- མདུན་ངོས།
- ཚོམས།
- ཤེས་རབ་ཀྱི་ཚོམས།
- རྣམ་འགྲེལ་ལེའུ་གསུམ་པའི་དོགས་གནས།
རྣམ་འགྲེལ་ལེའུ་གསུམ་པའི་དོགས་གནས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།༡ གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་དོན་དང༌། རྩ་བའི་རྟགས་དང་ཕྱོགས་ཆོས་སྒྲུབ་པའི་རྟགས་སོགས་ཀྱི་སྐོར་ལ། འགའ་ཞིག་གིས། ཤེས་བྱ་ཆོས་ཅན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་སུ་ངེས་པའི་ཕྱིར། ཞེས་འགོད་པ་དང་རྣམ་འགྲེལ་ཐར་གསལ་ལྟར་ན་ཡང་དེ་འདྲ་བ་ཞིག་ཏུ་མངོན་ནོ། །དེ་ལ་རྟགས་དེའི་རྟགས་ཆོས་དོན་གསུམ་ཚད་མས་ངེས་པའི་ཚེ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་པར་གྲུབ་ཟིན་པས་ཚད་མ-མངོན་རྗེས་གཉིས་སུ་སྒྲུབ་བྱེད་ཀྱི་རྟགས་མིན་པར་འདོད་དགོས་ལ། འདོད་ན། ཚད་མ་ལ་མངོན་རྗེས་གཉིས་སུ་སྒྲུབ་པའི་རྟགས་མེད་པར་འདོད་ན། ཕྱོགས་ཆོས་སྒྲུབ་པ་སོགས་ཀྱང་མི་འཐད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །
༢ ཐར་གསལ་༥ལས། སྒྲ་འཛིན་མངོན་སུམ་དུ་ངེས་པ་གཞིར་བྱས་ལ། དེ་ཚད་མ-མིན་པ་སེལ་བ་དང༌། དེ་ཡིན་པའི་རྗེས་དཔག་ཡོད་པ་སེལ་བའི་ཚད་མ་གཉིས་ཀྱི་བྱེད་པས་དེ་མངོན་སུམ་ཚད་མར་ཡོངས་སུ་གཅོད་ནུས་པས་སེལ་ཏེ། ཞེས་པའི་དོན་དང༌། དེ་ལ་ཁྱབ་པ་མེད་དེ། དཔེར་ན། ཚད་མ-མངོན་རྗེས་གཉིས་དང༌། ཚད་མ་གཅིག་ཏུ་གྱུར་པའི་ཚད་མ་སོགས་ཆོས་ཅན་བྱ྄ས་ན་ཁྱབ་པ་མེད་པར་སྒྲུབ་ནུས་པས་ལན་འདེབས་གང་ཡིན་དཔྱད་དོ། །
༣ ཡང་ཐར་གསལ་༩ལས། འདིར་གཏན་ལ་དབབ་བྱའི་གཙོ་བོ་ནི། སྔར་བཤད་པ་ལྟར། དངོས་པོ་དོན་དམ་དུ་གྲུབ་མ་གྲུབ་འབའ་ཞིག་གཏན་ལ་འབེབས་པ་ཡིན་པས། དོན་སེམས་གཉིས་ཀའི་ཐུན་མོང་བའོ། །ཞེས་པའི་དོན་དང༌། འོ་ན་གཏན་ལ་དབབ་བྱའི་གཙོ་བོའི་དབང་དུ་བྱས་ན་མདོ་སེམས་གཉིས་ཀའི་ཐུན་མོང་བ་ཡིན་པར་ཐལ། ལུང་དོན་དེའི་ཕྱིར། འདོད་ན། ཐར་གསལ་༨ལས། གཙོ་བོ་ནི་བདེན་པ་གཉིས་ཀྱི་མཚན་གཞི་ངོས་འཛིན་ཡིན་ཏེ། ཞེས་པའི་དོན་འགལ་བར་དོགས་ཏེ། དེའི་སྐབས་སུ་བདེན་གཉིས་ཀྱི་མཚན་གཞི་ངོས་འཛིན་ལ་སྦྱར་ན་མདོ་སྡེ་བ་འབའ་ཞིག་གི་དབང་དུ་བྱེད་དགོས་པའི་ཕྱིར་ཏེ། ཐར་གསལ་༩ལས། ཚིག་ཟུར་ལ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་མཚན་གཞིར་མི་གསལ་ཡང༌། དོན་དེ་ལྟར་སྦྱོར་ན། མདོ་སྡེ་པ་འབའ་ཞིག་གི་དབང་དུ་བྱ་སྟེ། ཞེས་གསུངས་པའི་ཕྱིར། འདི་ལ་ཞིབ་ཆ་ཚད་ལྡན་ཞིག་དགོས་སོ། །
༤ ཡང་ཐར་གསལ་༡༢ལས། རབ་རིབ་ཅན་གྱི་སྐྲར་སྣང་དབང་ཤེས་ཆོས་ཅན། གཟུང་དོན་མེད་པ་ཅན་ཡིན་ཏེ། རྟོག་མེད་ལོག་ཤེས་ཡིན་པའི་ཕྱིར། ཞེས་པའི་དོན་དང༌། ཁྱབ་པ་ཡོད་མེད་དང༌། ཁྱབ་པ་ཡོད་ན། རྩ་བ་ལས། མར་མེ་ཙམ་གྱིས་ཡོད་པའི་ཕྱིར། །ཞེས་པའི་དོན་དང༌། སྡེ་བདུན་རྒྱན་ལས། མར་མེའི་རྩེ་མོ་ཁྲ་སྒོར་བ་སྣང་བའི་དབང་ཤེས་དང༌། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་སོགས་ལ་གཟུང་དོན་ཡོད་པར་གསུངས་པ་དང་འགལ་མིན་དཔྱད་དགོས་སོ། །
༥ ཐར་གསལ་༢༤ལས། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་འདོད་པ་དག་ཀྱང་སློབ་དཔོན་ལྷ་དབང་བློའི་འགྲེལ་བ་ལ་སྦྱར་དུ་རུང་བ་ཙམ་སྣང་ངོ༌། །ཞེས་པའི་དོན་དང༌། རིགས་པ་བརྒྱད་ནི་ཚད་མ་ལེགས་བཤད་དུ་གསལ་ལ། ཐར་གསལ་ལས་ཀྱང་རིགས་པ་བརྒྱད་པ་མ་གཏོགས་པ་ཇི་བཞིན་དུ་སྦྱར་དུ་ཡོད་ཅིང༌། རིགས་པ་བརྒྱད་པ་འདི་ཐར་ལམ་གསལ་བྱེད་ལས་དོན་བསྡུར་བྱས་སོ། །
༦ ཐར་གསལ་༢༦ལས། ཡང་རྗེས་དཔག་དེས་དགག་གཞི་འཇལ་བར་འདོད་པ་ཡང་རྟགས་གསུམ་གྱི་རྣམ་དབྱེ་སོ་སོར་མི་ངེས་པར་འགྱུར་རོ། །ཞེས་པའི་དོན་ནི། རིགས་གཏེར་གྱི་རྗེས་འབྲང་ཁག་གཅིག་གིས་ཉེར་ལེན་ཕུང་པོ་བདག་མེད་དུ་རྟོགས་པའི་རྗེས་དཔག་གི་དངོས་གཞལ་ལ་རང་མཚན་ཡོད་དེ། གཞི་གྲུབ་ན་རང་མཚན་གྱི་ཁྱབ་པའི་ཕྱིར་ཞེས་པ་ལ། དེ་ལ་རང་མཚན་ཡོད་ན་ཉེར་ལེན་གྱི་ཕུང་པོ་ལས་འོས་མེད་པའི་ཕྱིར་དང༌། དེ་འདོད་ན། རྟགས་དེས་ཀྱང་དངོས་སུ་བསྒྲུབ་པར་ཁས་ལེན་དགོས་པས་རྟགས་དེ་སྒྲུབ་རྟགས་ཡིན་པ་ཐལ་བ་དང༌། རྟགས་གསུམ་གྱི་རྣམ་དབྱེ་སོ་སོར་མེད་པར་ཐལ་བ་འགྱུར་བའོ། །
