དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Jul ཚེས། 29 རེས་གཟའ། Mon

དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར།

དྲ་འཇུག་པ།
ཚད་གཞི།
(1 འོས་འཕེན། )

མི་ཕམ་ཆོས་ཀྱི་རྒྱལ་པོ་དོན་ཐམས་ཅད་ཡོངས་སུ་གྲུབ་པའམ་ཡོངས་གྲགས་སུ་དཔའ་བོ་གཙུག་ལག་ཕྲེང་བ་མཆོག་ནི། རབ་བྱུང་བརྒྱད་པའི་ཤིང་ཕོ་བྱི་བ་ཕྱི་ལོ་༡༥༠༤ ལ། ལྷ་ས་སྙེ་ཐང་སྒང་རྒྱུད་དུ་གནས་པའི་གཉགས་ཀྱི་རུས་རྒྱུད། ཡབ་བླ་མ་དར་དང་། ཡུམ་ལམ་རྙེད་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ས་འབྲུག་ཕྱི་ལོ་༡༥༠༨ ལོ་དགུང་ལོ་ལྔ་པར་དཔའ་བོ་སྐུ་ཕྲེང་དང་པོ་ཆོས་དབང་ལྷུན་གྲུབ་ཀྱི་སྐུ་སྐྱེར་ངོས་འཛིན་ཞུས་ཏེ། ལྷོ་བྲག་གྲོ་བོ་ལུང་དགོན་པའི་གདན་སར་གདན་དྲངས། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་བོད་ཡིག་འབྲི་ཀློག་སོགས་ལ་སྦྱང་བརྩོན་མཛད།
ཆུ་སྤྲེལ་ཕྱི་ལོ་༡༥༡༢ ལོ་དགུང་ལོ་དགུ་པ་ལ། ཀརྨ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་ཀྱི་གྲགས་པའི་དྲུང་ནས་དགེ་བསྙེན་དང་། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་ཡེ་ཤེས་ལས་རབ་བྱུང་དགེ་ཚུལ་དུ་བསྒྲུབས་ཏེ། དཔལ་མི་ཕམ་ཆོས་ཀྱི་རྒྱལ་པོ་དོན་ཐམས་ཅད་ཡོངས་སུ་གྲུབ་པ་ཞེས་པའི་མཚན་གསོལ། མཁན་པོའི་དྲུང་ནས་ཕྱག་ཆེན་ལྷན་སྐྱེས་སྦྱོར་སོགས་བཀའ་ཆོས་དུ་མ་གསན་པར་མཛད། ལོ་དེའི་རྒྱལ་ཟླའི་ཚེས་ལྔ་པར་གདན་ས་ཐུབ་ཆེན་དུ་རྗེ་བཙུན་ཀརྨ་ཕྲིན་ལས་པ་མཇལ་ནས་ཐོག་མའི་ཆོས་འབྲེལ་གསན་པར་མཛད།
ཤིང་ཁྱི་ཕྱི་ལོ་༡༥༡༤ ལོ་དགུང་ལོ་བཅུ་གཅིག་པར་སྙུག་ལ་པཎ་ཆེན་ངག་དབང་གྲགས་པ་ཟླ་བ་གསུམ་ཙམ་བསྟེན་ནས། བཀའ་གདམས་གླེགས་བམ་དང་ལྷ་བཞིའི་རྗེས་གནང་སོགས་ཟབ་ཆོས་མང་པོ་གསན།
ཤིང་ཕག་ཕྱི་ལོ་༡༥༡༥ ལོ་དགུང་ལོ་བཅུ་གཉིས་པར་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་ཕེབས་ནས། དྭགས་པོ་པཎྜི་ཏ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས། འདུལ་བ་ལུང་དང་། དུས་ཀྱི་འཁོར་ལོ། རྡོ་རྗེ་ཕྲེང་བ། སྒྲུབ་ཐབས་རྒྱ་མཚོ། ཕྱག་ཆེན། ནཱ་རོ་ཆོས་དྲུག་སོགས་གསང་སྔགས་གསར་རྙིང་གི་དབང་ཆོས་མང་པོ་དང་། རྩིས་ཀྱི་དཀའ་གནད་སོགས་གསན་བཞེས་གནང་། ཡང་ལོ་དེར་དབུས་སྨྱོན་ཧེ་རུ་ཀ་ཀུན་དགའ་བཟང་བོའི་དྲུང་ནས་ཕྱག་ཆེན་མ་རིག་མུན་སེལ་དང་། འབའ་ར་ཆོས་དྲུག་སོགས་ཀྱི་ཟབ་གནད་བཀའ་ཁྲིད་རྣམས་གསན་ཞིང་། གྲུབ་ཆེན་པས་སྤྲུལ་སྐུ་ཀུན་བཟང་འཛམ་གླིང་ཉི་ཟླ་ལྟར་གྲགས་པ་ཞེས་མཚན་གསོལ། གཞན་ཡང་སེམས་དཔའ་ཆེན་པོ་བློ་གྲོས་དབང་ཕྱུག །མཁས་གྲུབ་སངས་བློ་བ། སྨྲ་བའི་དབང་པོ་འཆི་མེད་དཔལ་བཟང་། བྱ་འཇམ་དབྱངས་བཀྲ་ཤིས་རྣམ་རྒྱལ་རྣམས་ལས་ཆོས་དང་རིག་གཞུང་ཅི་རིགས་པ་གསན།
ས་ཡོས་ཕྱི་ལོ་༡༥༡༩ ལོ་སྨྱུག་ལ་ལེགས་བཤད་གླིང་དུ་ཕེབས་ནས། མཁས་དབང་ཀརྨ་ཕྲིན་ལས་པའི་དྲུང་དུ་བསྡུས་གྲྭ་ནས་བཟུང་བཀའ་པོད་ལྔ་སོགས་མདོ་སྔགས་གཞུང་ཆེན་རིག་གནས་དང་བཅས་པར་དཔྱིས་ཕྱིན་པར་སྦྱངས་ཤིང་། དོ་ཧ་དང་སེམས་འགྲེལ་སོགས་ཟབ་ཆོས་དུ་མ་གསན་བཞེས་མཛད། ཞར་དུ་མཁྱེན་རབ་རྣམ་རྒྱལ་ལས་སྒྲ་དང་སུམ་རྟགས་སོགས་བསླབ་པར་གནང་།
མེ་ཁྱི་ཕྱི་ལོ་༡༥༢༦ ལོ་མཁན་པོ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་དང་། ལས་སློབ་ཆོས་གྲུབ་སེང་གེ །གསང་སྟོན་པ་ནམ་མཁའ་དཔལ་ལྡན་སོགས་དད་པའི་དགེ་འདུན་གྱི་ཚོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། མཁན་སློབ་གཉིས་ལས་བཀའ་ཆོས་དུ་མ་གསན།
མེ་ཕག་ཕྱི་ལོ་༡༥༢༧ ལོ་ལྷོ་གྲོ་བོ་ལུང་དུ་ཕེབས་ནས། ཨོ་རྒྱན་བདེ་ཆེན་རྩེའི་གཟིམ་ཁང་དུ་ལོ་གསུམ་རིང་སྐུ་མཚམས་འདག་སྦྱར་གནང་སྟེ་ཨཥྚའི་བསྙེན་ཆེན་བསྐྱལ་བར་མཛད་པས་ལྷོངས་ཀྱི་རྣམ་པ་ཅི་རིགས་བྱུང་བ་དག་རོ་སྙོམས་ཀྱི་ལམ་དུ་གཏོང་བར་གནང་། ལྕགས་སྟག་ཟླ་བ་དང་པོར་སྐུ་མཚམས་ལས་བཞེངས་ནས། ལེགས་བཤད་གླིང་དུ་རྗེ་ཕྲིན་ལས་པའི་ཞབས་དྲུང་དུ་ཕེབས་ནས། རྗེ་ཉིད་ཀྱི་བཀའ་འབུམ་གྱི་གཙོས་ཆོས་བཀའ་ལྷག་མ་རྣམས་གསན་པར་མཛད་དེ། བྱ་གཏང་དུ་རི་ཁྲོད་འགྲིམ་སྟེ་རྩེ་གཅིག་སྒྲུབ་པ་བྱེད་པའི་གནང་བར་ཞུ་བ་ཕུལ་ཀྱང་། བསྟན་འགྲོའི་དོན་ལ་གཞོལ་དགོས་པའི་སྐུལ་ལྕག་གནང་། སླར་ལྷོ་བྲག་ཏུ་ཕེབས་ནས་གཉའ་གཉར་དབེན་པར་སྒྲུབ་པ་ཉམས་བཞེས་མཛད།
