- མདུན་ངོས།
- ཕར་ཕྱིན།
- བསམ་གཟུགས།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
མཁས་གྲུབ་དགེ་ལེགས་དཔལ་བཟང་།
མཁས་གྲུབ་དགེ་ལེགས་དཔལ་བཟང་ནི། ཕྱི་ལོ་ ༡༣༨༥ ལོར་གཙང་ལ་སྟོད་ཆུ་འོག་ཏུ་འཁྲུངས། བ་སོ་ཆོས་ཀྱི་རྒྱལ་མཚན་དང༌། བསོད་ནམས་བཀྲ་ཤིས་གཉིས་ཀྱང་འདི་ཉིད་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན།
༡༣༩༡ ལོ་དགུང་གྲངས་བདུན་གྱི་སྐབས་མཁས་གྲུབ་སེང་གེ་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་སྔར་གྱི་མཁས་གྲུབ་དགེ་ལེགས་གྱི་སྟེང་དུ་དཔལ་བཟང་པོ་ཞེས་པ་བསྣན་པས། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ཞེས་གྲགས་པ་བྱུང༌།
རྗེ་བཙུན་རེད་མདའ་བ་ལས་ཚད་མ་དང་། མངོན་པ་གོང་འོག །དབུ་ཕར་འདུལ་བ་བཅས་གསན་ནས་སྦྱངས་པ་མཐར་ཕྱིན་པ་མཛད། དཔལ་ས་སྐྱ་བའི་ལམ་འབྲས་པ་ཡེ་ཤེས་དཔལ་དང༌། བསོད་ནམས་རྒྱལ་མཚན། པཎ་ཆེན་ན་བཟའ་བ་གསུམ་ལས་གསང་སྔགས་ཀྱི་ཆོས་སྐོར་གང་མང་གསན།
དགུང་ལོ་བཅུ་དྲུག་པ་ ༡༤༠༠ ལོར་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་རིགས་གཏེར་དགག་པའི་གཞུང་བརྩམས་ཏེ་དམ་བཅའ་མཛད་པར་རྗེ་འདི་ཉིད་གཙང་ངམ་རིང་དུ་ཕེབས་ཏེ་རྩོད་གླེང་མཛད། སྐབས་དེར་བརྒལ་བརྟག་བགྱིས་པའི་ཚིག་རྣམས་གཞིར་བཟུང་སྟེ་དགུང་ལོ་ཉེར་དགུ་པ་ ༡༤༡༣ ལོར་ཉང་སྟོད་ལྕང་ར་དཔལ་འབར་གྱི་དགོན་པར་བཞུགས་སྐབས་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་མཛད་པར་གྲགས། བོ་དོང་པཎ་ཆེན་གྱིས་མཁས་གྲུབ་རྗེ་ལ་བསྟོད་པ་བུང་བ་རྣམ་པར་རྩེན་པ་ཞེས་པ་མཛད་པར་གྲགས།
དགུང་ལོ་བཅོ་བརྒྱད་པར་འཇམ་དབྱངས་སྨྲ་སེང་གི་བསྟོད་པ་མཚན་དཔེས་རབ་རྒྱན་མ་བརྩམས། དགུང་ལོ་ཉེར་གཅིག་པ་ ༡༤༠༥ ལོར་རེད་མདའ་བ་གཞོན་ནུ་བློ་གྲོས་ལས་བསྙེན་པར་རྫོགས།