༧ འདིར་སློབ་དཔོན་ཆོས་མཆོག་གིས། ཞེས་སོགས་ནོར་བུ་སྒྲོན་མེའི་འོད་དག་ལས། །ཞེས་པའི་དོན་འགྲེལ་ཚུལ་ལ་སློབ་དཔོན་གཉིས་ཀྱིས་འགྲེལ་ཚུལ་གཉིས་བྱུང་བར་སློབ་དཔོན་ཆོས་མཆོག་གིས་གསུངས་པ་ལྟར་འཐད་དེ། ལོག་པའི་ཤེས་པ་ཁྱད་མེད་ཀྱང༌། །ཞེས་པའི་རྩ་བའི་དོན་དང་འབྱོར་བ་ཤས་ཆེ་བའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ། འོན་ཀྱང་སྒྲ་རྟག་འཛིན་དང་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གཉིས་ལོག་པའི་ཤེས་པ་ཁྱད་མེད་ཀྱང་ནོར་བུ་ཐོབ་པའི་དོན་བྱེད་པ་ལ་ཁྱད་པར་ཡོད་ཅེས་པའི་དཔེ་དོན་སྦྱར་བ་ཅུང་དཀའ་བས་དཔྱད་དོ། །
༨ ཐར་གསལ་༣༨ལས། ཆོས་དེ་ལ་མངོན་སུམ་ཚད་མ་ཡིན་ན་ཆོས་དེ་ལ་མངོན་སུམ་ཡིན་པས་མ་ཁྱབ་པ་དང༌། ཆོས་དེ་ལ་རྗེས་དཔག་ཚད་མ་ཡིན་ན་ཆོས་ལ་རྟོག་པ་ཡིན་པས་མ་ཁྱབ་པར་གསལ་བ་གསུངས་པ་ལ་བརྟགས་ན། ཚད་མ་དེས་གཞལ་ན་དེ་ལ་ཚད་མ་ཡིན་པས་ཁྱབ་པར་ལྟ་བུར་སྣང་བས་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་དེས་བདག་མེད་ཀྱི་དོན་སྤྱི་རྟོགས་མ་རྟོགས་ཀྱི་ཁྱད་པར་ཞིབ་ཏུ་བསམ་དགོས་པ་དང༌། མདོ་སེམས་རང་ལུགས་ལ་མ་རྟོགས་པའི་ཞིབ་ཆ་དགོས་སམ་སྙམ་ཡང་དཔྱད་ལ། ཆོས་དེ་ལ་རྟོགས་པ་ཞེས་པ་ལས་བུམ་འཛིན་རྟོག་པ་དེ་བུམ་པ་ལ་རྟོག་པ་ཡིན་ཡང་བུམ་པའི་དོན་སྤྱི་ལ་རྟོག་པ་མིན་པའི་ཞིབ་ཆ་བྱས་ན་ལེགས་སམ་སྙམ། དོན་སྤྱི་དེ་ལ་རྟོག་པ་ཡིན་ན་དེའི་དོན་སྤྱི་ཡང་ཤར་བ་ཁས་ལེན་དགོས་པས་དོན་མེད་ཅིག་ཤར་བ་ཁས་ལེན་དགོས་པའི་ཉེས་པ་འབྱུང་བར་དོགས་སོ། །
༩ གཞུང་འདིར་སྦྱོར་བ་སྐོར་གཅིག་པོའི་རྟགས་འཛིན་སེམས་དང༌། རྟགས་ཅན་རྗེས་དཔག་རྒྱུ་འབྲས་སུ་སྟོན་པར་སྣང་བས་འབྲེལ་བ་འཛིན་པའི་བློ་རྟགས་འཛིན་དུ་མ་བསྡུས་ན། རྗེས་དཔག་རང་མཚན་ལ་འབྲེལ་བའི་སྒྲུབ་བྱེད་ལྟར་སྣང་དུ་འགྱུར་ཏེ། འབྲེལ་བ་ངེས་པའི་བློ་སྔོན་དུ་འགྲོ་དགོས་པར་དངོས་སུ་སྟོན་པའི་ཚིག་གི་ཚུལ་གཞན་ཡང་མི་སྣང་བའི་ཕྱིར། ཞེས་པའི་དོན་ཅུང་ཟད་དཀའ་བར་བྱུང་ལ། སྤྱིར་གཞུང་དེའི་དོན་ནི། རྗེས་དཔག་དེ་ཉིད་སྤྱིའི་སྤྱོད་ཡུལ་ཅན་ཡིན་ཡང་དེ་ལ་རང་མཚན་ལ་འབྲེལ་བར་སྒྲུབ་པའི་སྐབས་སུ་རྟགས་ཅན་རྗེས་དཔག་དེ་རྟགས་འཛིན་སེམས་ལ་འབྲེལ་བ་དང༌། རྟགས་འཛིན་སེམས་དེ་རྟགས་དུ་བ་ལྟ་བུ་ལ་འབྲེལ་བ་དང༌། དེ་རྒྱུ་མེ་ལྟ་བུ་ལ་འབྲེལ་བ་དང༌། དེ་མཐར་ཐུག་ན་དུ་ལྡན་གྱི་ལ་ལྟ་བུ་ལ་འབྲེལ་བ་ཡིན་ནོ། །ཞེས་པའི་དོན་དུ་སྣང་ལ། ལྟར་སྣང་དུ་འགྱུར་ཚུལ་གྱི་རྒྱུ་མཚན་གསུངས་སྐབས་འབྲེལ་བ་ངེས་པའི་བློ་སྔོན་དུ་འགྲོ་དགོས་པ་ཞེས་སོགས་ཀྱི་དོན་དང་མཐུན་པའི་ཚིག་གི་གོ་བ་རེག་ཁག་པོ་བྱུང་སོང་ཡང༌། སྤྱིར་འབྲེལ་བ་ངེས་པའི་བློ་ཞེས་པ་ནི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་པོ་གང་རུང་ངེས་པའི་བློའི་ནང་དུ་འདུ་ཞིང༌། དེ་ཡང་འབྲེལ་བ་ངེས་པའི་བློ་རྟགས་འཛིན་སེམས་སུ་མ་བསྡུས་ན་རྟགས་ཅན་རྗེས་དཔག་དེ་ཉིད་རང་མཚན་ལ་འབྲེལ་བའི་སྒྲུབ་བྱེད་ལྟར་སྣང་དུ་འགྱུར་ཏེ། རྟགས་ཅན་རྗེས་དཔག་དེ་སྐྱེ་བ་བྱེད་པའི་རྒྱུའི་གཙོ་བོ་ཚུལ་གསུམ་ངེས་པའི་བློ་ལས་བྱུང་ཞིང༌། ཚུལ་གསུམ་ངེས་པའི་བློ་མེད་ན་སྐྱེ་མི་ནུས་ཤིང༌། རྒོལ་བའི་ངོར་ཚུལ་གསུམ་གྲུབ་ན་མི་དགོས་ཀྱང་སྐྱེ་བ་ཡིན་ལ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པའི་སྒྲུབ་བྱེད་ཀྱི་གཙོ་བོ་འབྲེལ་བ་ངེས་པའི་བློ་རྟགས་འཛིན་ལ་མ་བཞག་ན་རྟགས་ཅན་རྗེས་དཔག་དེ་རྟགས་འཛིན་ལ་འབྲེལ་བར་སྒྲུབ་མི་ནུས་