ལྕགས་ཡོས་ཕྱི་ལོ་༡༥༣༡ ལོ་དགུང་ལོ་ཉེར་དགུ་པར་ཀོང་ཡུལ་ཟིང་པོ་འབུམ་པ་སྒང་དུ་ཕེབས་ནས། རྒྱལ་དབང་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་མཇལ་ཞིང་། དང་ཐོག་བྱང་སྡོམ་ལུགས་གཉིས་ཀ་གནང་ནས། དཔལ་གཙུག་ལག་ཕྲེང་བ་ཞེས་པའི་མཚན་གསོལ། ཕག་མོའི་སྒོ་ནས་བདུད་རྩི་རིལ་བུ་སྒྲུབ་ཏུ་བཅུག་པས་གྲུབ་སྟེ་མཉེས་པར་གྱུར། ཞལ་མཇལ་བ་ནས་བཟུང་ནཱ་རོ་ཆོས་དྲུག་དང་། ཕྱག་ཆེན་ལྷན་སྐྱེས་སྦྱོར། ཨུ་རྒྱན་བསྙེན་སྒྲུབ། དྲིལ་བུ་རིམ་ལྔ། རས་ཆུང་སྙན་བརྒྱུད། ནག་རྒྱལ་ཕག་གསུམ་གྱི་བསྐྱེད་རྫོགས། དུས་ཀྱི་འཁོར་ལོའི་དབུས་རྒྱུད་སྡེ་བཞིའི་དབང་བཀའ་རྫོགས་པར་གནང་ནས་རྡོ་རྗེ་ཐེག་པའི་བསྟན་པ་གཏད་པར་མཛད། དབུ་ཚད་འདུལ་མངོན་ཕར་ཕྱིན་དང་། ནང་བརྟག་རྒྱུད་གསུམ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་ཟབ་ཆོས་མཐའ་དག་གསན་སྦྱངས་མཛད་དེ། དམ་ཆོས་དགོངས་པ་གཅིག་པའི་ཀར་ཊཱིཀ་ཆེན་མོར་རྗེའི་གསུང་ཕེབས་ལྟར་དཀའ་གནད་ཟིན་བྲིས་བཏབ་པར་མཛད། ཤེས་བྱ་རིག་གནས་ཀུན་ལ་མཁས་པ་ཕུལ་དུ་ཕྱིན་ཏེ་དཔའ་བོ་གཙུག་ལག་ཕྲེང་བ་ཞེས་སྙན་པའི་གྲགས་པ་རབ་ཏུ་འབར།
ཆུ་སྦྲུལ་ཕྱི་ལོ་༡༥༣༣ ལོ་ཟླ་བ་དགུ་པ་ནས་བཟུང་། མེ་བྱ་ཕྱི་ལོ་༡༥༣༧ ལོ་ཟླ་བ་བཞི་པའི་བར་ལོ་ལྔའི་བར་དུ་སྒར་ཆེན་གྱི་ཀློག་པའི་གནས་བརྟན་གྱི་སློབ་དཔོན་གནང་། དེ་ནས་བཀའ་ཁྲོལ་ནས། སྡེ་སྣོད་འཛིན་པ་ཕྱོགས་ཀྱི་གླང་པོ་ལ་ཀློག་གྲྭའི་སློབ་དཔོན་དུ་བསྐོས་ནས། སྡེ་སྣོད་འཛིན་པ་ཚུལ་ཁྲིམས་དབང་ཕྱུག་ལས་རྒྱལ་བའི་བཀའ་འགྱུར་ཡོངས་རྫོགས་ཀྱི་བཀླག་ལུང་གསན་པར་མཛད།
ས་ཕག་ཕྱི་ལོ་༡༥༣༨ ལོ་དགུང་ལོ་སོ་བདུན་ནས་བཟུང་ཙ་རིའི་གནས་ནང་རོང་ཆུང་དུ་ཟླ་བ་དྲུག །གཞུ་གྲུ་བཞི་མཁའ་འགྲོའི་གསང་ཕུག་ཏུ་ཟླ་བ་ཕྱེད་གཉིས། མཁའ་རོའི་གསང་ཕུག་ཏུ་ཟླ་བ་གཉིས། མཚོ་དཀར་པདྨ་ཁྱུང་རྫོང་དུ་ལོ་གསུམ་བཅས་སྒོམ་སྒྲུབ་མཛད་པས་གྲུབ་པའི་རྒྱལ་ཐབས་ལ་དབང་འབྱོར། ཞྭ་དམར་དཀོན་མཆོག་འབངས་དང་། རྒྱལ་ཚབ་གྲགས་པ་དཔལ་འབྱོར། དཔལ་ཁང་ལོ་ཙཱ་སོགས་ལ་ཟབ་ཆོས་ཅི་རིགས་སྩལ་བ་དང་། གྲོ་བོ་ལུང་གི་སྐུ་མཁར་ལ་རྒྱ་ཕིབས་དང་གསེར་ཐོག་སྒྲོན། རྒྱལ་དབང་མི་བསྐྱོད་ཞབས་ཀྱི་བཀའ་བཞིན་ཀརྨ་རིག་འཛིན་