་བ་ན་གང་ཟག་དེའི་དབྱར་རལ་བ་དངོས་ཡིན་ལ། དབྱར་ནང་དུ་རྙེད་པ་བགོད་པ་དང་། དབྱར་ནང་དུ་ལྟུང་བ་གླེང་དྲན་བྱེད་པ་དང་། དབྱར་ནང་དུ་ནན་ཏུར་བྱེད་པ་གསུམ་ནི་དབྱར་རལ་བའི་རྒྱུར་འགྲོ་བར་གསུངས་ཏེ། རྙེད་པ་བགོད་པ་ན་དབྱར་རྙེད་ལ་རེ་བ་ཆེ་བའི་དགེ་འདུན་པ་རྣམས་རྙེད་པ་རག་པ་ན་དབྱར་མཚམས་ལས་འགྲོ་བ་འདོད་པའི་ཕྱིར་དང་། ལྟུང་བ་གླེང་དྲན་དང་ནན་ཏུར་བྱས་ན་ལྟུང་བའི་ཕྱིར་རྩོད་པ་སོགས་འབྱུང་ཞིང་དེའི་དབང་གིས་དབྱར་གནས་པར་མི་འདོད་པའི་བསམ་བློ་སྐྱེས་ཏེ་གློ་བུར་དུ་དབྱར་རལ་ནས་འགྲོ་བའི་ཉེན་ཆེ་བ་སོགས་ཀྱི་ཕྱིར་རོ། །
དེ་ལ་དབྱར་རལ་བའི་ཚུལ་ལ། མདོ་རྩ་བ་ལས། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེས་པའི་ཚིག་གིས་བསྟན་པ་ལྟར། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བ་ནི་དབྱར་རལ་བའི་རྒྱུ་དང་། སྐྱ་རེངས་ཤར་ན་དབྱར་རལ་བ་དངོས་ཡིན་པར་གསུངས་པས། སྐྱ་རེངས་མ་ཤར་བར་དུ་དབྱར་རལ་གྱི་མེད་པར་དོན་གྱིས་གོའོ། །དེང་སྐབས་དགོན་པ་འགའ་ཞིག་གིས། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ཙམ་གྱིས་དབྱར་རལ་བར་བརྩི་བ་ནི། འདུལ་བ་མ་ཤེས་པའི་སྐྱོན་ཡིན་ནོ། །དེ་ལ་དཔྱད་དགོས་པའི་གནད་ཆེ་བ་ཞིག་ནི། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་ལ་ཉེས་པ་ཡོད་མིན་འདི་ལ། ཕྱག་ལེན་གུ་ཡངས་དོག་གཉིས་ལས། ཕྱག་ལེན་གུ་ཡངས་པའི་དབང་དུ་བྱས་ན། མཚོ་ཊཱིཀ་ལས། དབྱར་ཞག་བདུན་བྱིན་གྱིས་བརླབས་པ་ནི། ཞག་བདུན་གནང་ནས་ཞག་བརྒྱད་འདས་པ་ན་ལྟུང་བ་འབྱུང་བར་བཅས་པ་ཡིན་ཏེ། ཞག་བདུན་འདས་པ་ཉིད་ན་དབྱར་འཇིག་ན། ཞག་གཅིག་བྱིན་གྱིས་བརླབས་པ་ཡང་ཞག་གཅིག་འདས་པ་ན་འཇིག་པར་འགྱུར་བ་རྒྱུ་མཚན་མཚུངས་པས། དེ་ལྟར་ན་ལུང་ཞུ་བ་ལས་དབྱར་ཞག་གཅིག་བྱིན་གྱིས་བརླབ་པར་གསུངས་པ་དེ་དོན་མེད་དུ་འགྱུར་བས་སོ། །ཞེས་གསུངས་པ་ལྟར། དབྱར་གནས་ཀྱི་ནང་དུ་ཉིན་ཞག་དེ་ཉིད་ལ་ཕྱིར་འཁོར་ཐུབ་པར་ངེས་ན་དབྱར་བྱིན་བརླབས་དགོས་དོན་མེད་དེ། དབྱར་ཞག་གཅིག་བྱིན་གྱིས་བརླབས་པ་ན་ཞག་གཅིག་འདས་པ་ན་དབྱར་མི་འཇིག་པར་ཞག་གཉིས་པའི་མཚན་མཐའ་འདས་ན་ལྟུང་བར་འབྱུང་བ་དང་། དབྱར་ཞག་བདུན་བྱིན་གྱིས་བརླབས་པ་ན་ཞག་བརྒྱད་པའི་སྐྱ་རེངས་མ་ཤར་བར་དུ་ལྟུང་བ་མི་འབྱུང་བར་གསུངས་པའི་ཕྱིར། མཚོ་ཊཱིཀ་གི་ལུང་འདིས་དབྱར་ཞག་གཅིག་བྱིན་གྱིས་བརླབས་པ་ན་ཞག་གཅིག་འདས་པ་ན་ལྟུང་བ་འབྱུང་ན་ཞག་གཅིག་བྱིན་རླབས་གསུང་པ་དོན་མེད་དུ་འགྱུར་བ་གསུངས་པ་དེས། ཉིན་མ་དེ་ཉིད་ལ་ཕྱིར་འཁོར་ན་དབྱར་བྱིན་རླབས་མི་དགོས་པར་བསྟན་ཏེ། དབྱར་གནས་པ་ཞིག་དབྱར་བྱིན་གྱིས་མ་བརླབས་པར་མཚམས་ལས་འདས་པ་ཙམ་གྱིས་ཉེས་པ་བསྐྱེད་ན་མཚམས་འདས་ཀྱི་ཉེས་པ་བགེགས་པའི་ཆེད་དུ་ཞག་གཅིག་བྱིན་རླབས་བྱེད་དགོས་པས་ཞག་གཅིག་བྱིན་རླབས་དོན་མེད་དུ་མི་འགྱུར་བའི་ཕྱིར་རོ། །
འདི་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་རང་གི་རྣམ་བཤད་ལས། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་བྱ་བ་ནི་སྐྱ་རེངས་ལས་དུས་སྔར་མཚམས་ཀྱི་ཕྱི་རོལ་དུ་འདའ་བར་བྱེད་པ་ལ་ནི་ཉེས་པ་མེད་དོ། །དེ་ལྟ་ཡང་གལ་ཏེ་འགྲོ་ན་དེ་ཡང་གནས་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་སྐྱ་རེངས་ལས་དུས་སྔར་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་དུས་འདའ་བ་བྱེད་ན་ཉེས་མེད་དུ་གསུངས་པའི་དགོངས་པ་རྣམ་དག་ཡིན་ཏེ། འདུལ་འཛིན་གྱི་གཞི་གསུམ་ཆོ་ག་ལས། མའི་རྣམ་འབྱེད་ཀྱི་རྒྱ་ཆེའི་འགྲེལ་གྱི་དགོངས་པར་བྱས་ནས། དབྱར་གནས་པ་ཞིག་བྱིན་གྱིས་མ་བརླབས་པར་མཚམས་ལས་འདའ་བར་འགྲོ་བའི་ལམ་དུ་ཞུགས་པའི་ཚེ་ཉེེས་བྱས་དང་། མཚམས་ལས་འདས་པ་ན་དགེ་སློང་མ་ལ་ལྟུང་བྱེད་དང་། དགེ་སློང་དང་དགེ་ཚུལ་ལ་རིམ་པ་བཞིན་དུ་གཤག་བྱ་དང་སྡོམ་བྱའི་ཉེས་པ་ཡོད་པར་གསུངས་པ་ལྟར་འཐད་ན་མདོ་རྩ་བའི་རང་གི་རྣམ་བཤད་ལས་ཉེས་མེད་དུ་གསུངས་པ་མི་རིགས་པའི་ཕྱིར། མའི་རྣམ་འབྱེད་ཀྱི་ལུང་དོན་ལ་དཔྱད་པ་འོག་ཏུ་བྱ། དེས་ན། ཀུན་མཁྱེན་མཚོ་སྣ་བས། ཞག་གཅིག་བྱིན་རླབས་དེས་ཞག་གཉིས་པའི་མཚན་མཐའི་བར་དུ་གོ་ཆོད་པ་དང་། ཞག་བདུན་བྱིན་རླབས་དེས་ཞག་བརྒྱད་པའི་མཚན་མཐའི་བར་དུ་གོ་ཆོད་པ་བཅས་པའི་དབང་གིས་ཡིན་པ་དང་། དེ་དང་སྨན་ཞག་བདུན་པའི་བྱིན་རླབས་ཆགས་སྟངས་མི་འདྲ་བ་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་དེས་ཞག་བདུན་འདས་ནས་ཞག་བརྒྱད་པའི་ངོ་མཐོང་ཙམ་ནས་སྤང་ལྟུང་འབྱུང་ཞེས་དབྱར་ཞག་བདུན་བྱིན་རླབས་དང་སྨན་ཞག་བདུན་པ་བྱིན་རླབས་གཉིས་བཅས་པའི་དབང་གིས་ཞག་བརྒྱད་པའི་ངོ་མཐོང་ཙམ་ནས་ལྟུང་བ་འབྱུང་མི་འབྱུང་མི་འདྲ་བའི་ཚུལ་ལུང་རིགས་མང་པོས་སྒྲུབ་པར་མཛད་དོ། །