པའི་ཕྱིར་ཏེ། དཔེར་ན། ཕྱོགས་ཆོས་འཇལ་བའི་བློ་ཙམ་རྟགས་འཛིན་སེམས་ལ་བཞག་ན་དེ་ཙམ་གྱིས་རྟགས་ཅན་རྗེས་དཔག་སྐྱེད་པར་བྱེད་མི་ནུས་པའི་ཕྱིར་ཏེ། ཉན་བྱ་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུས་མཚོན་ནུས་པའི་ཕྱིར། སྐབས་འདིར་རྟགས་འཛིན་སེམས་ལ་ཚད་མ་ཡོད་མེད་ཐད་མཁས་གྲུབ་རྗེས་ཚད་མ-མེད་པ་དང་དེ་ལ་དཔྱད་ཤེས་ཡིན་དགོས་པར་གསལ་བར་གསུངས་པས་ཤེས་ལ། འོན་ཀྱང་ཐར་ལམ་གསལ་བྱེད་ལས་འབྲེལ་བ་འཇལ་བའི་ཚད་མ་རྟགས་འཛིན་སེམས་སུ་བཞག་པ་འགལ་བ་མེད་པར་གསུངས་པས་ཚད་མ་བཞེད་དོ། །དེ་ཡང་འབྲེལ་བ་འཇལ་བའི་ཚད་མ་ཞེས་པ་རྗེས་ཁྱབ་འཇལ་བའི་ཚད་མ་རང་ལ་གོ་དགོས་ཤིང༌། ལྡོག་ཁྱབ་འཇལ་བའི་ཚད་མ་ཡང་ཡོད་མེད་དཔྱད་དགོས་སོ། །
༡༠ རྩ་བ་ལས། དེ་ནི་ཤིན་ཏུ་རྨོངས་དོན་དེ། །གནག་རྫི་མོ་བར་གྲགས་ཕྱིར་རོ། །ཞེས་པའི་དོན་ལ་ཐར་གསལ་ལས་རང་བཞིན་མ་དམིགས་པའི་རྟགས་ཀྱི་ཕྱི་རྒོལ་དེ་རྒོལ་བ་ཤིན་ཏུ་རྨོངས་པ་ཞིག་ལ་བཀོད་པ་དང༌། དེའི་རྒྱུ་མཚན་ཡང་རྒོལ་བ་དབང་པོ་རྣོན་པོ་ལ་དོན་ངེས་ནས་ཐ་སྙད་ཀྱི་ཆེད་དུ་རྟགས་ཀྱིས་སྒྲུབ་དགོས་པ་མེད་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས་པས། དེ་ལ་དཔེར་ན། རང་རྒྱུད་པའི་སྐབས་སུ་བདེན་མེད་སྒྲུབ་པའི་གཅིག་དུ་བྲལ་གྱི་རྟགས་དེ་བཀོད་སའི་ཕྱི་རྒོལ་དབང་རྟུལ་ལ་བཀོད་དགོས་པར་ཐལ། འདོད་ན། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ནི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་སོགས་དབང་རྣོན་གྱི་གཅིག་དུ་བྲལ་གྱི་རྟགས་སོགས་ལ་བརྟེན་ནས་བདེན་མེད་རྟོགས་ཏེ་མཆོད་བརྗོད་ལ་དང་བ་སྐྱེ་བར་གསུངས་པ་ཅི་ཕྱིར་མི་འགལ་སོམས་ཤིག།
༡༡ ཐར་གསལ་༤༩ལས། ཁ་དོག་གི་རིགས་འདྲ་ཐ་མ་འཛིན་པའི་དབང་པོའི་མངོན་སུམ་ཚད་མ་ཆོས་ཅན། སྤྱི་ཁ་དོག་གི་མི་རྟག་པ་དེ་ཉིད་གྲུབ་པ་ཡིན་ཏེ། སྤྱིའི་རྟེན་ཁ་དོག་སྐད་ཅིག་ཐ་མ་དེ་གཟུང་དོན་དུ་བྱས་པའི་སྒོ་ནས་རིགས་འདྲ་ཐ་མ་དང་འབྲེལ་བ་མེད་པ་ཅན་དུ་གྲུབ་པའི་ཕྱིར། ཞེས་དང༌། ཡང་དེ་ཉིད་༥༠ལས། འཁྲུལ་རྒྱུ་མེད་ན་རྟགས་ལ་བལྟོས་པར་མེད་པར་བྱིས་པའི་བར་གྱི་སྐྱེ་བོས་མར་མེའི་རིགས་འདྲ་ཕྱིས་འབྱུང་བ་དང་འབྲེལ་བ་མེད་པར་མངོན་སུམ་གྱིས་རྟོགས་ནུས་པའི་ཕྱིར། ཞེས་པ་གཉིས་ལ་བརྟེན་ནས་ཁ་དོག་སྐད་ཅིག་ཐ་མ་དང༌། མར་མེ་སྐད་ཅིག་ཐ་མ་གཉིས་སོ་སོ་སྐྱེ་བོའི་མངོན་སུམ་དུ་རྟོགས་པའི་ཡུལ་མི་རྟག་པ་རགས་པ་ཡིན་པར་བསྟན་པ་ལྟར་སྣང་ཞིང༌། གཞན་ཡང་གཞི་བུམ་པ་དེ་ཉིད་མི་རྟག་པ་དང་སྦྱར་ན་རགས་པའི་མི་རྟག་པ་ཡིན་པར་ལེའུ་དང་པོར་གསུངས་པས། དེས་རགས་པའི་མི་རྟག་པར་འཇོག་དགོས་པར་ལྟར་སྣང་ངོ༌། །དེ་ལ་མཁས་གྲུབ་རིན་པོ་ཆེ་སྡེ་བདུན་རྒྱན་༥༦ལས། འོ་ན་སྒྲ་ལ་རྒྱུན་མེད་པར་བཤད་པ་ཇི་ལྟར་ཡིན་ཅེ་ན། དེ་ནི་རིགས་འདྲའི་རྒྱུན་མེད་པར་བཤད་པ་ཡིན་གྱི། དེ་ལྟ་མིན་པར་སྐད་ཅིག་དུ་མ་ཆ་ཤས་སུ་ལྡན་པའི་རྒྱུན་ཡང་མ་ཡིན་ན། སྒྲ་ཆོས་ཅན། ཁྱོད་དུས་ཐུང་བའི་མཐར་ཐུག་པ་ཡིན་པར་ཐལ། ཁྱོད་འདུས་བྱས་གང་ཞིགཁྱོད་རྒྱུན་མ་ཡིན་པའི་ཕྱིར། ཞེས་གསུངས་ལ། ཡོངས་འཛིན་རིན་པོ་ཆེའི་བསྡུས་གྲྭ་ལས། སྒྲ་ལ་རྒྱུན་མེད་ན་སྒྲ་དུས་མཐའི་སྐད་ཅིག་མར་ཐལ་བ་དང༌། དེ་འདོད་ན། སོར་སྐྱེས་ཀྱིས་མངོན་སུམ་དུ་མ་རྟོགས་པར་ཐལ་བ་སོགས་གཏོང་གནང་མཛད་འདུག་པའི་དགོངས་པ་འདྲ་སྙམ་ལ། དེ་ལ་སྡེ་བདུན་རྒྱན་ལས་གསུངས་པ་དེ་སྤྱིར་སྒྲ་དེ་རྒྱུན་མིན་ན་གསུངས་པ་ལྟར་སྣང་ཡང༌། དོན་ལ་སྒྲ་དེ་སྐད་ཅིག་སྔ་ཕྱི་དུ་མ་ཚོགས་པའི་དངོས་པོ་མིན་ན་ཞེས་དང༌། རྒྱུན་མེད་ན་ཐལ་བ་གཏོང་བ་ཡིན་སྐབས་དོན་ལས་ཤེས་སོ། །དེ་ལྟར་ན། ཐར་ལམ་གསལ་བྱེད་ཀྱི་གཞུང་དང་འགལ་བར་དོགས་ལ། རགས་པའི་མི་རྟག་པའི་གནས་ཚུལ་དེ་ལ་སྔ་ཕྱི་བར་གསུམ་དུ་དོགས་གཞི་ཆེ་བ་དང༌། ཡིག་ཆ་གཞན་ལས་མར་མེ་སྐད་ཅིག་ཐ་མ་དེ་རགས་པའི་མི་རྟག་པར་བཞེད་པ་ཡོད་པར་གོ་བས་དཔྱད་དགོས་པ་ཞིག་གོ། །