སྒྲུབ་མཆོག་སྡེའི་གྲྭ་ཚང་སོགས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་དུ་མ་གསར་འཛུགས་གནང་། རྒྱལ་དབང་མཆོག་ཡར་སྟོད་ར་མོར་དགོངས་པ་ཆོས་དབྱིངས་སུ་མནལ་བའི་སྐུ་གདུང་མཚུར་ཕུར་གདན་དྲངས་ཏེ་ཞུགས་འབུལ་སོགས་དགོངས་རྫོགས་སྒྲུབ་ཅིང་། ཞྭ་དམར་ལྔ་པ་རྒྱལ་ཚབ་ཏུ་མངལ་གསོལ། གྲོ་བོ་ལུང་དུ་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་དང་། སྲས་མཁར་གཙང་ཁང་དུ་སྟོན་པ་སངས་རྒྱས་རབས་བདུན། མར་པ་ལོ་ཙཱ་དང་བཀའ་བརྒྱུད་གསེར་ཕྲེང་སོགས་བཞེངས་པ་བཅས་རྟེན་རྙིང་པ་ཞིག་གསོ་དང་གསར་བཞེངས་མང་པོ་མཛད། ཞྭ་དམར་ལྔ་པ་དང་། རྒྱལ་ཚབ་གྲགས་པ་དོན་གྲུབ་རྣམ་གཉིས་ཁམས་སུ་རྒྱལ་དབང་དགུ་པ་དབང་ཕྱུག་རྡོ་རྗེ་གདན་འདྲེན་དུ་ཕེབས་ཚེ། དབུས་གཙང་དྭགས་ཀོང་ཕྱོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟླ་མེད་པ་མཛད། རབ་བྱུང་དགུ་པའི་མེ་སྤྲེལ་ཕྱི་ལོ་༡༥༣༦ ལོ་དགུང་ལོ་སོ་གསུམ་པར་《རྩིས་ཀྱི་བསྟན་བཅོས་རིན་ཆེན་གཏེར་མཛོད།》རྟོག་པ་ཕྱི་མའི་ལེའུ་གཉིས་བརྩམས་ཤིང་། ལྕགས་བྱི་ཕྱི་ལོ་༡༥༤༠ ལོ་དགུང་ལོ་སོ་བདུན་པར་མཇུག་རྫོགས་པར་བརྩམས་གྲུབ། རབ་བྱུང་དགུ་པའི་ཤིང་སྦྲུལ་ཕྱི་ལོ་༡༥༤༤ ལོ་དགུང་ལོ་ཞེ་གཉིས་པར་《ཆོས་འབྱུང་མཁས་པའི་དགའ་སྟོན།》རྩོམ་པའི་དབུ་བཙུགས་ཏེ། རབ་བྱུང་དགུ་པའི་ཤིང་ཕོ་བྱི་བ་ཕྱི་ལོ་༡༥༦༤ ལོ་དགུང་ལོ་དྲུག་ཅུ་རེ་གཅིག་པར་མཇུག་ཡོངས་སུ་རྫོགས་པར་བརྩམས་གྲུབ་ཅིང་། ས་ལུག་ཕྱི་ལོ་༡༥༥༩ ལོར་《སྤྱོད་འཇུག་གི་འགྲེལ་ཆེན》རྩོམ་འགོ་བཟུང་ནས། ཆུ་ཁྱི་ཕྱི་ལོ་༡༥༦༢ ལོར་མཇུག་ཡོངས་སུ་རྫོགས་པར་བརྩམས་གྲུབ། གཞན་ཡང་གསུང་རྩོམ་མང་དུ་མཛད།
མེ་སྟག་ཕྱི་ལོ་༡༥༦༦ ལོ་ཟླ་བ་གསུམ་པར་གར་དབང་དཀོན་མཆོག་ཡན་ལག་གིས་རྒྱལ་དབང་སྤྲུལ་པ་སྐུ་ཡབ་སྲས་ལྷན་རྒྱས་གྲོ་བོ་ལུང་དུ་གདན་སར་ཕེབས་ཤིང་། རྗེ་དགུ་པ་དང་རྒྱལ་ཚབ་བཞི་པར་ཞྭ་དམར་པས་མཁན་པོ་དང་། རྗེ་དཔའ་བོ་མཆོག་གིས་ལས་སློབ་གནང་སྟེ་དད་པའི་དགེ་འདུན་བཅུ་ཚོགས་ཀྱི་དབུས་སུ་རབ་བྱུང་སྒྲུབ་པར་མཛད་དེ། སྒྲོལ་དཀར་གྱི་དབང་གི་ཐོགས་དྲངས། ཐབས་གྲོལ་གྱི་གདམས་པའི་བར་ཟབ་ཆོས་མཐའ་ཡས་པ་སྩལ་བས་གདུལ་བྱ་བགྲང་བ་ལས་འདས་པ་སྨིན་གྲོལ་ལ་འགོད་པར་མཛད་དོ། །