དེས་ན་མཚོ་ཊཱིཀ་ལྟར་ཕྱག་ལེན་མཛད་མཁན་གྱི་གདན་སའི་མཁས་པ་འགའ་ཞིག་གིས་གསུང་སྲོལ་ལ་དཔེར་ན། སེ་ར་དགོན་ནས་ལྷ་ས་ལྟ་བུ་ལ་སོང་ནས་ཉིན་དེ་ལ་ཕྱིར་ཡོང་གཏན་ཁེལ་ཞིང་ཡོང་ཐུབ་པར་ངེས་ན། དབྱར་བྱིན་གྱིས་བརླབས་པ་མི་དགོས་པར་བཞེད་ཅིང་། གལ་སྲིད་ཕྱིར་མི་སླེབས་པའི་ཉེན་ཆེ་བ་ཡོད་པ་དང་། འགྲོ་བའི་ལམ་བར་ཆུ་ཆེན་པོ་ཡོད་པ་དག་གིས་ངེས་པར་བྱིན་རླབས་བྱེད་དགོས་ཏེ། དབྱར་དུས་སུ་ཆར་ཆུ་མོད་པས་ཆུ་ཆེན་པོའི་ཕ་རོལ་ན་སོང་བ་ན་ཟམ་པ་ཆད་དེ་ཡོང་མི་ཐུབ་པ་ལ་སོགས་པ་སྲིད་པས་སོ། །ཞེས་བཞེད། མདོར་ན་དབྱར་གནས་ཀྱི་ནང་ནས་དབྱར་གནས་པའི་དགེ་འདུན་པ་ཞིག་མཚམས་ལས་འདས་ཏེ་སོང་ཡང་ཉིན་དེ་ལ་ཕྱིར་འཁོར་ངེས་ན་དབྱར་བྱིན་རླབས་མི་དགོས་པར་བཞེད་པའི་ཕྱག་ལེན་གུ་ཡངས་པའི་ལུགས་ཡིན་ནོ། །
ཡང་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་འདུལ་བའི་གཞི་གསུམ་ཆོ་ག་ལས། མཚམས་ཀྱི་ཕྱི་རོལ་ཏུ་ཞག་གཅིག་སྡོད་པས་ཀྱང་གཉིས་ཀྱི་བྱིན་རླབས་ངེས་པར་བྱ་དགོས་ཏེ། ཞག་བདུན་དུ་བྱིན་གྱིས་བརླབས་པས་ཀྱང་ཞག་བདུན་པའི་མཚན་མོ་མ་འདས་ཚུན་ཆད་དུ་བསྡད་དུ་རུང་ལ། དེ་འདས་ནས་སྐྱ་རེངས་བརྒྱད་པ་ཤར་གྱི་བར་ལ་བསྡད་དུ་མི་རུང་བའི་ཕྱིར་རོ། །དེ་རུང་ན་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་ཞག་བདུན་པའི་མཚན་མོ་འདས་ནས་བརྒྱད་པའི་སྐྱ་རེངས་ཤར་གྱི་བར་དུ་བྱིན་རླབས་མ་ཉམས་པར་རང་ཉིད་ཟ་བའི་ཕྱིར་བཞག་ཀྱང་གསོག་འཇོག་གི་ལྟུང་བ་མི་བསྐྱེད་པར་འགྱུར་རོ། །མཚམས་ཀྱི་ཕྱི་རོལ་ཏུ་ཞག་གཅིག་སྡོད་པས་ཞག་གཉིས་ཀྱི་བྱིན་རླབས་ངེས་པར་དགོས་ན། མདོ་རྩའི་རྒྱ་ཆེར་འགྲེལ་དུ་ཞག་གཅིག་གི་བྱིན་རླབས་གསུངས་པ་དོན་མེད་དོ་ཞེ་ན། དེ་ནི་ཉི་མ་དེ་ཉིད་ལ་མཚམས་ཀྱི་ཕྱི་རོལ་ནས་མཚམས་ནང་དུ་ལྡོག་པའི་དབང་དུ་བྱས་པ་སྟེ། དགེ་སློང་མའི་རྣམ་འབྱེད་ཀྱི་མདོའི་རྩའི་རྒྱ་ཆེར་འགྲེལ་དུ། ཉི་མ་དེ་ཉིད་ལ་ཕྱིར་འོང་ཡང་བྱིན་གྱིས་མ་བརླབས་ནས། དང་པོར་ཕྱི་རོལ་ཏུ་འགྲོ་བའི་ལམ་དུ་ཞུགས་པའི་ཚེ་སྦྱོར་བའི་ཉེས་བྱས་དང་། རྒྱང་གྲགས་ལས་འདས་ན་དགེ་སློང་མ་ལ་ལྟུང་བྱེད་དང་། དགེ་སློང་དང་དགེ་ཚུལ་ལ་རིམ་པ་བཞིན་གཤག་བྱ་དང་བསྡམ་བྱའི་ཉེས་བྱས་བསྐྱེད་པར་གསུངས་པས་སོ། །ཞེས་གསུངས་པ་ལྟར། དབྱར་གྱི་ནང་དུ་ཉི་མ་དེ་ཉིད་ལ་ཕྱིར་འཁོར་ཀྱང་དབྱར་ཞག་གཅིག་གི་བྱིན་རླབས་ངེས་པར་དགོས་པ་དང་། དེ་ནི་མདོའི་རྩའི་རྒྱ་ཆེར་འགྲེལ་དགེ་སློང་མའི་རྣམ་འབྱེད་ཀྱི་སྐབས་ཀྱི་དགོངས་པ་ཡིན་པར་གསུངས་ལ། འོ་ན་ཉི་མ་དེ་ཉིད་ལ་ཕྱིར་འཁོར་ངེས་ན་ཞག་གཅིག་བྱིན་གྱིས་བརླབས་པའི་དགོས་དོན་གང་ཡིན་ཞེ་ན། གདན་སའི་མཁས་པ་ཁག་ཅིག་གིས་གསུང་རྒྱུན་ལ་དེ་ལ་མཚམས་འདས་ཀྱི་ཉེས་པ་ཁེགས་པའི་ཆེད་དུ་ཡིན་པ་དང་དེ་ཡང་ཕྱག་ལེན་དོག་མཐའི་དབང་དུ་བྱས་པར་གསུངས་སྲོལ་ཡོད་ཅིང་། འདུལ་འཛིན་གྱིས་གཞི་གསུམ་ཆོ་གར་དྲངས་པའི་ལུང་དེའི་ནང་དུ་མཚམས་ལས་འདས་ན་དགེ་སློང་མ་ལ་ལྟུང་བྱེད་དང་དགེ་སློང་ལ་གཤག་བྱའི་ཉེས་བྱས་བསྐྱེད་པར་གསུངས་པར་གསལ་བས་དེ་ལྟར་ན་མཚམས་འདས་ཀྱི་ཉེས་པ་ཁེགས་པའི་ཆེད་ཡིན་པར་གསུངས་པ་ཡང་དོན་ལ་གནས་པ་ལྟ་བུར་སྣང་ཞིང་། འདུལ་སྡོམ་ལས། དངོས་སུ་མ་བརླབས་མཚམས་ཕྱིར་འགྲོ་བ་དང༌། །བརྒྱུད་ནས་རྙེད་བགོ་གླེང་དྲན་ནན་ཏུར་སྤོང༌། །ཞེས་མཚམས་ཕྱིར་འགྲོ་བ་ཙམ་ཡང་དབྱར་གྱི་དམ་ཚིག་ལ་བཞག་འདུག་ཅེས་གསུང་མཁན་འདུག་ཀྱང་འདི་ནི་འདུལ་བའི་ཊཱིཀ་ཆེན་གཉིས་ཀར་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་རུ་སྐྱ་རེངས་འཆར་བ་མི་བྱ་བའི་དོན་དུ་འགྲེལ་དགོས་སོ། །
འོན་ཀྱང་འདི་ལ་དཔྱད་པ་འདི་ཡོད་དེ། འདུལ་འཛིན་རང་གིས་དྲངས་པའི་ལུང་ཁུངས་དངོས་ནི། ཐོ་གར་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དྷ་རྨ་མི་ཏྲས་མཛད་པའི་མདོ་རྩའི་རྒྱ་ཆེར་འགྲེལ་མའི་རྣམ་འབྱེད་ཀྱི་འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་བཞི་སྟོན་པའི་སྐབས་སུ། དེ་ལ་གང་ལ་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལའོ། །ཞེས་བྱ་བ་སྨྲས་ཏེ། དབྱར་གྱི་ནང་ལོགས་སུ་ཡུལ་ལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཉེས་པ་ལས་དབྱུང་བ་དང་རྫོགས་པར་བསྙེན་པར་བྱ་བ་དང་རྩོད་པ་ཞི་བར་བྱ་བ་ལ་སོགས་པའི་ཆེད་དུ་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་ནི་མ་བཀག་གོ། གྱི་ན་ཡུལ་རྒྱུ་ཞིང་འཕྱན་དུ་འགྲོ་བ་བཀག་སྟེ། ལམ་དུ་ཞུགས་པའི་ཚེ་ནི་ཉེས་བྱས་སོ། །རྒྱང་གྲགས་ཀྱི་མཐའ་ལས་འདས་ན་ནི་དངོས་གཞིའོ། །འདི་དགེ་སློང་ལ་སོགས་པ་གཞན་ལ་ནི་ཉེས་བྱས་སོ། །ཞེས་འབྱུང་། དེ་ལ་འདིའི་སྐབས་ཀྱི་མདོ་རྩ་བའི་རང་གི་རྣམ་བཤད་ལས། གང་ལ་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། བྱེ་བྲག་མ་སྨོས་པའི་ཕྱིར་ཁས་མི་ལེན་པ་ཉིད་ལ་ཡང་ཞེས་བྱ་བས་རྟོགས་པའོ། །བྱ་བས་འགྲོ་བ་ནི་ལྗོངས་རྒྱུ་ཞིང་འགྲོ་བ་ནི་མ་ཡིན་ཏེ། དེ་བས་ན་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་འདིས་གནོད་པ་མ་ཡིན་ནོ། །བུད་མེད་ཀྱི་ཚོགས་ལ་ནི་ཤིན་ཏུ་འཕྱན་པ་ཉིད་འདི་ཡིན་ཏེ་དུས་གང་གི་ཚེ་སྐྱེས་པས་ཀྱང་འཕྱན་པར་མི་བྱ་སྟེ། དེར་ཡང་འགྲོ་བ་དེ་བས་ན་ཁ་ན་མ་ཐོ་བ་འདིའོ། །ལམ་དུ་ཞུགས་པའི་ཚེ་ནི་ལྟུང་བྱེད་འདི་རྟོགས་པར་བྱའོ། །ཞེས་གསུངས་པས་ལྟུང་བྱེད་འདིའི་དགག་བྱའི་གཙོ་བོ་ནི། གྱི་ན་ཡུལ་རྒྱུ་ཞིང་འཕྱན་པ་ཞེས་དང་། བུད་མེད་ཀྱི་ཚོགས་ལ་ནི་ཤིན་ཏུ་འཕྱན་པ་ཉིད་འདི་ཡིན་ཏེ་དུས་གང་གི་ཚེ་སྐྱེས་པས་ཀྱང་འཕྱན་པར་མི་བྱ་སྟེ། ཞེས་གསུངས་པ་ལྟར་གྱི་ན་ཡུལ་ལ་འཕྱན་པ་ཞེས་པ་ནི་རང་གར་གནས་ངེས་མེད་དུ་འགྲོ་བའི་དོན་ཏེ་དབྱར་གྱི་ནང་དུ་དགེ་སློང་མ་རྣམས་རང་གར་གནས་ངེས་མེད་དུ་འཕྱན་པར་འདོད་དེ་ལམ་དུ་ཞུགས་པའི་ཚེ་སྦྱོར་བའི་ཉེས་བྱས་དང་། མཚམས་ནས་འདས་པའི་ཚེ་ལྟུང་བྱེད་སྐྱེ་བར་གསུངས་པས། དེ་ལྟ་བུའི་ཀུན་སློང་གི་སྒོ་ནས་དགེ་སློང་དང་དགེ་ཚུལ་ཡང་རང་གར་གནས་ངེས་མེད་དུ་སོང་ན་ཉེས་བྱས་སྐྱེ་བར་གསུངས་པ་འདི་དང་། སྤྱིར་དབྱར་གྱི་ནང་དུ་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་དང་མི་འདྲ་བར་སེམས་ཏེ། བྱིན་གྱིས་མ་བརླབས་པར་འགྲོ་ན་གྱི་ན་ལྗོངས་རྒྱུ་ཞིང་འཕྱན་པས་ཁྱབ་པ་གཏན་ནས་མེད་པས་སོ། །
གཞན་ཡང་རྒྱ་ཆེར་འགྲེལ་ལས། འགྲོ་བ་དང་མི་འགྲོ་བའི་ལྟུང་བ་བཞིའི་སྐབས་སུ། དགེ་སློང་མ་ལ་ལྟུང་བྱེད་དང་དགེ་སློང་དང་དགེ་ཚུལ་ལ་ཉེས་བྱས་སུ་གསུངས་པ་འདི་ནི་བྱིན་གྱིས་མ་བརླབས་པར་དབྱར་མཚམས་ལས་འདས་ནས་འགྲོ་བ་ལ་ཉེས་བྱས་ཡོད་པའི་སྒྲུབ་བྱེད་དུ་འགྲོ་ཁག་པོ་ཡིན་ཏེ། གལ་སྲིད་དབྱར་མཚམས་ལས་འདས་པ་ལ་ཉེས་པ་ཡོད་པའི་སྒྲུབ་བྱེད་དུ་འགྲོ་ན་དགེ་སློང་ཕ་མའི་ཁྱད་པར་མེད་པར་ལྟུང་བྱེད་ཆེ་ཆུང་མཉམ་དགོས་པས་སོ། །སྙམ་ཡང་དཔྱད་པར་བྱའོ། །དེས་ན་མདོ་རྩ་བའི་རང་གི་རྣམ་བཤད་ལས་ཉེས་མེད་དུ་གསལ་བར་གསུངས་པ་དང་། གྱི་ན་ལྗོངས་རྒྱུ་ཞིང་འཕྱན་པ་ལ་ཉེས་པ་ཡོད་པར་གསུངས་པ་གཉིས་ཀྱི་འགལ་སྤོང་ཡང་འདི་འདྲ་ཞིག་བྱེད་དགོས་ཤིང་འགལ་བ་མེད་དགོས་མོད། གྱི་ན་ལྗོངས་རྒྱུ་ཞིང་འགྲོ་བ་དང་དོན་ཞིག་གི་ཆེད་དུ་འགྲོ་བ་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཆེ་ཡང་། གྱི་ནར་འགྲོ་མཁན་དག་གིས་ཀྱང་དོན་ཞིག་ཡོད་མདོག་སྟོན་ཡོང་བས་དབྱར་གྱི་ནང་དུ་བྱིན་གྱིས་མ་བརླབས་པར་མཚམས་ལས་འདའ་མི་ཆོག་པའི་ཕྱག་ལེན་དོག་མཐའ་བྱ་བ་ཉིད་ཅུང་ཟད་ལེགས་པར་སྣང་ཞིང་། གདན་སའི་འདུལ་བ་འཛིན་པ་མང་ཆེ་བས་འདི་ཁོ་ན་ཕྱག་ལེན་མཛད་བཞིན་པ་དགོངས་པའི་གཞི་དང་དགོས་པ་ཆེན་པོ་ཞིག་ཡོད་ངེས། འདི་ལ་ཡུལ་དུས་ཀྱི་དབང་གིས་དགེ་ཚུལ་སློང་རྣམས་ཀྱང་འདུལ་ཁྲིམས་སྲུང་བའི་སྐབས་སུ་ཅུང་ཟད་བག་ཡངས་ཤོར་ཉེན་ཆེ་བ་དང་། དགོན་པ་ཁག་མང་ཆེ་བ་ཞིག་གྲོང་དང་གྲོང་ཁྱེར་དང་ཐག་ཉེ་བོ་ཆགས་པ་དང་། ཚང་མ་ལས་ཀས་བྲེལ་ནས་ཡོད་པ་ལྟ་བུའི་དུས་འདིར་ཉིན་དེ་ཉིན་ལ་ཕྱི་འཁོར་ན་བྱིན་རླབས་མི་དགོས་པའི་ཕྱག་ལེན་གུ་ཡངས་པའི་ལུགས་སུ་བྱས་ན་མང་པོ་ཞིག་ལས་ཀ་དང་འདུ་འཛིན་སྣ་ཚོགས་ལ་བྲེལ་ནས་ཉིན་ལྟར་ཡར་རྒྱུགས་མར་རྒྱུགས་ཀྱི་དུས་ཚོད་ཟད་འགྲོ་བ་ལྟ་བུ་ཡོང་ངེས་འདུག་པས། དགོན་པ་སོ་སོའི་ངོས་ནས་ནང་ཁྲིམས་ལྟ་བུ་དང་། ཕྱག་ལེན་དོག་མཐའ་འདི་ཚོ་ཕྱག་བཞེས་མཛད་ན་བསྟན་པ་སྤྱི་ལ་ཕན་ཆེ་བར་སྣང་ངོ་། །
འདི་དག་གི་སྐོར་ལ། འབྲས་སྤུངས་ཁྲི་པ་བསྟན་པ་བསྟན་འཛིན་ལགས་ཀྱིས་གཞི་གསུམ་མཆན་འགྲེལ་ལས། མདོ་རྩའི་རང་གི་རྣམ་བཤད་ལས། ཉེས་མེད་དུ་གསུངས་པ་ནི་དངོས་གཞིའི་ལྟུང་བའི་ཉེས་མེད་དུ་གསུངས་པ་ལས་སྦྱོར་ལྟུང་གི་ཉེས་པ་ཡོད་པར་སྒྲུབ་ཅིང་། དེ་འགོག་པའི་ཆེད་མཚམས་ལས་འདས་ཏེ་འགྲོ་བ་ཙམ་ལ་ཡང་ངེས་པར་བྱིན་རླབས་དགོས་པ་སོགས་འདུལ་འཛིན་གྱི་གསུང་ལ་བརྟེན་ནས་ནན་ཏན་སྒྲུབ་པར་མཛད་དོ། །འདིའི་སྐབས་སུ་འདུལ་འཛིན་གྱིས་དགེ་སློང་ལ་གཤག་བྱ་དང་དགེ་ཚུལ་ལ་བསྡམ་བྱར་འགྱུར་བར་གསུངས་པ་ནི་རྒྱ་ཆེར་འགྲེལ་རང་ན་མི་གསལ་ཞིང་། འདུལ་འཛིན་རང་གི་བསླབ་བྱ་དང་གཞི་གསུམ་གྱི་ཆོ་ག་གཉིས་ལ་ཡང་གསུང་ལུགས་མི་མཐུན་པ་བྱུང་འདུག། ད་དུང་ལུང་གི་དགོངས་པ་བླངས་ཏེ་དགེ་ཚུལ་ལ་བསྡམ་བྱའི་ཉེས་པ་ལས་མེད་པར་འགྲེལ་ན་དབྱར་ཁས་བླངས་པའི་དགེ་ཚུལ་དག་ཉིན་དེར་ཕྱིར་འཁོར་ངེས་པའི་གནས་སུ་འགྲོ་བ་ལ་ནི་བྱིན་རླབས་བྱ་མི་དགོས་པར་འགྱུར་སྟེ། ཡིད་ཀྱི་བསྡམ་བྱ་ཙམ་ལ་བཅས་པ་མ་མཛད་པས། དེ་ལ་བྱིན་གྱིས་བརླབས་པའི་བཅས་པའི་དོན་ཡང་སྒྲུབ་དགོས་དོན་དེ་ཙམ་མེད་པས་སོ། །སྒྲུབ་པའི་བཅས་པ་མེད་པ་ཞིག་སྒྲུབ་ཀྱིན་བསྡད་ན་དེ་ཡང་དགོས་མེད་ལྟ་བུ་མ་ཡིན་ནམ། འདིའི་སྐོར་ལ་འདི་ལྟ་བུའི་དོགས་པ་མང་དུ་སྣང་མོད་རེ་ཞིག་དེ་ཙམ་མོ། །གཞན་ཡང་དབྱར་གྱི་ཁྲིམས་སུ་བྱ་བ་འདི་དག་སྟེ། ཆུ་འགོར་ཟག་པ་མི་འདོར་བ་དང་། མཁོ་ཞིང་སྤྱད་པར་བྱ་བའི་དངོས་པོ་མྱུར་དུ་བསྐྱལ་བ་དང་། དགེ་བའི་རྩ་བ་ལ་བརྩོན་པར་བྱ་བ་དང་། ཉེ་འཁོར་གཙང་བར་བྱ་བ་དང་། ཞིང་རྐེད་པར་མི་བཅད་པ་འདི་དང་། སེར་བ་བྱུང་ན་བཟློག་པར་བྱ་བ་སོགས་ཁྲིམས་སུ་བཅའ་བ་ཆོ་གའི་སྐབས་སུ་ཇི་ལྟར་བརྗོད་པ་ལྟར་སྲུང་དགོས་ཏེ། འདི་དག་ཀྱང་དབྱར་གྱི་ནང་དུ་འཁྲུག་ལོངས་མི་ཡོང་བ་དང་། བདེ་བར་གནས་ཐུབ་པའི་ཆེད་ཡིན་པ་དང་། དམ་ཚིག་དྲུག་པོ་དག་གི་ནང་གསེས་སོ་སོ་བསྲུང་བའི་ཡན་ལག་ཡིན་ནོ། །