༡༢ མངོན་སུམ་རྟོག་དང་བྲལ་བ་ནི། །མངོན་སུམ་ཉིད་ཀྱིས་གྲུབ་པར་འགྱུར། །ཀུན་གྱི་རྣམ་རྟོག་མིང་བརྟེན་ཅན། །སོ་སོ་རང་གི་རིག་བྱ་ཡིན། །ཞེས་པའི་དོན་དང༌། སྐབས་དེར་མངོན་སུམ་རྟོག་པ་དང་བྲལ་བར་རང་རིག་མངོན་སུམ་གྱིས་གྲུབ་པར་གསུངས་པས་དེ་ཁོ་རང་ཉམས་མྱོང་གི་རང་རིག་གིས་གྲུབ་བམ་གཞན་ཞིག་གི་གྲུབ། དང་པོ་ལྟར་ན། ཐར་ལམ་གསལ་བྱེད་ལས་རང་རིག་མངོན་སུམ་གྱིས་གྲུབ་པའི་རྒྱུ་མཚན་ལ་ཀུན་གྱི་རྣམ་རྟོག་མིང་བརྟེན་ཅན་སོགས་རང་རིག་གིས་གྲུབ་པའི་ཕྱིར་ཞེས་བཀོད་པས་གོ་ཁག་པོ་བྱུང་སོང༌། དེ་ཡང་མངོན་སུམ་རྟོག་བྲལ་ཡིན་པར་རང་རིག་གིས་གྲུབ་སྟེ། རྟོག་པ་ལ་སྒྲ་སྤྱི་དང་དོན་སྤྱི་ཡུལ་དུ་ཡོད་པ་ལས་སྐྱེ་བར་རང་རིག་གིས་གྲུབ་པའི་ཕྱིར་ཞེས་པ་ལྟ་བུ་ཞིག་འདུག་པས་དེ་ལ་འབྲེལ་གང་ཡོད་དང་གཞུང་དོན་གང་ཡིན་ཞིབ་ཏུ་གཟིགས་དགོས། སྤྱིར་མངོན་སུམ་རང་ཉིད་ལ་སྣང་བ་རང་མྱོང་རང་རིག་གིས་རྟོགས་དགོས་པ་ལྟ་བུ་ཞིག་ཡོད་པ་གཞན་དུབཀོད་ཟིན་ལ་ད་དུང་ཡང་དཔྱད།
༡༣ ཐར་ལམ་གསལ་བྱེད་༥༦ལས། འདི་དག་ནི་དོན་དམ་པར་རང་མཚན་བརྡའི་ཡུལ་ཡིན་པ་འགོག་པར་བྱེད་པ་ཡིན་གྱི་སྤྱིར་རང་མཚན་བརྡའི་དངོས་ཡུལ་དང་རྟོག་པའི་དངོས་ཡུལ་ཡིན་པ་འགོག་པ་མ་ཡིན་ཏེ། དེ་ལྟར་འགོག་ན་ཡང་མི་རུང་ངོ༌། །ཞེས་པའི་དོན་ལྟར་བུམ་པ་ལྟ་བུ་དེ་བུམ་འཛིན་རྟོག་པའི་དངོས་ཡུལ་ཡིན་པར་བཞེད་པར་གསལ་ལ། སྡེ་བདུན་༣༩༠རྒྱན་ལས། འོན་ཀྱང་རང་མཚན་སྒྲའི་དངོས་ཀྱི་བརྗོད་བྱ་ནི་མ་ཡིན་ཏེ། རྟོག་པའི་སྣང་ཡུལ་དུ་ཐལ་བའི་ཕྱིར་རོ། །དེས་ན་རང་མཚན་ཡིན་ན་སྒྲས་དངོས་སུ་བརྗོད་ནུས་པས་ཁྱབ། དངོས་ཀྱི་བརྗོད་བྱ་མ་ཡིན་པས་ཁྱབ་ཅེས་ཤེས་པར་བྱའོ། །ཞེས་དང༌། སྒྲས་དངོས་སུ་བརྗོད་ན་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་མི་དགོས་པའི་རྒྱུ་མཚན་ནི། དེ་དགོས་ན། རྟོག་པས་དངོས་སུ་རྟོགས་ན་རྟོག་པའི་དངོས་ཡུལ་ཡིན་པས་ཁྱབ་པར་ཐལ་ལོ། །འདོད་ན། རྟོག་པས་དངོས་སུ་རྟོགས་ན་རྟོག་པའི་སྣང་ཡུལ་ཡིན་པས་ཁྱབ་པར་ཐལ་ལོ། །ཞེས་གསལ་བར་གསུངས་འདུག་པ་དང་གསུངས་ཚུལ་མི་འདྲ་བས་གང་བདེ་དཔྱད་པར་བྱའོ། །
༡༣ རྩ་བ་ལས། རྟོག་བཅས་རྟོག་པ་མེད་པའི་ཡིད། ཅེས་སོགས་ཀྱིས་བླུན་པོ་དག་མཐོང་རྟོག་གཅིག་ཏུ་ཞེན་པའི་རྒྱུ་མཚན་གསུངས་ལ། རྒྱུ་མཚན་དེ་ཡང་བླུན་པོ་དག་གཅིག་ཏུ་ཞེན་པའི་རྒྱུ་མཚན་ཡིན་གྱི། སྤྱིར་གཞི་གཉིས་གཅིག་ཏུ་ཞེན་པའམ། གཅིག་ཅར་ཏུ་འཁྲུལ་བའི་རྒྱུ་མཚན་མིན་པར་འདོད་དགོས་སྙམ་ཏེ། སངས་རྒྱས་འཕགས་པ་ཆོས་ཅན། མགལ་མེའི་མྱུར་དུ་འཁོར་བ་གཅིག་ཅར་དུ་ཞེན་པ་འཁྲུལ་བར་ཐལ། དེ་འཇུག་པ་མྱུར་བའི་ཕྱིར་རྟགས་བཀོད་པ་ལ་ཁྱབ་པ་མེད་པ་ལྟ་བུ་དང༌། ཡང་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་བའི་རྒྱུ་ཡིན་པ་རྣམ་འགྲེལ་དུ་བཀག་པར་གསུངས་པ་ཡང་དེའི་ཤེས་བྱེད་ཀྱི་རྒྱུ་ཡིན་པར་རྣམ་འགྲེལ་དུ་བཀག་པར་ཡིག་ཆར་འགའ་ཞིག་ལས་གསུངས་ཀྱང༌། དེ་ལ་དེའི་ཤེས་བྱེད་ཀྱི་རྒྱུ་ཡིན་པ་བཀག་ཀྱང་དེའི་བསྐྱེད་བྱེད་ཀྱི་རྒྱུ་ཡིན་པར་འདོད་དམ་འདོད་ན། འདོད་ན། ཅིག་ཅར་དུའམ་གཅིག་ཏུ་འཁྲུལ་བ་ལ་འཇུག་པ་མྱུར་བ་ལ་བལྟོས་དགོས་པར་ཐལ། འདོད་ན། བུམ་པ་སྔ་ཕྱི་གཅིག་ཏུ་འཛིན་པའི་རྟག་འཛིན་ཆོས་ཅན། བུམ་པ་སྔ་ཕྱི་གཉིས་འཇུག་པ་མྱུར་བ་ལ་བལྟོས་པར་ཐལ། འདོད་མི་ནུས་ཏེ། ཁ་སེང་གི་བུམ་པ་དང་དེ་རིང་གི་བུམ་པ་གཉིས་ཀྱང་གཅིག་ཏུ་འཁྲུལ་བའི་རྟག་འཛིན་ལྷན་སྐྱེས་ཡོད་པའི་ཕྱིར་རོ། །དེས་ན། སྐབས་འདིར་མཁས་གྲུབ་རིན་པོ་ཆེས་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་བའི་རྒྱུ་ཡིན་པར་བཀག་ཅེས་པ་མངོན་སུམ་གྱིས་ཅིག་ཅར་མཐོང་བའི་རྒྱུ་ཡིན་པར་བཀག་ཀྱང་སྤྱིར་ཅིག་ཅར་དུ་འཁྲུལ་བའི་རྒྱུ་ཡིན་པ་མ་བཀག་ཅེས་གསུངས་ལ། འཇུག་པའི་ཊིའཀ་ཆེན་༢༨༦ལས། རང་རིག་སྒྲུབ་མཁན་དེ་གཉིས་ཀྱིས་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་བའི་རྒྱུ་ཡིན་པ་ཡང་རྣམ་འགྲེལ་དུ་བཀག་པས་ན། ཞེས་གསལ་བར་གསུངས་སོ། །དེ་རྣམ་འགྲེལ་གྱི་གཞུང་གང་ལས་བཀག་པ་དང༌། ཇི་ལྟར་བཀག་ཚུལ་སོགས་ལ་དཔྱད་པ་གལ་ཆེ་ཞིང༌། འཇུག་པ་མྱུར་ཕྱིར་བླུན་པོ་དག། ཅེས་པའི་གཞུང་དེས་ཕྱི་རོལ་བ་མཐོང་རྟོག་འཇུག་པ་མྱུར་བ་དག་ཅིག་ཅར་དུ་འཁྲུལ་བ་ནི་འཇུག་པ་མྱུར་བའི་རྒྱུ་མཚན་གྱི་ཡིན་པར་གསལ་བར་གསུངས་ལ་གཞན་ལ་ངེས་པར་འདོད་དགོས་སམ་གལ་སྲིད་འཇུག་པ་མྱུར་བ་ཅིག་ཅར་དུ་འཁྲུལ་བའི་རྒྱུ་ཡིན་ན་ཡི་གེ་ས་ར་ར་ས་ཞེས་གཉིས་ཀྱང་ཅིག་ཅར་དུ་འཁྲུལ་བར་ཐལ། འདོད་ན་རོ་མཚོ་རིམ་ཅན་དུ་མི་གོ་བར་ཐལ་བ་སོགས་ཡིན་ནམ་སྙམ་ཡང་དཔྱད་དོ། །
༡༤ ཐར་ལམ་གསལ་བྱེད་༦༠ལས། སྐབས་ལ་ལར་ཡིད་གཟུགས་མཛེས་ལ་ཀུན་ཏུ་ཆགས་པའི་སེམས་ཅན་གྱི་དོན་སྒྲ་ཉེ་བར་ཡོད་པ་ལའང་སྒྲ་འཛིན་མེད་པར་གཟུགས་འབའ་ཞིག་འཛིན་པ་གང་དེ་ཆོས་ཅན། ཤེས་པ་དུ་མ་ཅིག་ཅར་མི་སྐྱེ་བའི་རྒྱུ་མཚན་གྱི་སྒྲ་འཛིན་མ་སྐྱེས་པ་མིན་ཏེ། ཞེས་སོགས་ཀྱི་དོན་དང༌། ལེའུ་གཉིས་པ་ལས། རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཞེས་པའི་དོན་འདྲ་བར་སྣང་ཞིང༌། འདི་ལ་དོགས་པ་ཆེ་བ་ཞིག་ནི། གཞུང་འོག་མ-མང་པོ་ལས། སྣང་ལ་མ་ངེས་པའི་བློ་ཡོད་པ་དང༌། མཚན་གཞི་སོགས་ཀྱང་གསལ་བར་བཞག་ལ། དོན་འདི་ལྟར་ན། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་སྐབས་སུ་སྒྲ་འཛིན་ཉན་ཤེས་མེད་ན། སྣང་ལ་མ་ངེས་པའི་བློའི་མཚན་གཞི་རྙེད་ཤིན་ཏུ་དཀའ་བ་སེམས་ལ། མེད་ཟེར་ནའང་འཐད་པར་མ-མཐོང་སྟེ། བློ་གྲོས་ཆེན་པོས་མཐོང་ཉིད་ནས། །རྣམ་པར་ཐམས་ཅད་ངེས་པར་བྱེད། །ཅེས་པས་འཕགས་པའི་རྒྱུད་ལ་སྣང་ལ་མ་ངེས་པའི་བློ་མེད་པར་གསུངས་ལ། སྤྱིར་སྣང་ལ་མ་ངེས་པའི་བློ་མེད་ན། འཕགས་པའི་རྒྱུད་ལ་དེ་མེད་པར་བཤད་པ་ལ་དགོས་དམིགས་གང་ཡང་མེད་དོ། །དེས་ན་འཇོག་ཚུལ་ལ་ངེས་པར་བསམ་དགོས་སོ། །གཞན་ཡང་སྡེ་བདེན་རྒྱན་༡༢༦ལས། རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཅེས་པས་ན། དེའི་ཚེ་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་གེགས་བྱས་ནས་སྒྲ་ཉེ་བར་ཡོད་ཀྱང་དེ་འཛིན་པའི་ཉན་ཤེས་མ་སྐྱེས་པར་བསྟན་གྱི། ཞེས་དང༌། ཡང་སྡེ་བདུན་རྒྱན་༡༢༦ལས། འོན་ཀྱང་མངོན་སུམ་ཡིན་པ་ལ་མངོན་སུམ་ཚད་མ་ཡིན་པས་ཁྱབ་ཀྱང༌། ཞེས་དང༌། སྤྱིར་ཉན་ཤེས་མ་འཁྲུལ་བ་ཡིན་ན་མངོན་སུམ་ཚད་མ་ཡིན་པས་ཀྱང་ཁྱབ་བོ། །ཞེས་སོགས་གསལ་བར་གསུངས་པས་མཁས་གྲུབ་རིན་པོ་ཆེས་བློ་ལ་སྣང་ལ་མ་ངེས་པའི་བློ་མེད་པར་བཞེད་དམ་དཔྱད་པར་བྱ་སྟེ། རྟོག་པ་ལ་སྣང་ལ་མ་ངེས་པའི་བློ་བཞག་པའི་ཚུལ་ནི་མེད་པའི་ཕྱིར་རོ། །
༡༥ རྩ་བ་ལས། རྟོག་གཉིས་གཅིག་ཅར་མཐོང་བ་མེད། །ཅེས་པའི་སྐབས་སུ་རིགས་པ་ཅན་པས། ཤེས་པ་ཐམས་ཅད་རྟོག་པར་ཁས་བླངས་པ་ལ་གཟུགས་འཛིན་མྱོང་བྱེད་མེད་པར་ཐལ་བར་གསུངས་ཤིང༌། དེ་ཡང་གཟུགས་འཛིན་མྱོང་བྱེད་ཡོད་ན་འདི་ནི་གཟུགས་འཛིན་པའོ་སྙམ་དུ་འཛིན་དགོས་ཏེ། དེ་ཡང་རྟོག་པ་ཡིན་པས་སོ། །དེ་ཡང་མི་འཐད་དེ་རྟོག་པ་རྫས་ཐ་དད་གཉིས་གང་ཟག་གཅིག་གི་རྒྱུད་ལ་གཅིག་ཅར་འབྱུང་བ་མེད་པའི་ཕྱིར་རོ། །ཞེས་བཀག་པས་རང་ལུགས་ལ་རྟོག་པ་རྫས་ཐ་དད་གཉིས་གང་ཟག་གཅིག་གི་རྒྱུད་ལ་གཅིག་ཅར་འབྱུང་བ་ཡོད་པར་ཐལ། ཡིག་ཆར་ལས་ཀུན་རྫོབ་སེམས་བསྐྱེད་དང་བདེན་འཛིན་གཉིས་གཅིག་ཅར་འབྱུང་བར་གསུངས་པའི་ཕྱིར་ཟེར་བ་ལ། གྲུབ་མཐའི་ཁྱད་པར་ཡོད་པ་ལས་གཞན་ལན་ཁག་པོ་ཡིན་ཀྱང༌། མདོ་སྡེ་བའི་ལུགས་ལ་མེད་རང་རྒྱུད་པའི་ལུགས་ལ་ཡོད་ཟེར་བའི་ལན་གྱི་ཞིབ་ཆ་ཁུངས་ལུང་ཡོད་པ་ཞིག་རྙེད་དགོས་སོ། །དེ་ཡང་རྣམ་འགྲེལ་མ་ཟད་རྣམ་བཤད་སྙིང་པོའི་རྒྱན་ལས་ཀྱང་གང་ཟག་གཅིག་གི་རྒྱུད་ལ་རྟོག་པ་རྫས་ཐ་དད་པ་གཉིས་གཅིག་ཅར་འབྱུང་ན་གང་ཟག་རྒྱུད་ཐ་དད་དུ་འགྱུར་བའི་སྐྱོན་སྦྱོར་ལམ་སྐབས་གསུངས་ཀྱང་རྟོག་པ་རིགས་མཐུན་ལ་དགོངས་ཞེས་ལན་འདེབས་ལམ་སེང་བྱེད་ངེས་ཀྱང་དཔྱད་དགོས་པ་ཞིག་ཏེ་ཧ་ཅང་གསལ་བའི་ཕྱིར་རོ། །