རབ་བྱུང་དགུ་པའི་མེ་སྟག་ཕྱི་ལོ་༡༥༦༦ ལོ་ཟླ་བ་བཅུ་པའི་ཚེས་བཅུ་དྲུག་སྟེ་དགུང་ལོ་དྲུག་ཅུ་རེ་གསུམ་ཐོག་གཟུགས་སྐུའི་བཀོད་པ་བསྡུས།
གང་གི་སློབ་མ་གྲགས་ཆེ་བ། ཀརྨ་པ་དབང་ཕྱུག་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་ཡན་ལག །གྲགས་པ་དཔལ་འབྱོར་དང་། གྲགས་པ་དོན་གྲུབ་སྟེ་རྒྱལ་ཚབ་སྐུ་གོང་འོག་གཉིས། ཀརྨ་ཕྲིན་ལས་གཉིས་པ། འབྲི་སྟག་དང་གྲུབ་ཆེན་ཀརྨ་པཀྴིའི་གདུང་བརྒྱུད། ཏྲེ་ཆེ་ཆུང་། འཇམ་དབྱངས་དོན་དཔལ་བཟང་། མཁན་ཆེན་ལེགས་པ་དོན་གྲུབ། གྲུབ་ཆེན་དངོས་གྲུབ་བཟང་པོ་སོགས་ཡིན།
གང་གི་གསུང་རྩོམ་ནི། <<སྤྱོད་འཇུག་འགྲེལ་ཆེན>>དང་། <<རྩིས་ཀྱི་བསྟན་བཅོས>><<ཕག་མོའི་རྣམ་བཤད་ཆེན་མོ>><<གསོ་བ་རིག་པའི་རྒྱུད་བཞིའི་རྣམ་བཤད>><<སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ>><<རྡོ་ཞུན་གསལ་སྒྲོན>><<རྩིས་གཞུང་རིན་ཆེན་གཏེར་མཛོད>><<ཆོས་འབྱུང་མཁས་པའི་དགའ་སྟོན>>སོགས་མང་དུ་མཆིས། <<ཆོས་འབྱུང་མཁས་པའི་དགའ་སྟོན>>ནི་རབ་བྱུང་དགུ་པའི་ཤིང་སྦྲུལ་༡༥༤༥ལོར་བརྩམ་འགོ་བཙུགས་ཏེ་ལོ་ངོ་ཉི་ཤུ་རྩ་གཅིག་རིང་ཡོངས་སུ་ཆ་ཚང་བར་མཛད། དེང་གི་ཆར་དངོས་སུ་ཡོད་པ་དེབ་ཕྲེང་བཅུ་བཞི་ཙམ་མཆིས། སླད་མར་འཚོལ་ཞིབ་དགོས་པ་ཁག་ནི་དཀར་ཆག་གསར་རྙིང་གཉིས་ཕན་ཚུན་བསྡུར་ན་གསལ་བར་ཤེས་རྟོགས་ཐུབ་བོ། །
དཔྱད་གཞིའི་ཡིག་ཆ་ཁག་ནི། དགེ་སློང་གཙུག་ལག་ཕྲེང་བ་རང་ཉིད་ཀྱི་རྟོགས་པ་བརྗོད་པ་འཁྲུལ་བའི་བཞིན་རས་འཆར་བའི་མེ་ལོང་། རང་ཚུལ་གསལ་བར་བྱེད་པ་བདེན་པའི་ཡི་གེ རང་གི་རྟོགས་བརྗོད་མིག་འཁྲུལ་གྱི་རང་བཞིན་གསལ་བྱེད། ཀམ་ཚང་ཆོས་འབྱུང་བཅས་སོ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༤ ཟླ་ ༧ ཚེས་ ༢༩ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]

ཤོག་ངོས་འདི་ལ་ཐེངས་ 199 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2024 ལོའི་ཟླ་བ། Jul ཚེས། 29 རེས་གཟའ། Mon
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com