དགུང་ལོ་ཉེར་གསུམ་པ་ ༡༤༠༧ ལོར་དབུས་སུ་ཕེབས་ཏེ་རྗེ་བློ་བཟང་གྲགས་པ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ་ཞིང་། དེ་མ་ཐག་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་འཇམ་དབྱངས་ཨ་ར་པ་ཙའི་རྗེས་གནང་སྩལ་བ་དང་། དེ་ནས་བཟུང་རྗེ་བླ་མ་ཞིང་ཁམས་གཞན་དུ་མ་གཤེགས་བར་དུ་རྗེས་སུ་བཟུང་སྟེ། མདོ་སྔགས་ཀྱི་ཆོས་སྤྱི་དང་ཐུན་མོང་མ་ཡིན་པའི་གདམས་པ་ཡོངས་རྫོགས་གནང་ཞིང་། དེ་དག་ཐུགས་དམ་ཉམས་བཞེས་སུ་མཛད་པའི་བོགས་འདོན་གྱི་ཆེད་དུ་དམ་བཅའ་བཅུ་ཞེས་པ་མཛད་ནས་དེ་ལས་ནམ་ཡང་འདའ་བ་མེད་པར་སྐུ་ཚེ་མཐའ་འཁྱོལ་བ་གནང་།
གཞན་ཡང་རྗེའི་དངོས་སློབ། རྒྱལ་ཚབ་ཆོས་རྗེ་དང༌། འདུལ་འཛིན་པ། འཇམ་དཀར་བ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ལས་ཀྱང་མདོ་སྔགས་ཀྱི་ཆོས་ཚུལ་མང་དུ་ཞུས། གཙང་ཉང་སྟོད་དུ་ཕེབས་ནས། ལི་ཡུལ་ལྕང་ར་ལ་གདན་ས་མཛད་པས་ལྕང་ར་ཆོས་མཛད་ཅེས་གྲགས།
རྒྱལ་རྩེ་སྡེ་པ་རབ་བརྟན་ཀུན་བཟང་པས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་ཕྱག་བཏབ་ནས་འཆད་མཉན་སྤེལ། གཞན་ཡང༌། ནོར་བུ་དགའ་ལྡན་དང༌། བྲང་མོ་ཆེ་བ། ལེགས་གྲུབ་པ། ཤར་ཆེན་པ། ཞི་གནས་པ། གསེར་ཁང་གོང་འོག་གཉིས། ལྷ་ཁང་པ་སོགས་ཆོས་སྡེ་དུ་མ་ཕྱག་བཏབ། དབུས་གཙང་ཁུལ་གྱི་སྡེ་སྣོད་འཛིན་པ་མང་པོས་རྗེ་འདིའི་ཞབས་ལ་བཏུགས་ཏེ་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས། དཔལ་འཁོར་ཆོས་སྡེའི་མཁན་ཐོག་དང་པོ་མཛད།
སྡེ་པ་རབ་བརྟན་རྩེ་བས་དཔལ་འཁོར་ཆོས་སྡེར་སླར་ཡང་གདན་དྲངས་ཀྱང་མ་བྱོན་པར་རི་བོ་མདང་ཅན་དུ་བྱོན་ནས་ཐུགས་དམ་ཉམས་བཞེས་དང་སློབ་མ་མང་པོར་མདོ་སྔགས་ཀྱི་གཞུང་ལུགས་དུ་མའི་བཀའ་ཁྲིད་དང༌། གསུང་རབ་ཀྱི་དགོངས་པ་འགྲེལ་པའི་ལེགས་བཤད་དུ་མ་གསར་རྩོམ་གནང་།
