རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཕུར་ལྕོག་ངག་དབང་བྱམས་པའི་མཛད་རྣམ་མདོར་བསྡུས།
ཕུར་ལྕོག་ངག་དབང་བྱམས་པ་ནི། ཁམས་ཆབ་མདོ་དང་ཉེ་བའི་ཡུལ་ཐམ་ཁ་གྲོང་སྣོ་རོམ་ཞེས་པར་ཡབ་ཨ་ནུ་འཕགས་པ་དང་ཡུམ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༦༨༢ལ་འཁྲུངས། དབུས་ཀྱི་གདན་ས་ཆེན་པོ་སེ་རར་ཕེབས་ནས་སློབ་གཉེར་གནང་། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ཞོག་པ་དོན་ཡོད་མཁས་གྲུབ། པཎ་ཆེན་བློ་བཟང་ཡེ་ཤེས། མཁར་རྡོ་བཟོད་པ་རྒྱ་མཚོ། འཕགས་པ་ལྷ་སྐུ་ཕྲེང་ལྔ་པ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། དགའ་ལྡན་ཁྲི་རབས་ཞེ་དགུ་པ་བློ་བཟང་དར་རྒྱས། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་བགྲང་ལས་འདས་པ་བསྟེན་ནས་མདོ་རྒྱུད་གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་དབང་ལུང་མན་ངག་གི་བདག་པོ་ལྟ་བུར་གྱུར།
སེ་ར། ཆབ་མདོ་བྱམས་པ་གླིང་། ཕུར་བུ་ལྕོག་སོགས་ལ་བཞུགས་གནས་ཀྱི་གཙོ་བོ་མཛད་དེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་དུས་འདའ་བར་མཛད་ཅིང་། ཕྱི་ལོ་༡༧༦༢ལ་གཟུགས་སྐུའི་བཀོད་པ་བསྡུ་བར་མཛད།
སློབ་མ་གྲགས་ཆེ་བ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ། ཐུའུ་བཀྭན་སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་ཀྱི་ཉི་མ། འོན་རྒྱལ་སྲས་སྐུ་ཕྲེང་ལྔ་པ་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ལྕང་སྐྱ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེ། ཨ་རིག་དགེ་བཤེས་བྱམས་པ་དགེ་ལེགས་རྒྱལ་མཚན། གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར། སླེ་ལུང་རྗེ་དྲུང་སྐུ་ཕྲེང་ལྔ་པ་བཞད་པའི་རྡོ་རྗེ། བྱ་ཁྱུང་གདན་རབས་བཞི་བཅུ་པ་བློ་བཟང་ཆོས་གྲགས། སྤང་ལུང་སྐུ་ཕྲེང་དང་པོ་བློ་བཟང་ཐུགས་རྗེ། མངའ་རིས་དཀའ་ཆེན་ཡེ་ཤེས་མཐའ་ཡས། གཙང་པཎྜི་ཏ་སྐུ་ཕྲེང་དང་པོ་བློ་བཟང་བསྟན་པ་རྒྱ་མཚོ། དཀོན་རྡོར་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་བློ་བཟང་དབང་ཕྱུག །སྙན་གྲགས་སྐུ་ཕྲེང་དང་པོ་བློ་བཟང་སྙན་གྲགས། ཧོར་ཆོས་རྗེ་སྐུ་ཕྲེང་གཉིས་པ་སྐལ་བཟང་མཐུ་སྟོབས་དཔལ་འབར། འཕགས་པ་ལྷ་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་རྒྱ་མཚོ། དགའ་ལྡན་ཁྲི་ང་བདུན་པ་བསམ་གཏན་ཕུན་ཚོགས། དགའ་ལྡན་ཁྲི་དྲུག་ཅུ་པ་བློ་བཟང་བསྟན་པ། དགའ་ལྡན་ཁྲི་རེ་གཅིག་པ་ངག་དབང་ཚུལ་ཁྲིམས། དགའ་ལྡན་ཁྲི་རེ་གཉིས་པ་བློ་བཟང་སྨོན་ལམ། བྱ་ཁྱུང་གདན་རབས་སོ་བརྒྱད་པ་བློ་བཟང་རྒྱལ་མཚན། བླ་བྲང་ཁྲི་ཉེར་གཉིས་པ་ཀྭ་རིང་མཁན་ཆེན་བློ་བཟང་ཆོས་དར། རྫོང་དཀར་སྐུ་ཕྲེང་གཉིས་པ་མ་ཎི་པ་བློ་བཟང་མཁས་མཆོག །སེར་བྱེས་མཁན་རབས་ཉེར་དགུ་པ་བྱ་བྲལ་ངག་དབང་དོན་གྲུབ། བྱ་ཁྱུང་གདན་རབས་ཞེ་བརྒྱད་པ་སྦྱིན་པ་ཀུན་བཟང་སོགས་བོད་ཡུལ་མཐའ་དབུས་ཀུན་ཏུ་བསྟན་པའི་སྒྲོན་མེར་གྱུར་པའི་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་དུ་བྱུང་།
གསུང་རྩོམ་ལ་སྒྲུབ་ཐབས། བློ་སྦྱོང་། དྲིས་ལན། ཟིན་བྲིས། བསྟོད་འགྲེལ། རྣམ་ཐར། ལྟ་བའི་སྐོར་དང་སྔགས་ཕྱོགས་གཞུང་ཆེན་ཁག་ཅིག་གི་སྙིང་བསྡུས་སོགས་པོད་བཞི་བཞུགས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༤ ཟླ་ ༧ ཚེས་ ༡༤ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]