- མདུན་ངོས།
- ཆོས་འབྱུང་།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། འདུལ་བ་ལྔ་ཕྲུགས།
བརྗོད་བྱ། དམ་པའི་ཆོས་འདུལ་བའི་སྐོར།
འཁྲིད་མཁན། བློ་གླིང་མཁན་ཟུར་རྗེ་བཙུན་བློ་བཟང་ཉི་མ།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0750
སྒྲའི་རྣམ་པ། MP3 གྲངས་ཀ 87 ལྗིད་ཚད། 2.05GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་ ༧ ཚེས་ ༡༩ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་བློ་གླིང་མཁན་ཟུར་རྗེ་བཙུན་བློ་བཟང་ཉི་མ་མཆོག་ནི། ཕྱི་ལོ་༡༩༢༤ལོར་མདོ་ཁམས་དཀར་མཛེས་ཏྲེ་ཤོད་དུ་ཡབ་བསོད་ནམས་རྒྱ་མཚོ་དང༌། ཡུམ་སྐལ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་དུ་ཞུགས། འཁྲུངས་གསར་སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་ལས་དགེ་ཚུལ་གྱི་བསླབ་སྡོམ་ཞུས།
དགུང་ལོ་བཅོ་བརྒྱད་པར་མཁས་མང་བློ་གསལ་གླིང་དུ་ཆོས་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། དགུང་ལོ་ཉེར་གཅིག་པར་སེར་བྱེས་གཙང་པ་ཁྲི་ཟུར་ལྷུན་འགྲུབ་བརྩོན་འགྲུས་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དུས་འགྱུར་བྱུང་རྗེས་སྦག་སར་སློབ་གཉེར་འཕྲོ་མཐུད་ནས་དགུང་ལོ་ཞེ་ལྔ་པར་སྦག་ས་མཁས་མང་འདུས་པའི་དབུས་སུ་ལྷ་རམས་པའི་མཚན་གནས་བཞེས། མ་སུ་རིར་གཙུག་ལག་སློབ་གྲྭའི་དགེ་འོས་ཟབ་སྦྱོང་གནང་ནས་སྦག་སར་ཆོས་རིག་འཛིན་སྐྱོང་སློབ་གྲྭར་དབུ་མའི་ཟབ་ཁྲིད་གནང་། དེ་ནས་ཝཱ་ར་ཎ་སཱིར་ཕེབས་ཏེ་ལོ་གསུམ་རིང་ཆེས་མཐོའི་སློབ་གཉེར་ཁང་དུ་ཟབ་སྦྱོང་གནང་ནས་ཨཱ་ཙཱརྱའི་མཚན་གནས་བཞེས།
ཕྱི་ལོ་༡༩༧༨ལོར་༸གོང་ས་སྐྱབས་མགོན་ཆེན་པོས་ཕྱག་རྟགས་ཕེབས་དོན་བཞིན་ལོ་བདུན་རིང་ལ་མཁས་མང་བློ་གསལ་གླིང་གི་མཁན་ཁྲི་བསྐྱངས། ཕྱི་ལོ་༡༩༩༣ལོར་༸གོང་ས་བཅུ་བཞི་པ་ཆེན་པོས་ཕྱག་རྟགས་གནང་དོན་བཞིན་རྭ་སྟོད་གྲྭ་ཚང་གི་མཁན་པོའི་མཛད་ཁུར་བསྐྱངས། རང་ཤག་ཏུ་བསྡུས་གྲྭ་ནས་འདུལ་མཛོད་བར་ཉིན་རེར་དཔེ་ཁྲིད་ཐེངས་ལྔ་དྲུག་ཙམ་རྒྱུན་དུ་ཆག་མེད་གནང༌། དགེ་བཤེས་རྒན་གྲས་རྣམས་ལ་སྔགས་རིམ་ཆེན་མོ་སོགས་དཔེ་ཁྲིད་རྒྱུན་བསྐྱངས་ནས་གདན་སར་བཞུགས།
གསུང་གི་ལེགས་བཤད་ཀྱང་། མཁས་པའི་དབང་ཕྱུག་ཤག་སྐོར་མཁན་རིན་པོ་ཆེ་ལ་ཕུལ་བའི་གཞུང་ཆེན་ཁག་གི་དཀའ་གནད་དྭོགས་སློང་གི་དྲི་བ། ཕར་ཕྱིན་དང་དབུ་མ། དྲང་ངེས་སེམས་ཙམ་པའི་སྐོར། གཞི་གསུམ་གྱི་རྣམ་གཞག་ཐུབ་དབང་ཞལ་ལུང་། དབུ་མ་དགོངས་པ་རབ་གསལ་བདག་འགོག འདུལ་སྡོམ་མཚོ་ཊིཀ རིན་ཊིཀ མདོ་རྩ། མདོ་རྒྱ་ཆེར་འགྲེལ་བཅས་སྦྲགས་ནས་གསུངས་པ་ཆ་ཚང་། པཎ་ཆེན་རིན་པོ་ཆེའི་མཛོད་ཤེས་བྱ་རབ་གསལ། མཆིམས་མཛོད། མཛོད་ཊིཀ་ཐར་ལམ་གསལ་བྱེད། གསང་སྔགས་བཅས་ཀྱི་དཔེ་ཁྲིད་སྒྲ་ཐག་སོགས་ཡོད་ཅིང༌།
གསུང་ལས་སྐྱེས་པའི་སློབ་མ་ཡང༌། ཤར་པ་ཆོས་རྗེ་ཚུལ་ཁང་བློ་བཟང་རྡོ་རྗེ། རྒྱུད་སྨད་མཁན་ཟུར་མཐུ་སྟོབས་མགོན་པོ་སོགས་སྦག་སའི་གནས་བརྟན་བགྲེས་པ་ཕལ་ཆེར་བ་རྣམས་དང་ད་ལྟའི་དགེ་བཤེས་རྒན་གྲས་ཕལ་ཆེ་བ་རྗེ་འདིའི་སློབ་མར་མ་གྱུར་པ་མེད་པ་དང་འདྲའོ། །
མཐར་ཕྱི་ལོ་ ༢༠༠༦ ཟླ ༨ ཚེས་ ༢༥ ཉིན་དགོངས་པ་གཞན་དོན་དུ་གཤེགས་ནས་ཉིན་ཞག་བཅུ་གཅིག་བར་ཐུགས་དམ་ལ་བཞུགས།