དགུང་ལོ་ཞེ་བདུན་པ་ ༡༤༣༡ ལོར་རྒྱལ་ཚབ་ཆོས་རྗེ་གནས་རྙིང་དུ་བཀའ་ཆོས་གསུང་ནས་བཞུགས་པ་དང་མཇལ་སྐབས་རྗེ་བླ་མའི་གསེར་ཁྲི་ལ་ཕེབས་དགོས་ཀྱི་ཞལ་ཏ་གནང༌བ་ལྟར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་རབས་གསུམ་པ་ཡིན། དབང་ལུང་མན་ངག་རྒྱ་ཆེར་སྩལ། དགའ་ལྡན་དུ་གྲྭ་ཚང་བཞི་བཙུགས་ནས་འཆད་ཉན་གྱི་སྲོལ་བཏོད། དུས་ཕྱིས་ཤར་བྱང་གཉིས་སུ་ཐིམ། དགའ་ལྡན་རང་དུ་རྒྱུན་བཞུགས་མཛད་ནས་རྗེའི་བཞེད་སྲོལ་མ་ཉམས་པར་བསྐྱངས་པས་སློབ་མ་གྲགས་ཅན་མང་དུ་བྱུང་། རྗེ་བླ་མའི་དངུལ་གདུང་གི་དབུ་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཐོག་མར་འབུབས་པར་མཛད།
རྗེ་ཙོང་ཁ་པ་ཞི་བར་གཤེགས་རྗེས་སུ་ཤུགས་དྲག་གདུངས་པས་གསོལ་བ་ཡང་ཡང་བཏབ་པ་ལས་དག་པའི་གཟིགས་སྣང་བྱུང་སྟེ་གསུང་གིས་དབུགས་དབྱུང་བ་ཡང་ཐེངས་ལྔ་བྱུང་བ་དེ་ལ་རྗེ་གཟིགས་པ་ལྔ་ལྡན་དུ་གྲགས། རྗེ་བླ་མའི་ནང་སྲས་ཀྱི་ཐུ་བོ་གཅིག་པུར་བགྲངས།
འདིའི་སློབ་མ་ལ་དགའ་ལྡན་ཁྲི་ཐོག་བཞི་པ་ཞ་ལུ་ལེགས་པ་རྒྱལ་མཚན། ལྔ་པ་བློ་གྲོས་ཆོས་སྐྱོང༌། དྲུག་པ་གཅུང་པོ་བ་སོ་ཆོས་ཀྱི་རྒྱལ་མཚན། རྗེ་ཤེས་རབ་སེང་གེ །མཁས་ཆེན་བསོད་ནམས་མཆོག་གྲུབ། ཀུན་མཁྱེན་འཕགས་པ་འོད། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན། ཞང་ཞུང་ཆོས་དབང་གྲགས་པ། ཆོས་རྗེ་དོན་གྲུབ་དཔལ་སོགས་མང་དུ་བྱུང༌།
དགའ་ལྡན་གྱི་ཁྲི་ལོ་བརྒྱད་བསྐྱངས་ཏེ་མཐར་དགུང་ལོ་ང་བཞི་པ་ ༡༤༣༨ ལོར་དགའ་ལྡན་དུ་ཞི་བར་གཤེགས་པའི་གདུང་རྟེན་དངུལ་གྱི་མཆོད་སྡོང་རྗེའི་གསེར་སྡོང་ཆེན་མོའི་གཡོན་ཕྱོགས་ཀྱི་དང་པོར་བཞུགས།
སེ་ར་རྗེ་བཙུན་པ་དང་། པཎ་ཆེན་བདེ་ལེགས་ཉི་མ། བྲག་གཡབ་བློ་བཟང་བསྟན་པ། དགེ་བཤེས་བློ་བཟང་སྙན་གྲགས་སོགས་ཀྱིས་མཛད་པའི་རྗེ་འདིའི་རྣམ་ཐར་དུ་མ་བཞུགས། སྐུ་ཕྲེང་ཕྱི་མ་ནི་བསོད་ནམས་ཕྱོགས་ཀྱི་གླང་པོ་ནས་ཉེ་བར་བཟུང་ད་ལྟའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་བར་རིམ་པར་བྱོན་ཅིང༌། གསུང་རྩོམ་ལ། ཕར་ཕྱིན་རྟོགས་དཀའི་སྣང་བ་དང༌། འདུལ་བ་ཐུབ་བསྟན་བྱི་དོར། ཚད་མའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ། དབུ་མ་སྟོང་ཐུན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། དུས་འཁོར་ཊིཀ་ཆེན་དེ་ཉིད་སྣང་བ་སོགས་པོད་ཆེན་བཅུ་གཉིས་ཙམ་བཞུགས།