དབྱར་མཚམས་ཀྱི་སྐོར། སྤྱིར་མཚམས་ཀྱི་སྐོར་འདི་དག་གསོ་དགག་དབྱར་སོགས་འདུལ་བའི་ལག་ལེན་མང་པོ་ལ་ཤིན་ཏུ་མཁོ་བ་ཡིན། འདིའི་སྐོར་ནི། འདུལ་གཞུང་མང་པོར་མཚམས་པོ་ཆེ་དང་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་གཅོད་ཚུལ་སོགས་ཞིབ་ཕྲ་ཡོད་པས་དེར་གཟིགས་པར་ཞུ། སྤྱིར་དབྱར་མཚམས་ལ་མཚམས་པོ་ཆེ་བཅད་ཡོད་ན། མཚམས་པོ་ཆེའི་ནང་ཁོངས་ཐམས་ཅད་དབྱར་གཅིག་གི་མཚམས་ཡིན་པས་ཤིན་ཏུ་ཆེ། དེང་སྐབས་ཀྱི་ལེ་བར་བརྩི་ཚུལ་ལྟར་བྱས་ན། དཔག་ཚད་གཉིས་དང་ཕྱེད་ལ་རྒྱང་གྲགས་ཉི་ཤུ་ཡོད་པས། རྒྱང་གྲགས་རེ་ལ་ལེ་བར་རེ་ལས་ཅུང་ཟད་རིང་བའི་ཚོད་ལྟ་བུ་ཡིན། དེ་ལྟ་ན་དཔག་ཚད་ཕྱེད་གསུམ་ལ་ལེ་བར་ཉི་ཤུ་ལས་མི་ཉུང་བས་རྒྱ་ཆེན་པོ་ཡིན། སྔོན་ཆད་བོད་དུ་སྐྱོར་མོ་ལུང་དུ་མཚམས་པོ་ཆེ་གཅོད་མྱོང་བའི་ལོ་རྒྱུས་ཤིག་ཡོད། དེང་སྐབས་མཚམས་པོ་ཆེ་གཅོད་པའི་ཕྱག་ལེན་མེད་པས། མཚམས་མ་བཅད་ན་དབྱར་མཚམས་ནི་རྒྱང་གྲགས་ཀྱིས་བརྩི་དགོས་པ་ཡིན། དེ་ཡང་ཡིན་ཏེ། སྤྱིར་དགོན་པ་ཞེས་པ་ནི། གྲོང་ལས་རྒྱང་གྲགས་ཀྱིས་ཆོད་པའི་དབེན་པའི་གནས་ལ་གོ་དགོས་ཏེ། མདོ་རྩ་བ་ལས། དགོན་པ་ལ་ནི་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དོ། །ཞེས་དང་། དེའི་ཐད་ཀྱི་རིན་ཕྲེང་ལས། དགོན་པ་ལ་ནི་དབུས་ནས་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་མཚམས་ཡིན་ནོ། །ཞེས་དང་། གཞུ་དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །དགོན་པའི་དང་པོ་ནི་རྒྱང་གྲགས་དེའི་མཐའ་སྟེ་གྲོང་ནས་རྒྱང་གྲགས་གཅིག་འདས་པ་ནི་དགོན་པའི་དང་པོའོ། །ཞེས་གསུངས་པ་གཉིས་ཀྱིས། དགོན་པའི་ནང་ཞེས་པའི་མཚམས་ཀྱི་ཚད་བསྟན་ལ། གཞན་ཡང་། མདོ་རྩའི་རྒྱ་ཆེར་འགྲེལ་མའི་རྣམ་འབྱེད་ཀྱི་འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་བཞི་སྟོན་པའི་སྐབས་སུ། དེ་ལ་གང་ལ་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལའོ། །ཞེས་བྱ་བ་སྨྲས་ཏེ། དབྱར་གྱི་ནང་ལོགས་སུ་ཡུལ་ལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཉེས་པ་ལས་དབྱུང་བ་དང་རྫོགས་པར་བསྙེན་པར་བྱ་བ་དང་རྩོད་པ་ཞི་བར་བྱ་བ་ལ་སོགས་པའི་ཆེད་དུ་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་ནི་མ་བཀག་གོ། གྱི་ན་ཡུལ་རྒྱུ་ཞིང་འཕྱན་དུ་འགྲོ་བ་བཀག་སྟེ། ལམ་དུ་ཞུགས་པའི་ཚེ་ནི་ཉེས་བྱས་སོ། །རྒྱང་གྲགས་ཀྱི་མཐའ་ལས་འདས་ན་ནི་དངོས་གཞིའོ། །ཞེས་པའི་དགོངས་པ་ཡང་ཡིན་སྙམ་སྟེ། མཚམས་བཅད་མིན་ལ་མ་ལྟོས་པར་རྒྱང་གྲགས་ལས་འདས་ཏེ་གྱི་ན་ལྗོངས་རྒྱུ་སོང་བ་ན། དབྱར་གྱི་མཚམས་ལས་འདས་པའི་ལྟུང་བྱེད་བསྐྱེད་པར་གསུངས་པས། མཚམས་པོ་ཆེ་དང་མཚམས་བུ་ཆུང་བཅད་པ་མེད་ན་ཡང་དབྱར་མཚམས་རྒྱང་གྲགས་གཅིག་ཙམ་གྱི་ནང་ཚུན་དུ་འཇོག་པ་གསལ་བའི་ཕྱིར་རོ། །འོན་ཀྱང་དེང་སྐབས་ས་ཆ་ཇེ་ཆུང་དང་གྲོང་པ་ཇེ་ཉེ་ལ་སོང་བས་རྒྱང་གྲགས་གཅིག་གི་བར་དབྱར་མཚམས་བྱས་ན་དགེ་འདུན་པ་རྣམས་གྲོང་པའི་ནང་དུ་འགྲོ་བདེ་བཟོས་པ་ལྟ་བུར་ཆགས་སྲིད་ས་ཡང་མང་པོ་འདུག་པས། དགོན་པ་སོ་སོའི་ངོས་ནས་དབྱར་མཚམས་ཉེ་རིང་སྣ་ཚོགས་གཏན་ཁེལ་ཞུས་ཆོག་པའི་ཚོད་ཡིན།
དབྱར་བྱིན་གྱིས་བརླབ་ཚུལ། དབྱར་བྱིན་རླབས་བྱ་ཚུལ་འདི་ལ་ཆོས་ལྡན་གྱི་ཆེད་དུ་ཞག་བདུན་བྱིན་གྱིས་བརླབས་པ་དང་། དོན་སྣ་ཚོགས་ཀྱི་ཆེད་དུ་ཞག་བཞི་བཅུའི་གནང་བ་སྦྱིན་པ་གཉིས་ཡོད་ལ། སྤྱིར་དེ་གཉིས་ཀྱི་ཕྱག་ལེན་ཇི་ལྟར་མཛད་ཚུལ་འདུལ་གཞུང་རྣམས་སུ་ཧ་ཅང་གསལ་བས་འདིར་མི་སྤྲོ་ལ། གནད་འགག་ཅུང་ཟད་ཡོད་པའི་གསལ་བཤད་འགའ་ཞིག་བྱེད་འདོད་བྱུང་། སྤྱིར་ཞག་བདུན་བྱིན་གྱིས་བརླབས་པའི་དགོས་པ་ནི་ཆོས་ལྡན་གྱི་ཆེད་དུ་དགོས་པར་མདོ་རྩ་བ་དང་། མཚོ་ཊཱིཀ་དང་རིན་ཕྲེང་སོགས་འདུལ་གཞུང་ཆེན་པོ་ཀུན་མཐུན་པས་དེ་ལྟར་བྱ་ལ། འདི་ལ་ཤེས་དགོས་པ་ཞིག་ནི། ཞག་བདུན་བྱིན་གྱིས་བརླབས་ཏེ་གཞན་དུ་སོང་ནས་ཆོས་ལྡན་གྱི་བྱ་བ་དེ་ཞག་གསུམ་ལྟ་བུ་ནས་གྲུབ་པའམ། ཡང་ན་བྱ་བ་དེ་ཆོས་ལྡན་མིན་པར་ཤེས་ན་ཉི་མ་དེ་ཉིན་ནས་ཕྱིར་དབྱར་གནས་ཀྱི་མཚམས་སུ་ཡོང་དགོས་པ་ལས། ཞག་བདུན་བྱིན་གྱིས་བརླབས་ཡོད་པས་ད་རུང་ཉིན་ཤས་གནང་བ་ཡོད་བསམ་པ་ལྟ་བུས་བསྡད་དུ་མི་རུང་སྟེ། གལ་སྲིད་བསྡད་ན་བསྡད་པའི་ཉིན་རྗེས་མའི་སྐྱ་རེངས་ཤར་བ་དབྱར་རལ་བ་