༡༦ ཐར་ལམ་གསལ་བྱེད་༩༡ལས། གཟུང་འཛིན་རྫས་ཐ་དད་གཉིས་ཀྱིས་སྟོང་བའི་སྟོང་ཉིད་གང་ཡིན་པ་དེ་ཆོས་ཅན། གཉིས་མེད་ཀྱི་ཤེས་པ་མ་ཟད་གཉིས་སྣང་དེ་ཡིའང་དེ་ཁོ་ན་ཉིད་ཡིན་ཏེ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་དཔྱད་བཟོད་ཡིན་པ་དེའི་ཕྱིར། ཞེས་པའི་དོན་དང༌། རྩ་འགྲེལ་འདི་དག་ལ་བརྟེན་ནས་གཟུགས་ཀྱི་སྟོང་ཉིད་གང་ཡིན་གཟུགས་འཛིན་ཚད་མའི་སྟོང་ཉིད་ཡིན་པར་ཞལ་བཞེས་གནང་མཁན་མང་ལ། དྲང་ངེས་སྤྱི་དོན་རྒོལ་ངན་ཚར་གཅོད་ལས་ཀྱང་གཟུགས་ཀྱི་སྟོང་ཉིད་དེ་གཟུགས་འཛིན་ཚད་མའི་སྟོང་ཉིད་ཡིན་པར་གསུངས་ཀྱང༌། ཁྱབ་མ་ཁྱབ་དཔྱད་པར་བྱ་སྟེ། དཔེར་ན། གཟུགས་དང་གཟུགས་འཛིན་རྫས་གཞན་དུ་མེད་པ་དེ་ཕན་ཚུན་རྟོགས་ཚུལ་དང་ཕན་ཚུན་སྟོང་ཚུལ་གཉིས་ཀའི་ངོས་ནས་གཅིག་གི་སྟོང་ཉིད་གཅིག་གི་སྟོང་ཉིད་དུ་བཞག་ན་གོ་རྒྱུ་ཅུང་ཡོད་ལ། གཞན་གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་དུ་མེད་པ་དེ་གཟུགས་འཛིན་ཚད་མའི་སྟོང་ཉིད་ཡིན་ན་སེམས་ཅན་རྣམས་ཀྱིས་གཟུགས་ལ་དེ་ལྟར་ཞེན་པའི་ཚེ་གཟུགས་འཛིན་ཚད་མ་ལ་བློ་ཁ་ཙམ་ཡང་ཕྱོགས་མི་དགོས་ཤིང༌། དེ་ལྟར་མ་གྲུབ་པར་རྟོགས་པའི་ཚེ་ཡང་གཟུགས་འཛིན་ཚད་མ་ལ་བློ་ཁ་ཕྱོགས་དགོས་པའི་རྒྱུ་མཚན་རྙེད་དཀའ་བར་སེམས་ཡང་དཔྱད་དོ། །
༡༧ ཡང་འདིར་དོགས་པ་ཞིག་ལ་ལྕང་སྐྱ་རོལ་བའི་རྡོ་རྗེ་དང༌། སེར་བྱེས་ཀྱི་མཁས་པ་ཁག་གཅིག་གིས། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་བའི་སྟོང་ཉིད་དེ་མེད་དགག་མ་ཡིན་ཏེ། དེ་རྟོགས་པའི་བློ་དེས་དེ་གཉིས་རྫས་གཅིག་ཡིན་པར་རྟོགས་པའི་ཕྱིར་རོ། །ཞེས་དང༌། རྫས་སུ་གྲུབ་ན་རྫས་གཅིག་རྫས་ཐ་དད་གང་རུང་ཡིན་དགོས་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ལ་ཐར་ལམ་གསལ་བྱེད་༩༣ལས། ཆོས་ཀྱི་བདག་འཛིན་དེའི་ཞེན་ཡུལ་རྣམ་པར་བཅད་པའི་མེད་པར་དགག་པ་དེ་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ཅེས་གང་བརྗོད་པ་དེ་ཡིན་ནོ། །ཞེས་དང༌། ཡང་དེ་ཉིད་༩༤ ལས། གལ་ཏེ་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་བའི་མེད་པར་དགག་པ་འགྱུར་བ་མེད་པའི་ཡོངས་གྲུབ་ཅེས་བརྗོད་པ་དེ་ཞེས་པ་ནས། མེད་པར་དགག་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཡང་དེ་ཉིད་༩༥ལས། གཟུང་འཛིན་རྫས་ཐ་དད་རྣམ་པར་བཅད་ཙམ་གྱི་མེད་པར་དགག་པ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། །ཞེས་སོགས་མ-མཐོང་བར་ཟད་ལ། མ་ཟད་དྲང་ངེས་ལས་ཀྱང་ཆོས་བདག་མེད་པའི་རབ་ཏུ་ཕྱེ་བར་གསུངས་པས་ཀྱང་གནོད་པར་སེམས་སོ། །དེས་ན་ལུང་ཁུངས་དུ་མ་བཞག་ནས་རང་འདོད་ཙམ་ལ་ཨུ་ཚུགས་ཀྱིས་མཐའ་སྐྱེལ་བ་ནི་རྣམ་དཔྱོད་ཀྱི་འཇུག་པ་ཞན་པའི་དན་རྟགས་སོ། །
༡༨ ཡིད་ཀྱི་མངོན་སུམ་གྱི་སྐོར་ལ། ཡིད་ཀྱི་མངོན་སུམ་དང་ཡིད་མངོན་གཉིས་ལ་ཁྱད་པར་ཕྱེ་བ་ནི་བྱིས་པ་འདྲིད་པའི་ཚིག་ཏེ། བར་གྱི་ཚིག་ཕྲད་མི་མངོན་པར་བྱས་མ་བྱས་ཀྱི་ཁྱད་པར་ཙམ་ལས་མེད་པས་སོ། །ཡིན་ནའང༌། རིགས་རྒྱན་དང་བསྡུས་གྲྭ་ལས། ཡིད་མངོན་ལ་གཞན་རིག་གི་ཤེས་པ་དགོས་པར་གསུངས་པ་ནི། འདིར་བསྟན་ཡིད་མངོན་དང་སྤྱིར་ཡིད་མངོན་གཉིས་ཀྱི་ཁྱད་པར་མ་ཕྱེས་པ་ཡིན་ནམ་གང་ལྟར་འཐད་དཀའ་ལ། རང་རིག་དེ་ཡིད་ཀྱི་ཤེས་པ་ངེས་པར་ཡིན་དགོས་སམ་སྙམ་ཞིང༌། བསྡུས་གྲྭ་ལས་དབང་ཤེས་དང་ཡིད་ཤེས་གཉིས་རྫས་གཅིག་ཏུ་གསུངས་པས་འགྲུབ་བམ་སྙམ-མོ། །དེས་ན་རང་རིག་དེ་ཡིད་མངོན་ཡིན་མིན་དཔྱད་བྱར་བྱས་ནས་ཡིད་མངོན་ལ་གཞན་རིག་གིས་ཁྱབ་མ་ཁྱབ་ཀྱང་དེ་ནས་ཤེས་པར་འགྱུར་རོ། །ཡིད་མངོན་སྐྱེ་ཚུལ་ལ་འདོད་ཚུལ་བཞི་སྟེ། ཁ་ཅིགདབང་མངོན་གྱི་མགོ་དྲངས་ཡིད་མངོན་གྱི་མཇུག་བསྡུས་ནས་སྐད་ཅིག་རེ་རེ་བཞིན་སྤེལ་ནས་སྐྱེའོ་ཞེས་དབང་ཤེས་བར་ཆད་ཅིང་ཆད་ཅིང་སྤེལ་མ་སྐྱེ་བར་འདོད་པ་དང༌། ཁ་ཅིགགཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་སྐྱེ་ནས་དེས་གཟུགས་འཛིན་དབང་མངོན་སྐད་ཅིག་མ་གཉིས་པ་སྐྱེ་ཞིང་དེ་དང་དུས་མཉམ་དུ་གཟུགས་འཛིན་ཡིད་མངོན་སྐད་ཅིག་དང་པོ་སྐྱེ་ཞིང༌། དེ་ཕན་ཆད་དུ་དབང་མངོན་དང་ཡིད་མངོན་གྲངས་མཉམ་དུ་སྐྱེ་ཞེས་ཟེར་ཞིང༌། དེ་ལྟར་ན་ནང་ལྟ་རང་རིག་གི་འགྲོས་གཅིག་དང༌། ཕྱིར་ལྟ་དབང་མངོན་དང་ཡིད་མངོན་དེ་དོན་རིག་གི་འགྲོས་གཉིས་ཏེ། མངོན་སུམ་འགྲོས་གསུམ་པ་ཡིན་ཞིང༌། ཡིད་དབང་ལས་ཡིད་དབང་མི་སྐྱེ་བས་ཡིད་མངོན་རྒྱུན་མེད་དང༌། མིག་དབང་ལས་མིག་དབང་སྐྱེ་བས་མིག་དབང་རྒྱུན་ལྡན་ཡིན་ཞེས་འདོད་པ་དང༌། སློབ་དཔོན་རྒྱན་མཁན་པོས། གོམས་ལས་མདུན་ན་གནས་པ་ལ། །འདིའོ་ཞེས་ནི་ཤེས་པ་གང༌། །མངོན་དུ་བྱེད་ཕྱིར་དེ་ལ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །ཅེས་པའི་དགོངས་པར་བྱས་ནས་འདིའོ་སྙམ་པའི་ཡིད་ཀྱི་ཤེས་པ་ཞིག་ལ་ཡིད་ཀྱི་མངོན་སུམ་དུ་འདོད་པ་རྣམས་མི་འཐད་དེ། དང་པོ་ལ། དབང་མངོན་གྱིས་རང་ཡུལ་བར་མ་ཆད་དུ་མི་འཛིན་པར་ཐལ་བ་དང༌། གཉིས་པ་ལ་ཡིད་དབང་ལས་ཡིད་དབང་མི་སྐྱེ་ན་ཡིད་ཤེས་མེད་པར་ཐལ་བ་དང༌། ཡིད་མངོན་ཤིན་ལྐོག་མིན་པར་ཐལ་བ་སོགས་དང༌། གསུམ་པ་ལ་ཡིད་མངོན་རྟོག་པར་ཐལ་བ་དང༌། རྟོག་པ་སྒྲུབ་འཇུག་ཡིན་པ་ཞིག་ཡོད་པ་ཐལ་བ་སོགས་ཀྱིས་མི་འཐད་ལ། རང་ལུགས་ལ། མཐའ་གཞན་འགོག་པའི་རིགས་པས་དབང་མངོན་གང་ཤས་ཆེ་བ་འགགས་པའི་དེ་མ་ཐག་ཏུ་ཡིད་མངོན་རྒྱུན་མཐར་སྐྱེ་བར་བཞེད་པ་གསུངས་སོ། །དེ་ལ་དབང་མངོན་རྫོགས་པའི་རྗེས་དེ་མ་ཐག་ཏུ་ཡིད་མངོན་སྐྱེ་བར་གསུངས་ཤིང༌། དེ་ཡང་རིགས་རྒྱན་ལས། དབང་མངོན་གྱི་མཇུག་ཐོགས་སུ་ཡིད་མངོན་ངེས་པར་སྐྱེ་བས་མ་ཁྱབ་པར་དབང་མངོན་ལྔ་མངོན་དུ་གྱུར་པའི་ཚེ་གང་ཤས་ཆེ་བའི་མཇུག་ཏུ་དེའི་དྲངས་པའི་ཡིད་མངོན་སྐྱེ་ཡི་གཞན་གྱི་མཇུག་ཐོགས་སུ་མི་སྐྱེ་བ་དང༌། དབང་མངོན་ཐམས་ཅད་ཀྱི་མཐར་ཡིད་མངོན་སྐྱེ་ན་ཡིད་མངོན་ལྔ་གཅིག་ཅར་སྐྱེ་བར་འགྱུར་བས་གང་ཟག་གཅིག་རྒྱུད་ཐམས་ཅད་ཐལ་བ་སོགས་གཏོང་གནང་མཛད་ལ། གཞན་ཡང་མར་མེ་སྐད་ཅིག་ཐ་མ་འཛིན་པའི་དབང་མངོན་གྱི་མཇུག་དེ་མ་ཐག་ཏུ་ཡིད་མངོན་སྐྱེ་ན་ཡིད་མངོན་དེ་ལ་གཟུང་དོན་མེད་ཀྱང་སྐྱེ་བར་ཐལ་བ་སོགས་སོ། །ཡིན་ནའང་ཐར་ལམ་གསལ་བྱེད་༡༠༩ལས། རང་རྒྱུད་ལ་དབང་མངོན་སྐྱེ་བར་དངོས་སྟོབས་ཀྱི་ཚད་མས་གྲུབ་པ་ན། དབང་མངོན་གྱི་རྗེས་སུ་ཡིད་མངོན་ངེས་པར་སྐྱེ་བས་ཁྱབ་པ་དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ལ་བརྟེན་ནས་ཡིད་ཆེས་རྗེས་དཔག་གིས་གྲུབ་པ་ཡིན་ནོ། །ཞེས་པའི་ངེས་པར་སྐྱེ་བས་ཁྱབ་པ་ཞེས་གསུངས་པའི་དོན་དང་འགལ་བར་དོགས་པས་དཔྱད་དོ། །
༡༩ གཞན་ཡང༌། མུ་སྟེགས་པ་ཡིད་མངོན་མི་འདོད་པ་དག་ལ་ཡིད་མངོན་ཡོད་པར་ལུང་ལ་བརྟེན་ནས་སྒྲུབ་ན་ལུང་ཁས་མི་ལེན་པས་གང་ལྟར་བྱས་ནས་སྒྲུབ་དགོས། རང་ལུགས་ཀྱིས་ལུང་གི་རྟགས་ཀྱིས་རིགས་པ་བཀོད་པ་འདི་དག་གིས་ཕྱི་རོལ་བ་དེ་དག་ལ་སྒྲུབ་པ་མིན་པར་འགྱུར་ལ། དེ་འདོད་ན། ཡིད་མངོན་སྒྲུབ་བྱེད་ཀྱི་རིགས་པ་དང༌། སྤྱིར་སྒྲ་མི་རྟག་པར་སྒྲུབ་བྱེད་ཀྱི་རིགས་པ་སོགས་ཀྱང་སྒྲ་རྟག་པར་ཁས་ལེན་པ་དག་ལ་སྒྲུབ་པ་མ་ཡིན་པས་སྒྲ་མི་རྟག་པར་ཁས་ལེན་པ་དག་ལ་སྒྲུབ་མི་དགོས་པས་གཞུང་ནས་བཤད་པའི་རིགས་པ་དེ་དག་དགོས་ནུས་ཆུང་བ་ལྟ་བུ་སྣང་བས་ཞིབ་ཆ་ངེས་པར་དགོས་སོ། །