མཁས་གྲུབ་རྗེའི་དམ་བཅའ་བཅུ་ནི།
[༡] གང་ཚེ་གཞན་གྱི་སེམས་ངེས་པར་བསྲུང་དགོས་པ་དང༌། ཆེས་ངོ་མཚར་བ་ལ་སོགས་པའི་ཆོས་ལྡན་གྱི་དམིགས་བསལ་རེ་རེ་ཙམ་མ་གཏོགས་པའི་སྐབས་གང་དུ་ཡང༌། དམག་དང་ཆོམ་རྐུན་རྒྱལ་པོའི་གཏམ་ལ་སོགས་པ་འདུ་འཛིའི་གཏམ་གྱི་སྦྱོར་བ་ཅུང་ཟད་ཀྱང་མི་བགྱི་བ་ནི་དམ་བཅའ་བ་དང་པོའོ། །
[༢] ཀུན་སློང་སྐྱོན་ཆགས་པའམ། ལུང་དུ་མ་བསྟན་པ་རྣམ་པར་མ་བརྟགས་པའི་སེམས་ཀྱིས་བསླད་པ་ཡང་རུང་སྟེ། དེ་ཉིད་ཀྱི་ཉེས་པ་སེལ་བའི་ཆོས་ལྡན་གྱི་ཆེད་དུ་ཕན་པར་འདོད་པ་འབའ་ཞིག་གིས་བརྗོད་རིགས་པའི་ཚིག་གིས་བརྗོད་པ་མ་གཏོགས་པ། རང་ལས་རྒྱུད་ཐ་དད་པའི་གང་ཟག་དམིགས་ཀྱིས་བསལ་བའི་མིང་གིས་སྨོས་ཏེ། དེའི་སྒོ་གསུམ་གྱི་སྐྱོན་ཕྲ་མོ་ཙམ་ཡང་ཚིག་ཏུ་བརྗོད་པ་མི་བགྱི་བ་ནི། དམ་བཅའ་བ་གཉིས་པའོ། །
[༣] གལ་ཏེ་རང་ལ་སེམས་རྒྱུད་ཅུང་ཟད་ཙམ་ཡང་འཁྲུག་པའི་ཉེས་པ་མི་འདྲེན་ཞིང༌། གཞན་ལ་ཐབས་དེས་ངེས་པར་ཕན་ཞིང་ཡིད་ཆེས་པའི་སྐབས་མ་གཏོགས་པ་རང་ལས་རྒྱུད་ཐ་དད་པའི་སེམས་ཅན་དང༌། དེ་ལས་གཞན་སེམས་ཅན་མ་ཡིན་པ་ཡུལ་དུ་བྱས་པའང་རུང་སྟེ། རྩུབ་མོའི་ཚིག་ཅུང་ཟད་ཙམ་ཡང་སྨྲ་བར་མི་བགྱིད་པ་ནི། དམ་བཅའ་བ་གསུམ་པའོ། །
[༤] གང་གི་ཚེ་ཆོས་ལྡན་གྱི་བྱ་བའི་ཆེད་དུ་དྲན་ཤེས་ཉེ་བར་བཞག་སྟེ་ངེས་པར་བརྟག་དགོས་པའི་གནས་ལ་སེམས་པ་མ་གཏོགས་པ། གཉེན་བཤེས་དང་རྙེད་བཀུར་འདུ་འཛི་ཆགས་སྡང་སོགས་ཀྱི་གནས་ལ་ཅུང་ཟད་ཀྱང་ཉོན་མོངས་པ་དང་འདྲེས་པའི་སེམས་ཀྱིས་བརྟག་པར་མི་བགྱི་བ་ནི། དམ་བཅའ་བཞི་པའོ། །
[༥] གང་གི་ཚེ་ནད་དང་ལམ་ལ་སོགས་པ་ཧ་ཅང་དུབ་པའི་སྐབས་མ་གཏོགས་པར་དགེ་བའི་སྦྱོར་བའི་སྐབས་གང་གི་ཚེ་ཡང༌། ཉལ་བ་དང༌། འཁྲེས་པ་དང༌། བྲེ་མོའི་གཏམ་དང༌། བཟའ་བཏུང་ཧ་ཅང་བསྟེན་པ་སོགས་ཀྱིས་ཆོས་ལྡན་གྱི་དགོས་པ་མེད་ཅིང་ལེ་ལོ་སྐྱེ་བ་མཐོང་བཞིན་དུ་འཕྲོ་མི་གཅོད་ཅིང༌། དང་དུ་ལེན་པ་ཅུང་ཟད་ཀྱང་མི་བྱ་བ་ནི། དམ་བཅའ་བ་ལྔ་པའོ། །
[༦] བདག་ལ་རྫས་དེ་བདོག་ཅིང་དེ་གང་ཟག་དེ་ཉིད་ལ་བྱིན་ན་བདག་གི་དགེ་བའི་བྱ་བ་ཉམས་པའི་རྐྱེན་དང༌། འཕེལ་བའི་གེགས་སུ་འགྱུར་བའམ། ཡུལ་དེ་ལ་གནོད་པར་འགྱུར་བར་ངེས་པའམ་ཆོས་ལྡན་གཞན་དང་། ཡུལ་གཞན་ལ་བསྔོས་ཟིན་པ་མ་གཏོགས་གང་ཡང་རུང་བས་ཡོ་བྱད་བཟང་ངན་ཅི་འདྲ་ཞིག་སློང་ཡང་སེར་སྣའི་བློས་མི་སྟེར་བ་སྤངས་ཏེ། དེ་མ་ཐག་ཏུ་དགའ་བའི་སེམས་ཀྱིས་བྱིན་ནས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི། དམ་བཅའ་བ་དྲུག་པའོ། །
[༧] གང་གི་ཚེ་བདག་གམ་གཉེན་བཤེས་ལོངས་སྤྱོད་འཁོར་གཡོག་སོགས་གང་ཡང་རུང་བ་ལ་སུ་ཡང་རུང་བས་ཅི་ཡང་རུང་བའི་གནོད་པ་དང༌། མི་སྙན་པ་བརྗོད་པ་དང༌། མཚང་འབྲུ་བ་དང༌། སྲོག་གཅོད་པའི་བར་དུ་བྱེད་པ་ཐམས་ཅད་ལ་དང་པོ་ཁོང་འཁྲུག་པ་དང༌། རྗེས་སུ་འཁོན་དུ་འཛིན་པ། ལུས་ངག་གི་རྣམ་པར་འགྱུར་བ་ཕྲ་མོ་ཡན་ཆད་འབད་པས་འགོག་ཅིང༌། ཅུང་ཟད་ཀྱང་དང་དུ་མི་ལེན་པ་ལ་ཅི་ནས་ཀྱང་དེ་ཉིད་ལ་ལན་དུ་དངོས་བརྒྱུད་གང་ཡང་རུང་བའི་སྒོ་ནས་ཕན་གདགས་པའི་བློ་བསྐྱེད་ཅིང་སྨོན་ལམ་གདབ་པ་ནི། དམ་བཅའ་བ་བདུན་པའོ། །
[༨] བདག་ཉིད་ཀྱིས་དབང་ཁྲིད་ལུང་མན་ངག་བསྟན་པ། མདོ་རྒྱུད་སོགས་བཤད་པ། བདུན་ཚིགས་རབ་གནས་སྦྱིན་སྲེག་རྣམས་ཀྱི་ཡོན་དང༌། ཆོས་ལ་དམིགས་ཏེ་གཞན་གྱིས་བྱིན་པ། འཕྲལ་དུ་ལོངས་སྤྱོད་ལ་ཉེ་བའི་སྟ་གོན་བྱས་པ། བཙེམས་ཤིང་དྲུབས་པའི་ཆོས་གོས་དང༌། གཡོས་སུ་བྱས་སམ་དེ༌ཉིད་ཀྱི་ཚེ་གཡོས་སུ་བྱེད་པར་ཆས་པ་ལྟ་བུའི་ཟས་གོས་མ་གཏོགས་པ། ཡོ་བྱད་ཆེ་ཆུང་གང་བྱུང་ཡང་། བདག་ཉིད་ཀྱིས་ཅུང་ཟད་ཀྱང་བདག་གིར་མི་འཛིན་ཅིང༌། བསོད་ནམས་གསོག་པའི་ཐབས་འབའ་ཞིག་ལ་གཏོང་བ་དང༌། ཆོས་ཀྱི་སྦྱིན་པ་ཚིག་བཞི་པ་གཅིག་ཡན་ཆད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་བ་ནི། དམ་བཅའ་བ་བརྒྱད་པའོ། །
