རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།

གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི། ཕྱི་ལོ་༧༩༠ལོར་སྟོད་ལུང་སྐྱིད་སྣར་ཡབ་ཁྱུང་པོ་རྡོ་རྗེའི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྐབས་ཡབ་ཀྱི་དྲུང་ནས་ཡི་གེའི་སྦྱོར་ཀློག་དང་། གསོ་དཔྱད་ཀྱི་གཞུང་ལག་ལེན་དང་བཅས་པ་སྦྱངས་ཏེ་ནད་པའི་དོན་མཛད། དགུང་ལོ་ལྔ་པར་ཡབ་ལས་བདུད་རྩི་སྨན་སྒྲུབ་དང་། སྨན་བླའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཞུས། དགུང་ལོ་བཅུའི་སྐབས་རྒྱལ་པོའི་ཕོ་བྲང་དུ་ཕེབས་ཏེ་བོད་ཀྱི་གསོ་རིག་མཁས་པ་རྣམས་དང་བགྲོ་གླེང་གནང་བས་རྣམ་པར་རྒྱལ་ཏེ་བོད་སྨན་གྱི་མཁས་པ་མི་དགུའི་གཙོ་བོར་གྱུར། རྒྱ་གར་གྱི་སྨན་པ་ཤྟིན་གརྷ་དང་རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ། གཞན་བལ་པོ། ཏ་ཟིག །ཁ་ཆེ་ལ་སོགས་པ་ནས་རྒྱལ་པོས་གདན་དྲངས་པའི་སྨན་པ་མཁས་པ་མི་དགུས་དྲི་བ་མི་འདྲ་བ་བཏོན་པར་གནད་དུ་འཁེལ་བའི་ལན་གནང་བས་རྒྱ་དཀར་ནག་སོགས་ཀྱི་སྨན་པ་ཐམས་ཅད་ཀྱིས་གཙུག་ཏུ་བཀུར་ཏེ་མི་ཡུལ་དུ་བྱོན་པའི་སངས་རྒྱས་སྨན་བླ་ཞེས་གྲགས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་མཛད། ཁ་ཤས་སུ་མེས་ཨག་ཚོམ་གྱི་བླ་སྨན་ཡང་མཛད་པར་བཤད། དགུང་ལོ་ཉེར་ལྔའི་སྐབས་རྒྱ་གར་དུ་ཕེབས་ཏེ་པཎ་ཆེན་ཙན་དྲ་དེ་བ་སོགས་ལས་གསོ་རིག་གི་གདམས་པ་གང་མང་དང་གཞན་མཁས་པ་མང་པོ་ལས་གསོ་རིག་གི་གཞུང་དང་གདམས་པ་མང་དུ་ཞུས། སྐུ་ཚེ་གང་པོར་བོད་ཡུལ་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་། རྒྱ་གར་དུ་ཐེངས་གསུམ་དང་། བལ་ཡུལ་དང་རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་འགྲོ་བ་མང་པོའི་ཚེ་སྲོག་བསྐྱབས། བལ་ཡུལ་དུ་ཕེབས་ཏེ་རྒྱལ་པོ་ཧ་རྡ་རུ་གྲང་བ་ཐུར་འབབ་ཀྱི་ནད་བཅོས་མཛད། གསོ་རིག་གི་བསྟན་པ་གོང་དུ་སྤེལ་བ་ལ་ཕྱག་རྗེས་བླ་ན་མཐོ་བ་བཞག་སྟེ། བོད་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་གསོ་བ་རིག་པའི་གཞུང་ལུགས་ཀྱི་སྲོལ་གཏོད་པར་མཛད། སྨན་པ་འབུམ་རམས་པ་དང་། སྨན་པ་རབ་འབྱམས་པ། སྨན་པ་དཀའ་བཅུ་པ། སྨན་པ་བསྡུས་ར་པ་ཞེས་པའི་མཚན་རྟགས་རྣམས་དེ་དུས་བྱུང་། སློབ་མ་གྲགས་ཆེ་བ། འབུམ་སེང་སོགས་མང་པོ་བྱུང་། དགུང་ལོ་བརྒྱ་དང་ཉེར་ལྔ་པ་༡༠༡༥ ལོར་སྐུ་གཤེགས། གདུང་བརྒྱུད་འཛིན་པའི་སྲས་གསུམ་འཁྲུངས། གསུང་རྩོམ་ལ། དཔལ་ལྡན་རྒྱུད་གཞི་སོགས་པོ་ཏི་སུམ་ཅུ་ལྷག་བཞུགས། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལ་མི་མཐུན་པ་ཁ་ཤས་འབྱུང་ངོ་། །

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས། 

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ངོ་ཤོག 783 ནས་ 899