ཡིན་པར་ཤེས་དགོས། ལྷག་པར་དུ་དེང་སྐབས་བྱ་བ་ཆོས་དང་ལྡན་མིན་ལ་ཅུང་ཟད་ཀྱང་མི་ལྟ་བར་རང་རང་གི་ལས་དོན་ཡོད་ཕྱིན་ཞག་བདུན་བྱིན་གྱིས་བརླབས་ནས་ཕེབས་རྐྱང་བྱེད་པ་འདི་ལ་ཉེན་ཁ་ཆེན་པོ་ཞིག་ཏེ། ཆོས་ལྡན་གྱི་ཆེད་དུ་ཞག་བདུན་བྱིན་གྱིས་བརླབས་ནས་བྱ་བ་ཆོས་དང་མི་ལྡན་པར་ཤེས་ན་དེ་མ་ཐག་ཕྱིར་དབྱར་གནས་པའི་གནས་སུ་མ་ཡོང་ན་སང་གི་སྐྱ་རེངས་ཤར་བ་དང་དབྱར་རལ་བར་གསུངས་པས། དང་པོ་ནས་བྱ་བ་ཆོས་ལྡན་མིན་པ་ཞིག་གི་ཆེད་དུ་དབྱར་བྱིན་གྱིས་བརླབས་པའི་ཆོ་ག་ཙམ་བྱས་ན་བྱིན་རླབས་ཀྱང་མི་འཆགས་པའི་ཕྱིར་རོ། །བྱིན་རླབས་མ་ཆགས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་ན་དབྱར་རལ་འགྲོ་བར་བཤད་མི་དགོས་སོ། །
དེང་སྐབས་དགོན་པ་མང་པོས་དབྱར་བྱིན་རླབས་མ་བྱས་པར་སོང་འདུག་ཅེས་ཚབས་ཆེ་མདོག་ཇི་ལྟར་བྱས་ཀྱང་བྱ་བ་ཆོས་ལྡན་ཡིན་མིན་གྱི་ཚད་གཞི་འདུལ་བའི་གཞུང་ན་གསུངས་པ་ལྟར་གྱི་ངོ་བོ་འགྲིགས་མིན་ལ་དཔྱད་པ་ཅུང་ཟད་ཀྱང་མེད་པར་བྱིན་རླབས་ཀྱི་ཆོ་ག་ལྡ་བེ་ལྡིབ་བེ་ཞིག་འདོན་ཏེ་འགྲིགས་པར་བཟོས་ན་ཡང་དོན་ལ་མང་པོ་ཞིག་གི་དབྱར་སྔ་ས་ནས་རལ་ཟིན་པས་དོན་གྱིས་སྟོང་པའི་མིག་སྔའི་འཁྲབ་སྟོན་དེས་ཅི་ཞིག་བྱ། བསྟན་པའི་ནང་རུལ་བ་ཞེས་པ་དེ་ཡང་འདི་དང་འདི་ལྟ་བུ་ཞིག་ལ་བྱ་དགོས་སོ། །ཡང་ཞག་བཞི་བཅུའི་གནང་བ་སྦྱིན་པ་འདི་ལ། དེང་སྐབས་བོད་ཀྱི་ཡུལ་ལུང་ཕལ་ཆེ་བར་དབྱར་གནས་ཟླ་བ་གཅིག་དང་ཕྱེད་ཙམ་ལས་བཞུགས་ཀྱི་མི་འདུག་པས། མདོར་བསྡུས་སྦྱར་ནས་ཞག་བཞི་བཅུའི་བྱིན་གྱིས་བརླབས་པའི་ཕྱེད་ཞག་ཉི་ཤུའི་བྱིན་གྱིས་བརླབས་པ་ལྟ་བུའི་མདོར་བསྡུས་ཀྱི་ཆོ་ག་འདྲ་མེད་ན་ཞག་བཞི་བཅུའི་གནང་བ་ནི་མི་ཆོག་པ་ངེས་ཏེ། དབྱར་གྱི་དམ་ཚིག་ལྔ་པ་གནས་དེར་ཡུན་རིང་དུ་གནས་པར་བྱ་བ་ཞེས་པའི་ལུང་གི་བཅས་པ་མཛད་པ་དང་འགལ་བའི་ཕྱིར། འདི་ལ་ཡང་བསམ་གཞིག་དགོས་པ་ཡིན་ཏེ། གནས་པའི་དུས་ཡུན་ཟླ་བ་གསུམ་དུ་གསུངས་པ་དེ་མི་སྒྲུབ་པར་གནང་བའི་དུས་ཡུན་རིང་ཤོས་ཀྱི་གནང་བ་དེ་ཇི་བཞིན་དུ་ཞུས་ནས་སོང་ན་གནས་ལུགས་དང་མི་མཐུན་པ་ཞིག་ཀྱང་ཡིན་པས་སོ། །
ཡང་འདུལ་བ་མདོ་རྩ་བ་ལས། མཐའི་ཞག་དྲུག་ལ་བྱིན་གྱིས་བརླབ་པ་མི་འཆགས་སོ། །ཞེས་པའི་དོན་འདི་ལ་བཤད་ཚུལ་དང་ལག་ལེན་མི་འདྲ་བ་འགའ་ཞིག་མཆིས་པས་ཅུང་ཟད་དཔྱད་ན། མཚོ་ཊཱིཀ་ལས། བཞི་པ་དུས་གང་གི་ཚེ་བྱིན་གྱིས་བརླབ་པ་ནི། མཐའི་ཞག་དྲུག་གི་གོང་ཡན་ཆད་དེ། མཐའི་ཞག་དྲུག་ལ་ནི་བྱིན་གྱིས་བརླབ་པ་མི་འཆགས་སོ་ཞེས་གསུངས་ཏེ། ཡུན་ཐུང་ངུ་ཉིད་ལས་མ་ལུས་པས་བྱིན་རླབས་མི་འཆགས་པར་བཅས་པའི་དབང་གིས་སོ། །ཞེས་གསུངས་པ་འདི་ལ་བརྟེན་ནས་མཁས་པ་འགའ་ཞིག་གིས། མཐའི་ཞག་དྲུག་ལ་གཏན་ནས་བྱིན་རླབས་མི་འཆགས་པའི་དོན་དུ་འགྲེལ་ཞིང་ཕྱག་ལེན་ཀྱང་དེ་ལྟར་དེ་ལྟར་གནང་བཞིན་འདུག། ཚིག་དེའི་ངོ་གདོང་ལ་བལྟས་ན་དེ་འདྲ་ཞིག་ཡོད་དེ། བྱིན་རླབས་མི་འཆགས་པར་བཅས་པའི་དབང་གིས་སོ། །ཞེས་བཅས་པའི་དབང་གིས་བྱིན་རླབས་མི་འཆགས་པར་གསུངས་པས་རྒྱུ་མཚན་གཞན་གྱིས་བསྒྱུར་མི་བཏུབ་པས་སོ། །འདིའི་ཁུངས་ནི་གཞུང་དམ་པའི་དབྱར་གྱི་སྐབས་སུ། བཙུན་པ་དེ་སྟེ་ཞག་དྲུག་གམ། ལྔའམ། བཞིའམ། གཅིག་ན་ཚུལ་ནས་འབྱུང་བར་འགྱུར་རོ་སྙམ་ནས་བྱིན་གྱིས་བརླབས་པར་མཆིས་ན་དབྱར་ཞིག་པ་ཞེས་བགྱིའམ། ཨུ་པཱ་ལི་དབྱར་ཞིག་པ་ཞེས་བྱའོ། །ཞེས་གསུངས་པ་ཁུངས་ཡིན་མོད། སྤྱིར་གཞུང་དམ་པའི་བོད་འགྱུར་འདི་ལ་ལུང་ཞུ་བ་མང་ཤོས་ཞེས་བྱ་སྟེ་དང་པོར་ཁ་ཆེའི་ཡུལ་གྱི་དགེ་སློང་ཞིག་གི་ངག་འདོན་ལྟར་ཡི་གེ་བཀོད་དེ་ཕྱིས་སུ་ཞུ་དག་ལེགས་པར་མ་སོང་བ་ཞིག་ཡིན་ཚུལ་ཡོད་པ་ལྟར་དེ་ཙམ་ཡིད་བརྟན་མེད་ས་ཡང་མང་པོ་ཡོད་པར་ཀུན་མཁྱེན་མཚོ་སྣ་བས་ལན་མང་པོར་གསུངས་པས་འདིའི་སྐབས་སུ་ཡང་ཅི་ཡིན་ཆ་མ་འཚལ་བ་ལྟ་བུའི་གནས་འགའ་ཞིག་མཐོང་ལ། ཚིག་འདི་ཡང་དཔྱད་གཞི་ལྟ་བུར་སྣང་བས་ད་དུང་ཞིབ་དཔྱད་དགོས་སོ། །འདི་ལྟར་ལག་ལེན་གནང་མཁན་དགོན་པ་འགའ་ཞིག་གིས། མཐའི་ཞག་དྲུག་ལ་མི་འཆགས་པར་གསུངས་པ་དེ་རྒྱུ་མཚན་དུ་བྱས་ནས་མགོའི་ཞག་བདུན་ལ་ཡང་བྱིན་རླབས་མི་འཆགས་ཞེས་བཞེད་པ་འདུག་སྟེ། མདོར་བསྡུས་སྦྱོར་རྒྱུ་ཡིན་ན་ནི་སྦྱར་བའི་རྒྱུ་མཚན་མ་མཆིས་ལ། ཁུངས་གཞན་གང་ཡང་མེད་པས་ཞྭ་དཔེ་ལྷམ་ལ་བཀབ་པ་རང་ཡིན་ནོ། །
ཡང་བྱ་འདུལ་འཛིན་ལ་སོགས་པ་འགའ་ཞིག་གིས། དེ་ལྟར་མིན་པར་མཐའི་ཞག་དྲུག་ལ་ཞག་བདུན་བྱིན་གྱིས་བརླབས་པ་མི་འཆགས་པ་མ་གཏོགས་གཞན་ཞག་གཅིག་ནས་དྲུག་བར་གྱི་བྱིན་རླབས་ཆགས་པར་བཞེད་དོ། །དེ་མཚུངས་འདུལ་བ་རིན་ཕྲེང་གི་དགོངས་པ་ཡང་དེ་ཡིན་པར་སེམས་ཏེ། རིན་ཕྲེང་ལས། གནས་པར་ཁས་བླངས་པའི་ཟླ་བ་གསུམ་གྱི་མཐའི་ཞག་དྲུག་ལུས་པ་ལ་ཞག་བདུན་དུ་བྱིན་གྱིས་བརླབས་པ་མི་འཆགས་ཏེ། དུས་ཧ་ཅང་ཐུང་ངུ་ལུས་པའི་ཕྱིར་རོ། །ཞེས་མཐའི་ཞག་དྲུག་ལ་ཞག་བདུན་གྱི་བྱིན་རླབས་མི་འཆགས་པའི་དོན་དུ་མཛད་པ་འཐད་པར་སེམས་ཏེ། དབྱར་ཟླ་བ་གསུམ་ལ་སྤྱིའི་ཆ་ནས་ཞག་དགུ་བཅུ་ཐམ་པ་ཡོད་པས་དེ་བདུན་ཚན་དུ་བགོས་ན་ཞག་བདུན་ཚན་བཅུ་གཉིས་དང་ཞག་དྲུག་ཡོད་པས། ཞག་བདུན་དུ་བྱིན་རླབས་བྱ་བའི་གཞི་བདུན་ཚན་བཅུ་གཉིས་དང་། དེའི་མཐའ་ལ་ཞག་དྲུག་ལས་མེད་པས་མཐའི་ཞག་དྲུག་པོ་དེ་ལ་ཞག་བདུན་བྱིན་གྱིས་བརླབས་པ་མི་འཆགས་ཏེ་ཞག་དྲུག་ལས་མེད་པས་སོ་ཞེས་པའི་དོན་ཏེ། རིན་ཕྲེང་ལས། མཐའི་ཞག་དྲུག་ལུས་པ་ལ་ཞག་བདུན་དུ་བྱིན་གྱིས་བརླབས་པ་མི་འཆགས་ཏེ། ཞེས་གསུངས་པས་སོ། །འདི་ཚོ་ལ་ཡང་འདུལ་བ་གཟིགས་མཁན་རྣམ་པས་གཅིག་གྱུར་གྱི་ལག་ལེན་དང་ཞིབ་ཆ་ཞིག་ཡོད་ན་ཅི་མ་རུང་སྙམ་པ་ཡོད་ཀྱང་མཁས་པས་བཤད་ན་ཅི་ཡང་བདེན་པ་ལྟ་བུར་གོ་ཡོང་བས་མཐའ་གཅིག་ཏུ་འདི་ཟེར་བ་ཞིག་གཏན་ཁེལ་བྱ་ཐབས་ཁག་པོ་ཡིན། འདི་ཚོ་ལ་དོགས་དཔྱོད་བྱེད་པའི་སྐལ་བ་བྱུང་བ་ཙམ་ཡང་སྔོན་བསགས་བསོད་ནམས་ཀྱི་བག་ཆགས་གཏིང་ཟབ་པོ་ཞིག་མངོན་དུ་གྱུར་པའོ། །དབྱར་བྱིན་རླབས་ཀྱི་སྐབས་འདིར་དགོན་པ་འགའ་ཞིག་གིས། དབྱར་བྱིན་གྱིས་བརླབ་ཚུལ་དེ་ལ་དགོད་ཤོར་དགོས་པའི་ཕྱག་ལེན་དེ་འདྲ་མང་པོ་འདུག། དེ་ཡང་དབྱར་ཞག་བདུན་བྱིན་རླབས་ཀྱི་ཆོ་ག་བྱེད་པ་ན་ལྕགས་རིའི་ནང་དུ་བྱས་ན་བྱིན་རླབས་མི་འཆགས་པས་དགོན་པའི་ལྕགས་རིའི་ཕྱི་ན་ངེས་པར་འགྲོ་དགོས་ཟེར་བ་དང་། ཡང་ཁོང་ཚོས་ལྕགས་རིའི་ཕྱི་ནས་དབྱར་བྱིན་གྱིས་བརླབས་ཟིན་ནས་ཕྱིར་ཁང་པའི་ནང་དུ་འགྲོ་མི་ཆོག། དེར་སོང་ན་བྱིན་རླབས་ཞིག་འགྲོ་ཟེར་བ་སོགས་ནི་ཁུངས་ལུང་གང་ཡང་མེད་པའི་རང་ཉིད་ངལ་བ་ཙམ་གྱི་རྒྱུར་ཟད་དོ། །ད་དུང་ལྕགས་རིའི་ཕྱི་ལོགས་དེ་དབྱར་མཚམས་ལ་བརྩི་ཡི་མེད་ན་དེ་ན་དབྱར་བྱིན་རླབས་ཀྱི་ཆོ་ག་བྱས་ཀྱང་བྱིན་རླབས་ཀྱི་ཆོ་ག་མི་འཆགས་ཏེ། བྱིན་གྱིས་བརླབས་པའི་གནས་ནི་ངེས་པར་དབྱར་མཚམས་དང་འབྲེལ་དགོས་པས་སོ། །སྡོམ་ལས། གཞན་དུ་དབྱར་མཚམས་མ་འབྲེལ་མ་འཆགས་གསུངས། །ཞེས་པ་ལྟར་འདུལ་གཞུང་གཞན་ཐམས་ཅད་ན་གསལ་ལོ། །
ཡང་དགོན་པ་འགའ་ཞིག་གིས། དབྱར་བྱིན་རླབས་བྱེད་པའི་སྐབས་སུ་དགེ་སློང་ཡིན་ན་ཆོས་གོས་དང་སྣམ་སྦྱར་ངེས་པར་གྱོན་དགོས་པ་དང་། གདིང་བ་ངེས་པར་གཏིང་དགོས་པ་དང་། ད་དུང་དབྱར་བྱིན་རླབས་བྱས་ནས་ཕྱི་རོལ་ཏུ་སོང་སྟེ་ཚུར་འཁོར་བའི་སྐབས་སུ་ལྕགས་རིའི་ཕྱི་ནས་སྟོད་ཐུང་གོན་ཡོད་ན་དེ་དང་ལྷམ་ཕུད་དེ་ནང་དུ་ཡོང་དགོས་ཟེར་བ་དང་། ད་དུང་བྱིན་གྱིས་མ་བརླབས་པར་རྒྱང་གྲགས་ཀྱི་མཚམས་ལས་འདས་ན་དབྱར་རལ་བའི་ཉེས་པ་བྱུང་ཟིན་པར་བྱས་ཏེ་དབྱར་གནས་མ་བསྡད་པའི་གྲལ་དུ་བཞག་པ་དང་། དབྱར་མཚམས་ཀྱི་ནང་ཁོངས་སུ་གྲོང་པའི་ཁྱིམ་ཚང་དེ་འདྲ་ཡོད་ཚེ་དབྱར་བྱིན་རླབས་མ་བྱས་པར་ཁྱིམ་ཚང་གི་ཁང་པའི་ནང་དུ་འགྲོ་མི་ཆོག་པ་དང་། ཁྱིམ་ཚང་གི་སྒོ་ཁ་ན་ཟ་འཐུང་བྱེད་པ་སོགས་ཀྱི་ཕྱག་ལེན་རྣམས་ནི་འདུལ་བ་མ་ཤེས་པ་དང་རྒྱུ་མཚན་ལ་བརྟག་དཔྱད་མ་བྱས་པའི་སྐྱོན་ཡིན་ལ། འདུལ་བའི་གཞུང་གི་དགོངས་དོན་ལ་མེད་ཀྱང་དགོན་པ་སོ་སོའི་ཁྲིམས་ལུགས་དམ་པོ་བྱས་པའི་ཁུལ་ཡིན་ན་དེར་ཟད། སྤྱིར་དགོན་པ་སོ་སོས་འདུལ་བ་ཕྱག་བཞེས་གནང་སྐབས་འདུལ་བའི་གཞུང་གི་དགོངས་དོན་ལ་ཇི་ལྟར་གསལ་བ་ལྟར་སྣོན་འཕྲི་མེད་པ་མཛད་དགོས་པ་ནི་གནད་ཀྱི་དོན་པོ་ཡིན། དེས་ན་འདུལ་བའི་གཞུང་དུ་མེད་ཀྱང་རང་འདོད་ཀྱིས་ལག་ལེན་དམ་པོ་བྱེད་པའི་ཚུལ་གྱིས་དགེ་འདུན་པ་རྣམས་ཀྱི་ལུས་སེམས་ངལ་བ་སྟེར་བྱེད་ལྟ་བུའི་ལག་ལེན་དེ་དག་ནི་འདུལ་ཁྲིམས་དམ་པོ་སྲུང་བའི་ཁུལ་གྱིས་རང་ཉིད་ངལ་ཞིང་དུབ་པའི་མཐའ་རུ་བསྐྱུར་བ་ཙམ་མོ། །
དབྱར་གནས་པའི་ཡུན་ཚད། འདུལ་བའི་གཞུང་དང་ཆོ་ག་ཐམས་ཅད་ལས། ཟླ་བ་གསུམ་དུ་བཞུགས་དགོས་པར་གསལ་བར་གསུངས་ཤིང་། ལྷག་པར་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་བསླབ་བྱ་ལས། དེ་ཡང་ལོ་གཅིག་ལ་ཁས་ལེན་པའི་དུས་ཀྱི་དུས་ནི་དབྱར་ཟླ་འབྲིང་པོའི་བཅུ་དྲུག་དང་། དབྱར་ཟླ་ཐ་ཆུང་གི་བཅུ་དྲུག་གི་ཉིན་མཚན་གཉིས་སུ་ངེས་ལ། དེ་ལས་གཞན་གྱི་ཚེ་ཁས་ལེན་པ་དང་། དང་པོ་ནས་ཟླ་བ་གསུམ་མ་ཚང་བར་ཁས་ལེན་པ་ལ། ཁས་ལེན་མི་འཆགས་སོ། །ཞེས་གསུངས་པས། དེང་དུས་ཆོ་ག་ཞལ་ནས་སྐྱོར་སྐབས་ཟླ་བ་གསུམ་དུ་ཞེས་འདོན་ཞོར་དོན་ལ་ཟླ་བ་གཅིག་དང་ཕྱེད་མ་གཏོགས་མི་འདུག་བསམ་པ་སེམས་ཐག་བཅད་དེ་ཁས་ལེན་པ་དག་ནི་དབྱར་ཁས་ལེན་པའི་གོ་ཆོད་ཀྱི་མེད་ཚོད་རེད། དེས་ན་འདུལ་འཛིན་གྱིས་གསུངས་པ་དེ་ཤིན་ཏུ་ཐུགས་མད་པར་སྣང་། དེང་སྐབས་དབྱར་ཁས་ལེན་པའི་ཚུལ་འདི་ལས་དངོས་གནས་དབྱར་གྱི་ལས་ཆགས་ཀྱིན་ཡོད་མེད་དང་དབྱར་ཁས་ལེན་པའི་ཆོ་ག་ཆགས་ཀྱིན་ཡོད་མེད་ཆ་མ་འཚལ་ཞིང་། ལྷག་པར་དགོན་པ་ཕལ་ཆེ་བ་ཞིག་ལ་འདུལ་བའི་གཞུང་དང་ལག་ལེན་ལ་སྦྱངས་པ་མེད་པ་དང་། གཞི་གསུམ་གྱི་ལག་ལེན་གཏན་ནས་མེད་པ་ཤིན་ཏུ་མང་། ཡོད་པའི་ཟོལ་ལྟ་སྟོན་མཁན་དག་ཀྱང་ཁམས་གཙང་ཉམས་དགའ་བ་ཞིག་ཕལ་ཆེར་ལ་མི་འདུག་པས་སངས་རྒྱས་ཀྱི་བསྟན་པ་ཡང་དེ་མཚུངས་ཤིག་ལས་མེད་པའི་དཔང་རྟགས་རེད། དཔེར་ན། གཞི་གསུམ་གྱི་ཆོ་ག་ཞིག་བྱེད་པའི་སྐབས་སུ་ཞལ་འདོན་གསུངས་མི་ཤེས་མཁན་མང་ལ། གསུང་རྒྱུ་ཡོད་མཁན་དག་ཀྱང་ཕལ་ཆེ་བས་དོན་དག་གང་ཡང་གོ་ཡི་མེད་པ་རེད། དགེ་སློང་དེ་འདྲ་ཞིག་གི་ཞལ་ནས་དབྱར་སྔ་མ་ཟླ་བ་གསུམ་དུ་ཁས་ལེན་ཞེས་བརྗོད་ཀྱང་མ་བརྗོད་ཀྱང་དོན་ལ་ཚོར་སྣང་ཙམ་ཡང་མེད་པར་ལམ་ལུགས་སྲོལ་ཞིག་གི་རྗེས་འདེད་བྱས་ནས་འགྲོ་བཞིན་ཡོད་པ་རེད། མི་སྒེར་རེ་རེའི་ངོས་ནས་དེ་འདྲ་ཞིག་རེད་ལ། ན་ནིང་བར་ལམ་ཞིག་ལ་དགོན་པ་འགའ་ཞིག་གིས་བོད་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་ལ་དབྱར་ཁས་ལེན་བྱེད་ཀྱིན་ཡོད་པ་ཡང་དངོས་སུ་མཐོང་སོང་། དེ་མཚུངས་དེང་སྐབས་སུ་བོད་དུ་གྲུབ་མཐའ་མང་ཆེ་བས་ཟླ་བ་གཅིག་དང་ཕྱེད་ཙམ་རེ་བཞུགས་ནས་གློ་བུར་དགག་དབྱེ་མཛད་བཞིན་འདུག། དེ་ལ་འགྲེལ་བཤད་སྣ་ཚོགས་གནང་གི་འདུག་མོད་དགག་དབྱེའི་སྐབས་སུ་ཅུང་ཟད་དཔྱད་པར་བྱའོ། །
དགག་དབྱེའི་སྐོར། དགག་དབྱེའི་སྒྲ་བཤད་ན། དབྱར་གནས་ཀྱི་ནང་དུ་ལྟུང་བ་གླེང་དྲན་བྱེད་པ་བཀག་པ་དང་། ནན་ཏུར་བྱེད་པ་བཀག་པ་དང་། དབྱར་གྱི་རྙེད་པ་བགོ་བ་བཀག་པ་དང་། མཚམས་ཀྱི་ཕྱི་རོལ་ཏུ་མཚན་མོ་འདའ་བ་བཀག་པ་སྟེ་བཞི་པོ་དེ་རྣམས་བཀག་པ་ལས་འབྱེད་པར་བྱེད་པས་ན་དགག་དབྱེ་ཞེས་བྱ། དེས་ན། དགག་དབྱེ་ལ་ངོ་བོའི་སྒོ་ནས། ལྟུང་བའི་དགག་དབྱེ་དང་། རྫས་ཀྱི་དགག་དབྱེ་གཉིས་སུ་ཕྱེ་ལ། སྤྱིར་དགག་དབྱེ་ཆགས་མ་ཆགས་ཀྱི་མཚམས་ཡང་འདི་གཉིས་ཀྱིས་ངོས་འཛིན་བྱ་དགོས། དེས་ན་དེང་སྐབས་ལྟུང་བ་གླེང་དྲན་བྱེད་པ་བཀག་པ་མེད་ལ། དེ་མེད་པས་བཀག་པ་ལས་དབྱེ་བ་ཡང་མེད་པས་ཕུན་སུམ་ཚོགས་པའི་དགག་དབྱེ་མཚན་ཉིད་པ་ཞིག་ཆགས་ཁག་པོ་ཡིན་ངེས་རེད། གསོ་སྦྱོང་ཡང་དེ་མཚུངས་རེད། འོན་ཀྱང་ལྟུང་བ་གླེང་དྲན་མ་བྱས་ན་དགག་དབྱེ་མི་འཆགས་པས་མ་ཁྱབ་སྟེ། དངོས་པོའི་དམིགས་བསལ་གཞི་འཇོག་པའི་དགག་དབྱེ་བྱེད་པ་ན་དགག་དབྱེ་ཆགས་པས་སོ། །དེ་ཡང་མདོ་རྩ་བ་ལས། དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་བྱའོ། །གཞིའམ་གང་ཟག་གམ་གཉིས་ཀ་བཞག་ནས་ཀྱང་ངོ་། །ཞེས་གཞི་དང་གང་ཟག་བཞག་པའི་དམིགས་བསལ་གཉིས་ཀ་བྱས་ཀྱང་དགག་དབྱེ་ཆགས་པར་གསུངས་པས་སོ། །དེ་ལ་རྨ་སྡོམ་ལས། བཟོད་པ་མ་གསོལ་མ་བླངས་དགག་དབྱེ་མིན། །ཞེས་དང་དེ་དང་མཚུངས་པའི་འདུལ་གཞུང་གི་ཚིག་མང་པོ་ཡོད་ཀྱང་སྤྱིའི་ཆ་ནས་ཡིན་པ་ལས་བཟོད་པ་གསོལ་བླངས་མེད་ན་དགག་དབྱེ་གཏན་ནས་མི་ཆགས་པས་ཁྱབ་པ་ཡོད་པ་ཞིག་མ་ཡིན་ནོ། །འོན་ཀྱང་དགེ་འདུན་ཡོངས་ཀྱིས་གཞི་འཇོག་པའི་དམིགས་བསལ་གྱི་སྒོ་ནས་དགག་དབྱེ་ཞིག་བྱ་རྒྱུ་ཡོད་མེད་བཤད་ཁག་པོ་ཡིན།
སྤྱིར་འདུལ་བའི་ལག་ལེན་གྱི་སྐོར་འདི་དག་ལ། འདུལ་གཞུང་ལ་ལེགས་པར་གཟིགས་ནས་སྤྱིའི་དགག་བྱ་དང་དགོས་ཀྱི་དགག་བྱའི་ཁྱད་པར། སྤྱི་དགོས་ཀྱི་དགག་བྱ་གང་གི་སྒོ་ནས་དགག་བཅས་ཤེས་པར་བྱ་ཚུལ། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཀྱི་ཁྱད་པར། དང་པོར་བཀག་པ་ཞིག་ཕྱིས་སུ་གནང་བ་དང་སྒྲུབ་པ་མཛད་པ་སོགས་སྤྱིར་བཏང་དང་དམིགས་བསལ་གྱི་རྣམ་གཞག་ཧ་ཅང་མང་པོ་ཞིག་ཡོད་པ་རྣམས་ལེགས་པར་ཤེས་ན། འདུལ་ཁྲིམས་འདི་ལ་དགྱེ་སྒུར་མང་པོ་གནང་རྒྱུ་ཡོད་པ་ཞིག་ཡིན་ཡང་དགོས་ལ་ཡོད་ཀྱང་ཡོད། འདུལ་བ་ཤེས་ན་རྐུ་ཤེས་ཞེས་པའི་གཏམ་དཔེ་དེ་ཡག་པོ་ཞིག་མིན་ནའང་གོ་རྒྱུ་ཞིག་ཡོད། གཙོ་བོ་འདུལ་བའི་བཅས་ཁྲིམས་ནི་རབ་བྱུང་བའི་མི་ཚེ་གཅིག་གི་འཚོ་བའི་འགྲོ་ལུགས་ཤིག་ཡིན་པས་རྩ་བའི་གནད་དོན་གལ་ཆེ་བ་དག་གཏན་ནས་འཕྱུགས་མི་རུང་ཡང་བྱ་བྱེད་ཡོངས་རྫོགས་ཚིག་གཅིག་གིས་ཐག་ཆོད་པ་ཞིག་ག་ལ་ཡིན། དེས་ན་བཅས་རྐྱང་གི་རིགས་མང་ཆེ་བ་ཞིག་ཡུལ་དུས་ལ་བསྟུན་པའི་གནང་བཀག་སྣ་ཚོགས་ཤིག་བྱ་ཆོག་པ་ཡང་འདུལ་བའི་གཞུང་གི་དགོངས་དོན་ཡིན་པས་ཚིག་གཅིག་གིས་བཀག་ན་བཀག་རྐྱང་དང་གནང་ན་གནང་རྐྱང་ཞིག་གཏན་ནས་མིན། དེ་ལ་འདུལ་གཞུང་ལ་མཁས་པ་དག་གིས་དུས་དུས་སུ་དཔྱད་ཞིབ་མཛད་དེ་ལག་ལེན་འདེབས་དགོས་པ་ཞིག་གོ། རྙེད་པ་བགོད་པ་བཀག་པ་དབྱེ་བའི་རྫས་ཀྱི་དགག་དབྱེའི་ལག་ལེན་ནི་མཚན་ཉིད་ཚང་བ་ཡོད་ངེས་སོ། །