[༩] བསྟན་པ་འབའ་ཞིག་ལ་བསམས་པའི་བློས་གསུང་རབ་ཀྱི་དོན་ལ་ལོག་པར་རྟོག་པ་འགོག་བའི་ཡན་ལག་མ་གཏོགས་པར། བཤེས་གཉེན་སུ་ལ་ཡང་མི་བསྔགས་པ་ཅུང་ཟད་ཀྱང་མི་སྨྲ་ཞིང༌། ཡོན་ཏན་སྒྲོག་པ་ལྷུར་ལེན་པ་དང༌། གང་ཟག་མཆོག་དམན་སུ་ལའང༌། ཕུན་སུམ་ཚོགས་པའི་རྣམ་པ་ཆེ་ཆུང་ཅི་འདུག་པ་དང༌། ཡོན་ཏན་གྱི་ཁྱད་པར་ཆོས་དང་མཐུན་པ་ཅི་འདུག་པ་མཐོང་ངམ་ཐོས་པ་ན་ཡིད་ལ་ཟུག་རྔུ་ཅུང་ཟད་མི་སྐྱེད་ཅིང་དེ་མ་ཐག་ཏུ་སྙིང་ནས་དགའ་བའི་བློ་སྦྱོང་བ་ནི། དམ་བཅའ་བ་དགུ་བའོ། །
[༡༠] དམ་བཅའ་བ་བཅུ་པ་ནི། ནད་དང་ཆོམ་རྐུན་སོགས་དྲག་པོས་གཙེས་པས་གཞན་དབང་དུ་གྱུར་པས་སྒྲུབ་པར་མི་ནུས་པའི་སྐབས་བྱུང་ན་མ་གཏོགས་པར། ཇི་སྲིད་འཚོའི་བར་དུ་ཉིན་ཞག་རེའི་ནང་དུ་དགེ་སྦྱོར་བཅུ་པོ་ཆག་མེད་དུ་བགྱི་བ་སྟེ། དེ་ཡང་འདི་ལྟར་སེམས་བསྐྱེད་ཆོ་ག་ཉུང་ངུས་ཐུན་དྲུག་ཏུ་ལེན་ཞིང༌། ཁྱད་པར་སྔ་དྲོ་སྨོན་སེམས་དང༌། བྱང་སེམས་ཀྱི་སྡོམ་པ་རང་གིས་བླང་བའི་ཆོ་ག་རྒྱས་པ། བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་དམིགས་རྣམ་དངོས་གཞི་ཐུན་བཞིའམ་གསུམ་དུ་ལེན་པར་བསྒོམས་ནས་སྤྱོད་ལམ་ཐམས་ཅད་དེ་ཉིད་ཀྱི་རྩིས་ཟིན་པའི་དྲན་ཤེས་རྒྱ་ཡན་དུ་མ་ཤོར་བར་ནར་མར་བསྟེན་པ་ལ་འབད་པ། འཁོར་བའི་སྣང་ཤས་ཟིལ་གྱིས་གནོན་པའི་གཉེན་པོར། སྐྱེས་བུ་ཆུང་འབྲིང་གི་དམིགས་རྣམ་གཙོ་བོ་གང་སྐབས་དང་འཚམ་པར་ཐུན་གསུམ་མམ་བཞིར་བསྒོམས་ནས་སྔ་མ་ལྟར་དྲན་ཤེས་བསྟེན་པ། སྔགས་བླ་མེད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་ཐུན་བཞིའི་རྣལ་འབྱོར་རྣམས་སོ། །
༢༠༡༦.༠༨.༡༦.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།