སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

sjrb-0002མཛད་པ་པོ། ཨཱ་ཙཱརྱ་དཔལ་བརྩེགས།
བརྗོད་བྱ།
ཆོས་ཕྱོགས་ཀྱི་ཐ་སྙད།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0002
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.1MB
རྩོམ་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༦ ཚེས་ ༢༥ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སམ་བན་དེ་དཔལ་བརྩེགས་མཆོག་ནི། འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱོན་པའི་ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་སྟེ། འབྲོ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཞང་ཡེ་ཤེས་སྡེ་བཅས་གསུམ་ལ་ཡོངས་གྲགས་སུ་སྐ་ཅོག་ཞང་གསུམ་ཞེས་པའི་ཡ་གྱལ་གྱི་ལོ་ཙཱ་བ་ཞིག་ཡིན། སྔ་འགྱུར་གྱི་ལོ་རྒྱུས་ཕལ་ཆེ་བའི་ནང་སྐ་ཅོག་ཞང་གསུམ་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་ལོ་ཙཱ་བ་མཛད་པ་མ་ཟད། མཁན་ཆེན་སྐུ་གཤེགས་རྗེས་རྒྱ་ནག་གི་སློབ་དཔོན་ཧྭ་ཤང་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་དམ་པའི་ཆོས་ཀྱི་རྩོད་པ་མཛད་ཅིང་ཧྭ་ཤང་ཕམ་པར་མཛད་པའི་རྗེས་སུ། སྒོམ་རིམ་ཐོག་མཐའ་བར་གསུམ་དང་དབུ་མ་སྣང་བ་བཅས་བརྩམས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་། སྒོམ་རིམ་རྣམ་པ་གསུམ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་ཞིང་། དབུ་མ་སྣང་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་གནང་མཛད་པ་བཅས་ལ་བརྟེན་ནས་སྐ་ཅོག་ཞང་གསུམ་མཁན་སློབ་ཆོས་གསུམ་ཞལ་བཞུགས་དུས་ཀྱི་ལོ་ཙཱ་བ་ཡིན། ཆོས་འབྱུང་མེ་ཏོག་སྙིང་པོ་ལས་ཀྱང་སྐ་ཅོག་ཞང་གསུམ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་དུ་བྱོན་པའི་ལོ་ཙཱ་བ་ཡིན་པར་གསུངས། ལོ་རྒྱུས་ནང་དུ་ཡོད་པ་བཞིན་སྐ་ཅོག་ཞང་གསུམ་ལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ལོ་ཙཱ་བ་གཞོན་གསུམ་ཞེས་གསུང་སྲོལ་ཡོད་པའི་རྒྱུ་མཚན་ཡང་འདི་ཉིད་ཡིན་པར་སྙམ། བཀའ་བསྟན་ཤེར་ཕྱིན་གྱི་གཞུང་དང་། འདུལ་བ། གསང་སྔགས་སོགས་ལོ་ཙཱ་བ་འདི་ཉིད་ཀྱིས་བསྒྱུར་བའི་བཀའ་བསྟན་ཤིན་ཏུ་མང་ངོ་། །
༢༠༢༢ ཟླ་ ༦ ཚེས་ ༢༥ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་ཏེ་བསྒྲིགས།

ངོ་ཤོག 195 ནས་ 683