དགག་དབྱེ་བྱ་དུས་ཀྱི་སྒོ་ནས། དུས་ཀྱི་དགག་དབྱེ། གློ་བུར་དགག་དབྱེ། ཚོགས་ཀྱི་དགག་དབྱེ་གསུམ་ཡོད། དང་པོ་ནི། དབྱར་ཟླ་བ་གསུམ་དུ་ཁས་བླངས་པ་ལྟར་ཟླ་བ་གསུམ་ཚང་སྟེ་དུས་ཐོག་ཏུ་དགག་དབྱེ་བྱེད་པའོ། །གློ་བུར་དགག་དབྱེ་ནི། དགེ་སློང་འཐབ་བཀྲོལ་ཅན་ལ་སོགས་པ་བྱུང་ནས་གསོ་སྦྱོང་གཉིས་སོང་ནས་གསོ་སྦྱོང་གསུམ་པའི་ཚེ་ལྟ་བུ་གསོ་སྦྱོང་གཅིག་དང་གཏུགས་ནས་དགག་དབྱེ་བྱེད་པ་སྟེ། མདོ་རྩ་བ་ལས། གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་བར་ཐོས་པར་གྱུར་ན་གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །མ་གྲུབ་ན་དཀྱིལ་འཁོར་པ་ལྔའམ་དྲུག་ཏུ་བློ་མཐུན་པར་བྱའོ། །ཞེས་པ་ལྟར་རོ། །འདི་ལ་གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་གསོ་སྦྱོང་ཞིག་དང་བསྟུན་ནས་དགག་དབྱེ་བྱེད་པ་ཡིན་ལ། འཐབ་བཀྲོལ་ཅན་ལ་ངག་འཇམ་པོ་དང་ཟས་དང་གོས་ཀྱིས་མཉེས་པར་བྱས་ཏེ། དེ་ནས་དེ་དག་གིས་དེ་རིང་དགག་དབྱེ་མ་ཡིན་ནམ་ཞེས་ཟེར་ན། གཉུག་མ་གནས་པ་དག་གི་དོན་ཡིན་གྱི་ཁྱེད་ཅག་གློ་བུར་དུ་ལྷག་པ་དག་གི་མིན་ནོ་ཞེས་ལན་བྱས་ཏེ། དེའི་རྗེས་སུ་གསོ་སྦྱོང་ཞིག་དང་བསྟུན་ནས་དགག་དབྱེ་བྱེད་པ་ལ་གློ་བུར་དགག་དབྱེ་ཞེས་བྱའོ། །འགའ་ཞིག་གིས་དེང་གི་དུས་སུ་དབྱར་ཁས་བླངས་ནས་གསོ་སྦྱོང་གཉིས་ཐལ་ཏེ་གསུམ་པའི་དུས་སུ་གློ་བུར་དགག་དབྱེ་བྱེད་པ་འདི་ཤིན་ཏུ་མ་འོས་པ་ཞིག་ཡིན་པ་དང་། དེ་ལ་དབྱར་གནས་ཀྱི་དགོས་པ་གཏན་ནས་མི་འགྲུབ་ཅིང་། དབྱར་གནས་པའི་གོ་ཡང་མི་ཆོད་པ་གསུང་མཁན་འདུག་ཀྱང་དེ་འདྲ་ཞིག་མིན་པར་སེམས་ཏེ། སྤྱིར་དབྱར་ཟླ་བ་གསུམ་དུ་ངེས་པར་ཁས་ལེན་དགོས་པ་དང་། འོན་ཀྱང་དང་པོར་ཁས་ལེན་པའི་དུས་ནས་ཟླ་བ་གཅིག་དང་ཕྱེད་ལས་མི་གནས་བསམ་བཞིན་ཁས་ལེན་མི་རུང་བ་དང་། གནས་པའི་སྐབས་སུ་གློ་བུར་དུ་དགག་དབྱེ་བྱེད་པ་འདི་ལ་ཡང་ཁུངས་ཤིག་ཡོད་དེ། སྤྱིར་ལུང་ལས་དགག་དབྱེ་སྣ་ཚོགས་གསུངས་པ་མ་ཟད། དེ་དག་ལག་ལེན་ལ་ཡོང་ཆོག་པ་དང་། ལྷག་པར་སྙིགས་མའི་དུས་འདིར་བོད་བརྒྱུད་ནང་བསྟན་ཙམ་མ་གཏོགས་གཞི་གསུམ་གཏན་ཆད་ལ་སོང་འདུག་ཅིང་། བོད་དུ་ཡང་དེང་སྐབས་དགོན་པ་ཕལ་ཆེ་བ་ཞིག་ལ་གཞི་གསུམ་གྱི་ཕྱག་ལེན་ཙམ་ཡང་ནུབ། འགའ་ཞིག་ལ་ཡོད་ཀྱང་གཟུགས་བརྙན་ཙམ་ལས་ཅི་ཡང་མེད། ཕྱག་ལེན་གཟབ་ནན་མཛད་མཁན་རྣམས་ཀྱང་ཚད་ལྡན་ཡིན་མིན་གྱི་དབྱེ་འབྱེད་སྣ་ཚོགས་ཤིག་བྱས་ནས་སྟོང་འུར་ཆེན་པོ་བྱེད་རྒྱུ་མང་དྲགས་ན་ཡོད་པོ་མེད་པོ་དང་། ད་ར་ཆུ་ཁུ་ལ་གཏོང་བའི་ཉེན་ཆེན་པོ་འདུག་པས། དེ་ཙམ་ཞིག་གི་ཉམས་ལེན་བྱེད་ཐུབ་པ་ཡང་རྗེས་སུ་ཡི་རང་གི་གནས་སུ་བཞག་སྟེ། འདུལ་བའི་ལུང་དང་བསྟན་བཅོས་ཐམས་ཅད་ལས་གསོ་སྦྱོང་གཉིས་ཐལ་ནས་གསུམ་པའི་སྐབས་སུ་དགག་དབྱེ་བྱ་ཆོག་པའི་དམིགས་བསལ་ཞིག་གནང་ཡོད་པ་དེ་སྙིགས་མའི་དུས་སུ་ལག་ལེན་མཛད་བཞིན་ཡོད་པ་དེ་ཚོ་ལ་ཁུངས་ལུང་མི་འདུག་ཅེས་ལམ་སང་ཞལ་ཕོར་མ་སྒྲོགས་ན་ཅིས་མ་ལེགས། འོན་ཀྱང་གཟབ་དགོས་པ་ཞིག་ནི། ཁས་ལེན་པའི་བསམ་པའི་ཀུན་སློང་དང་། ལག་ལེན་གཉིས་མི་འདྲ་བ་སོང་བ་དེ་ལྟར་ཤེས་དགོས་པ་གལ་ཆེ་སྟེ། མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེས། ལྔ་པ་ཡོད་དེ། ཟླ་བ་གསུམ་དུ་ཁས་བླང་བར་བྱ་བ་ཡིན་པའི་ཕྱིར་ཏེ། དང་པོ་ནས་ཟླ་བ་གསུམ་དུ་མ་ཚང་བའི་ཁས་ལེན་བྱ་མི་རུང་བའི་ཕྱིར། འོ་ན། དགག་དབྱེ་གློ་བུར་བ་བྱེད་པ་མི་འཐད་པར་ཐལ། ཞེ་ན་སྐྱོན་མེད་དེ། དུས་དེ་ཁར་དགོས་པའི་དབང་གིས་དགག་དབྱེ་གློ་བུར་བ་བྱེད་པ་སྲིད་ཀྱང་། ཁས་ལེན་པའི་ཚེ་དེའི་རྩིས་ཀྱིས་བླངས་ན་ཁས་ལེན་མི་ཆགས་པའི་ཕྱིར། །ཞེས་སོགས་གསུངས་པ་ཡང་ཤེས་དགོས་པའི་ནང་དོན་གནད་ཆེ་བ་ཞིག་ཡིན་པར་སེམས་སོ། །
ཚོགས་ཀྱི་དགག་དབྱེ་ནི། དམག་གི་འཇིགས་པ་ལ་སོགས་པའི་རྐྱེན་གྱིས་གསོ་སྦྱོང་གི་དུས་ཚེས་ཞིག་དང་བསྟུན་ཏེ་དགག་དབྱེ་བྱེད་པ་ལྟ་བུ་དུས་ཚེས་ཀྱི་ངེས་པ་གཏན་ནས་མེད་པར་དགེ་འདུན་རྣམས་ཕན་ཚུན་དུ་དེ་རིང་དགག་དབྱེ་བཅོ་ལྔ་པ་ཡིན་མོད་ཀྱི་གང་གི་ཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ། །ཞེས་སོགས་བརྗོད་དེ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་ལྟ་བུ་ལ་ཟེར་ཏེ། ལུང་གཞི་ལས། དོན་གང་ལ་ཚོགས་ཀྱི་དགག་དབྱེ་བྱ་ཞེ་ན། འདི་ལྟར་ཡང་དགོན་པ་འཁྲུགས་པའི་དམག་གི་འཇིགས་པ་བྱུང་ནས། ཡུལ་མི་རྣམས་ཀྱང་དེ་དང་དེ་དག་ཏུ་བྲོས་སོ། །དེ་ནས་དགེ་སློང་རྣམས་ཀྱང་གཏུར་བུ་དག་ཏུ་ཆོས་གོས་རྣམས་ཐུམ་པོར་བྱས་ཏེ་ཐོགས་ནས་ཕན་ཚུན་བལྟས་ཏེ། ཚེ་དང་ལྡན་པ་དག་དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་མོད་ཀྱི། གང་གི་ཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ་ཞེས་བརྗོད་ནས་འདོང་བར་བྱ་སྟེ། དོན་དེ་ལ་ཚོགས་ཀྱི་དགག་དབྱེ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །འདི་ལ་མཚོ་ཊཱིཀ་ཡིག་ཆུང་ལས། ཚོགས་ཀྱི་དགག་དབྱེ་འདི་ལ་ནི། ཚེས་གྲངས་བཅོ་ལྔ་པ་ངེས་གཟུང་དུ་མི་དགོས། དགེ་འདུན་འདུ་མི་དགོས་གསོལ་བ་འབའ་ཞིག་པའི་ཆོ་ག་མི་དགོས། དགག་དབྱེ་བྱེད་པ་པོ་བསྐོ་མི་དགོས། རྩྭ་དུར་བྷ་བྲིམ་མི་དགོས་སོ། །ཞེས་གསུངས་སོ། །རེ་ཞིག་དེ་ཙམ་གྱི་འཐུས་པར་བྱའོ། །
པེ་ཅིང་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་ཆེན་ལ་ཞུགས་རྒྱུགས་ཀྱི་ཆེད་རྩོམ་དུ།
སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས། ཕྱི་ལོ་༢༠༡༧ཟླ་༤ཚེས་༢༨ཉིན།
རྩོམ་གྱི་ཡོང་ཁུངས། དྲ་བའི་སྦྲེལ་ཐག http://www.tb1025.cn

ངོ་ཤོག 81 ནས་ 904