སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2019 ལོའི་ཟླ་བ། Aug ཚེས། 14 རེས་གཟའ། Wed

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི། ཕྱི་ལོ་ ༡༨༤༦ ལོར་སྡེ་དགེའི་ཕྱོགས་ཀྱི་གནས་ཡ་ཆུའི་དིང་ཆུང་གི་ས་ཆར་ཡབ་འཇུ་མགོན་པོ་དར་རྒྱས་དང་ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁུ་བོ་དཔོན་བླ་མ་སྒྲུབ་མཆོག་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་མཚན་གསོལ།
   དགུང་ལོ་དྲུག་བདུན་ནས་ཡབ་དང་ཞང་པོའི་དྲུང་ནས་ཡི་གེའི་འབྲི་ཀློག་དང་། སྡོམ་གསུམ་རྣམ་ངེས་ཐུགས་འཛིན་གནང་བ་དང་། རྩིས་དཀར་ནག་གི་སྔོན་འགྲོ་གསན། དགུང་གྲངས་བཅུ་སྐོར་ནས་ལྗགས་རྩོམ་ཡང་ཅི་རིགས་གནང༌།
   དགུང་ལོ་བཅུ་གཉིས་ཀྱི་སྐབས་ཡུལ་དེའི་སྤྱི་ལུགས་ལྟར། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཆོས་བརྒྱུད། ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་ལག་ཏུ་གྱུར་པ་འཇུ་མོ་ཧོར་གསང་སྔགས་ཆོས་གླིང་དགོན་དུ་ཆོས་ཞུགས་མཛད་ཅིང་རབ་ཏུ་བྱུང་།
   དགུང་གྲངས་བཅོ་ལྔ་བཅུ་དྲུག་གི་སྐབས་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་རྟོག་གནང་སྟེ་མཁྱེན་པར་མཛད། འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་དུ་འཇམ་དཔལ་སྨྲ་སེང་སྒྲུབ་ཅིང་རིལ་བུའི་ལས་སྦྱོར་སོགས་མཛད།
   དགུང་ལོ་བཅུ་བདུན་སྐབས་ཉོག་ཟིང་གིས་འབྲོག་སྡེ་མཐའ་དག་མགོ་ལོག་ཏུ་སོང་བས་རྗེ་ཉིད་ཀྱང་དེར་བྱོན།
   དགུང་གྲངས་བཅོ་བརྒྱད་དང་བཅུ་དགུའི་དུས་སྐུ་ཞང་འགྱུར་བཟང་དང་ལྷན་དུ་ཡུལ་དབུས་ལྷ་ལྡན་དུ་གནས་སྐོར་ལ་བྱོན། དེ་སྐབས་ཟླ་བ་གཅིག་ཙམ་དགའ་ལྡན་དུ་བཞུགས། དེ་ནས་ལྷོ་གནས་རྒྱས་པར་བྱོན་ཞོར་ལྷོ་བྲག་མཁར་ཆུར་ཕེབས།
   ཕྱིར་རང་ཡུལ་དུ་ལོག་རྗེས་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་མདུན་ནས་མ་ཏིའི་འཇམ་དཀར་གྱི་རྗེས་གནང་དང་ཆོས་སྐྱོང་གེ་སར་གྱི་སྲོག་གཏད་སོགས་གསན། དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལས། སྤྱོད་འཇུག་ཤེས་རབ་ལེའུ་གསན་པ་དང་ཕྱིས་འགྲེལ་ཊཱིཀ་སོགས་ཀྱང་མཛད། གཞན་ཡང་རྒྱུད་ལུང་མན་ངག་གི་བཤགས་པའི་བཤད་པ་གནང་ནས་འགྲེལ་པ་རྩོམ་པར་གསུང་བསྐུལ་དང༌། འོད་མདོ་མཚན་བརྗོད་སོགས་ཀྱང་གསན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས་མ་ཏིའི་འཇམ་དཀར་གྱི་རྗེས་གནང་དང༌། སྔ་རྗེས་ཅི་རིགས་པར། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་གི་སྒོ་དུ་མ་དང༌། ཉེ་བརྒྱུད་དུ་བྱོན་པའི་མདོ་སྔགས་ཀྱི་གཞུང་ཁྱད་འཕགས་རིགས་དང༌། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་བཤད་པ། མན་ངག་ཕྱག་བཞེས་ཀྱི་དམར་ཁྲིད་སོགས་གསན།
པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་ལས། སྒྲ་ཙནྡྲ་པ་དང་དངུལ་ཆུའི་བཙོ་བཀྲུའི་ལག་ལེན་སོགས་ཐུན་མོང་རིག་གནས་དང༌། འཇམ་དཔལ་ཚེ་བདག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་རིགས་དང༌། འཇུ་དབོན་འཇིགས་མེད་རྡོ་རྗེ་ལས་མདོ་སྡུད་པའི་བཤད་པ། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས་དབུ་མ་འཇུག་པ། འཇམ་དབྱངས་བློ་གཏེར་དབང་པོ་ལས་ཚད་མ་རིགས་གཏེར། སེར་ཤུལ་དགེ་བཤེས་ལྷ་རམས་པའི་མདུན་ནས་མཛོད་ཀྱི་བཤད་ལུང་སོགས་རིས་མེད་ཀྱི་མཁས་གྲུབ་དུ་མའི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པ་ཐུགས་གཉེར་གནང་། རྫོགས་ཆེན་ཤྲཱི་སེང་དུ་སྔ་འགྱུར་རྙིང་མའི་ཆོས་སྐོར་དང༌། དཔལ་སྤུངས་ལྔ་རིག་སློབ་གླིང་ནས་གསོ་བ་རིག་པ་དང༌། རྩིས་དཀར་ནག་སོགས་རིག་གནས་ཀྱི་སྐོར་རྣམས་གསན། གཞན་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་དུ་མ་ལས་ཀྱང་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་གསན་པར་མཛད།
   གཞན་དཔའ་རིས་བློ་བཟང་རབ་གསལ་དང༌། དམ་པ་འདི་གཉིས་ཕན་ཚུན་ལེགས་བཤད་ཀྱི་འབེལ་གཏམ་བསྐུར་རེས་གནང་ཡོད་པ་དང་། དཔའ་རིས་བློ་བཟང་རབ་གསལ་གྱིས། ཆོས་འབྱོར་སྤྲིན་གྱི་ཕུང་པོ་འཁྲིགས་པའི་ཀློང༌། །ཁམས་ཞེས་གྲགས་པའི་གསེར་ལྡན་དཀྱིལ་འཁོར་དུ། །གྲགས་སྙན་ལྷ་ཡི་རྔ་ཆེན་ལྡིར་བ་ཅན། །ངེས་དོན་ཆོས་ཀྱི་རྒྱལ་པོར་ཡིད་རེ་དགའ། །ཀུན་རྟོག་རྩྭ་སྦུར་མཆེད་པའི་མེ་སྟག་གིས། །རེག་པའི་ཉེས་ལྟུང་སྙིང་ནས་འཆག་པའི་ཕྱིར། །དྲི་མེད་ལྷ་རྫས་སྤྲིན་དཀར་བླ་རེས་འདི། །གང་སྐུ་ས་འཛིན་ཡངས་པའི་མཁའ་ལ་བྲེས། ཞེས་དང་། ཁྱད་པར་རྣམ་དཔྱོད་བརྩོན་པའི་མཐུ་ལྡན་ཞིང༌། །མང་ཐོས་ཉམས་སུ་ལེན་པའི་ཀུ་སཱ་ལི། །ཟབ་དོན་འཚོལ་བའི་ངལ་བ་མང་བསྟེན་པ། །ང་ཡི་མཛའ་ཆེན་མི་ཕམ་བཤེས་གཉེན་བཞུགས། ཞེས་སོགས་གསུངས་ཡོད།
   སྐུ་ཚེ་ཕལ་ཆེར་དབེན་གནས་རྣམས་སུ་སྒྲུབ་པ་ཉམས་ལེན་མཛད་ཅིང་རྨེ་ཤོད་དཀར་མོ་སྟག་ཚང་དུའང་ལོ་བཅུ་གསུམ་དུ་བཞུགས་ནས་བསྙེན་སྒྲུབ་མཛད།
   དགུང་ལོ་ང་གཅིག་པར་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་མཛད། དགུང་ལོ་རེ་གཉིས་པ་ས་སྤྲེལ་ལོར་དུས་འཁོར་འགྲེལ་ཆེན་བརྩམས། དེའི་ཕྱི་ལོར་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་སོགས་བརྩམས།
   སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་བསྟན་འགྲོ་ལ་ཕན་པའི་དོན་བསྒྲུབས་པར་མཛད། ཁྱད་པར་དུ་བཟོ་དང་། གསོ་བ། རྩིས་རིག་བཅས་ལ་ཕྱག་རྗེས་ཆེ།
   སློབ་མ་ལ། རྡོ་སྤྲུལ་རྡོ་རྗེ་དང་། གཏེར་སྟོན་བསོད་རྒྱལ། ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། རྫོགས་སྤྲུལ་ལྔ་པ། དཔལ་སྤུངས་སི་ཏུ་སོགས་མང་དུ་བྱུང་།
   དགུང་ལོ་དྲུག་ཅུ་རེ་བདུན་པ་ ༡༩༡༢ ལོར་འཇུ་རི་ཁྲོད་དུ་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། པར་དུ་བརྐོས་པ་པོ་ཏི་སུམ་ཅུ་ལྷག་བཞུགས།

༢༠༡༩.༠༥.༠༥ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 301 ནས་ 689