༢༠ ཐར་ལམ་གསལ་བྱེད་༡༡༧ལས། རྒྱུ་མཚན་གང་གིས་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཆོས་ཅན། མི་ཤེས་པ་བེམ་པོ་ཡི་ཉེར་ལེན་གྱི་རྒྱུ་མ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། ཞེས་གསལ་བར་གསུངས་ཤིང༌། ཁྱབ་པ་ཡང་ཡོད་དགོས་པ་ལྟར་སྣང་ལ། གོང་དུ་རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པས་ཕྱིར་ཡང་གྲུབ། །ཅེས་པའི་རྩ་ཚིག་སོགས་དང་བསྡུར་ན། གཟུགས་ཀྱི་ཉེར་ལེན་ལ་ཤེས་པ་མིན་པ་ཞིག་དགོས་པ་གསལ་བར་སྣང་ཡང༌། ཁག་གཅིག་གིས། སེམས་ཙམ་པའི་ལུགས་ལ་ཉེར་ལེན་བག་ཆགས་གཅིག་ལས་གཟུགས་དང་ཤེས་པ་གཉིས་སྐྱེ་བ་ཡོད་ཅེས་ཡོངས་གྲགས་ལྟ་བུར་སྣང་ལ། རྒན་རིན་པོ་ཆེས་ཀྱང་ཚར་གཅིག་དེ་ལྟར་གསུངས་བྱུང༌། དེ་ལ་གཟུགས་ཀྱི་ཉེར་ལེན་ལ་ཤེས་པ་ཡོད་པར་འདོད་དགོས་པར་སྣང་སྟེ། བག་ཆགས་དེ་འཇོག་བྱེད་ཤེས་པ་དང༌། དེ་ཡང་ཤེས་པའི་ཉེར་འབྲས་སུ་མ་བཞག་ན་དེའི་ཉེར་ལེན་ཡང་རྙེད་དཀའ་བའི་ཕྱིར་རོ། །ཡང་རྣམ་འགྲེལ་ལས་ཀྱང༌། སེམས་ཙམ་པའི་ལུགས་ལ་བྱེ་མ་ལེབ་ཀྱི་གཤོག་པའི་ཁ་དོག་འཛིན་པའི་དབང་ཤེས་ཉིད་ཁ་དོག་སྣ་ཚོགས་སུ་སྣང་བར་གསུངས་པས་དེ་ལ་ཡང་དཔྱད་དགོས་ཤིང༌། འདི་ནི་སྐྱེ་བ་སྔ་ཕྱི་ཡོད་མེད་ལ་ཡང་འབྲེལ་ཁྱད་པར་ཅན་ཡོད་དོ། །
༢༡ ཐར་ལམ་གསལ་བྱེད་༡༢༣ལས། དུས་གཅིག་གི་ཚེ་བདེ་བ་ལྟ་བུའི་སེམས་བྱུང་གཅིག་ཆེས་གསལ་བས་བསྒྲིབས་ནས་ངེས་མ་ནུས་ན་ཡང་སེམས་བྱུང་ཐ་དད་དུ་མའི་རྣམ་གཞག་གྲུབ་པ་ཡིན་པར་ཐལ། དེ་ལྟར་ན་ཡང་སེམས་ཀྱི་ཁྱད་པར་གྱི་རྒྱུན་དག་ལ་སེམས་བྱུང་དུ་མ་ཐ་དད་པར་མཐོང་བའི་ཕྱིར་རོ། །དཔེར་ན། ཉིན་པར་ཞེས་སོགས་ཀྱི་ལུང་ལས་སེམས་བྱུང་འགའ་ཞིག་གིས་བསྒྲིབས་ནས་སེམས་བྱུང་འགའ་ཞིག་ཡོད་ཀྱང་མཐོང་མ་ནུས་པར་གསུངས་པ་ལ། འོ་ན་དེ་རང་མྱོང་བའི་རང་རིག་མངོན་སུམ་ཚད་མས་གྲུབ་བམ-མ་གྲུབ། དང་པོ་ལྟར་ན། གང་ཟག་དེས་མཐོང་ཞིང་རྟོགས་པར་ཐལ། དེའི་རྒྱུད་ལ་མངོན་དུ་གྱུར་པའི་རང་རིག་གིས་དངོས་སུ་རྟོགས་པའི་ཕྱིར་རོ། །གཉིས་པ་ལྟར་ན། དེ་ཚད་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་མི་ནུས་ཏེ། གཙོ་བོའི་རྣམ་ཤེས་ཚད་མ་ཡིན་ན་དེའི་འཁོར་དུ་བྱུང་བའི་སེམས་བྱུང་ཐམས་ཅད་ཚད་མ་ཡིན་དགོས་པའི་ཕྱིར་ཏེ། དམིགས་རྣམ་ཀུན་ནས་མཚུངས་པའི་ཕྱིར་རོ། །གཞན་ཡང་ཚོར་བ་ལྟ་བུ་ཞིག་ཆེས་གསལ་བའི་ཚེ་དེ་ཚད་མ་ཡིན་ནམ-མིན། དང་པོ་ལྟར་ན། དེ་དང་མཚུངས་ལྡན་རྣམས་ཀྱང་ཚད་མར་ཐལ་ལོ། །འདོད་ན། རང་མྱོང་རང་རིག་གིས་གྲུབ་པར་ཐལ། ཚད་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཡིད་མངོན་གྱི་སྐབས་སུ་རང་རྒྱུད་ཀྱི་ཚད་མ་ཡིན་ན་ངེས་པར་རང་རིག་མངོན་སུམ་ཚད་མས་གྲུབ་དགོས་པས་ཞེས་པ་དང་འགལ་ལོ། །གཉིས་པ་ལྟར་ན། དེ་གང་ཟག་གི་རྟོགས་པ་དང་མཐོང་བ་ཅི་ཕྱིར་བཤད། སྤྱིར་ཚད་མ་ཡིན་པའི་རྣམ་ཤེས་ཞིག་བཞག་གི་རྟགས་གསལ་གཏོང་ན་ཡང་ཚད་མ་རྒྱུད་ལྡན་ཀྱི་གང་ཟག་ལ་ཚོར་སོགས་ཀུན་འགྲོ་ལྔ་རྟོགས་པས་ཁྱབ་པར་ཁས་ལེན་དགོས་པར་སོགས་འབྱུང་ངོ༌། །གཞན་ཡང་སེམས་དང་སེམས་བྱུང་རྫས་གཅིག་དང་ཐ་དད་ལ་ཡང་དོགས་པ་གཅོད་དགོས་པ་འདུག་གོ།
༢༢ ཐར་ལམ་གསལ་བྱེད་༡༢༣ལས། དེ་ལྟར་ན། སེམས་བྱུང་ནང་ཕན་ཚུན་ཀྱང་རྫས་ཐ་དད་དུ་འགྱུར་བས་གཙོ་བོ་ཡིད་ཤེས་རྟོག་པ་གཅིག་སྐྱེས་པའི་ཚེ། འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་ངེས་པར་སྐྱེ་བས་སྐྱེས་བུ་གཅིག་ལ་དུས་གཅིག་ཏུ་རྟོག་པ་རྫས་ཐ་དད་དྲུག་སྐྱེ་བར་ཐལ་ལོ། །ཞེས་པའི་དོན་དང༌། སྐབས་འདིར་རྟོག་པ་རིགས་མཐུན་ཞེས་པའི་དོན་དང༌། རིགས་མཐུན་པའི་དོན་ཡུལ་འདྲ་བ་དང་མི་འདྲ་བ་ལ་བྱེད་དམ། རྣམ་ཤེས་དྲུག་གི་ཡ་གྱལ་དུ་མཚུངས་པ་བྱེད་ཅེས་བརྟག་པ་གཉིས་ལས་མ་བྱས་པས་རིགས་མཐུན་པའི་དོན་ཡང་དེར་ངེས་པར་ལྟར་སྣང་ཡང༌། ཐར་ལམ་གསལ་བྱེད་ལེའུ་དང་པོ་ལས། ངེས་ཤེས་ཡོད་དུས་སྒྲོ་འདོགས་དངོས་སུ་མེད་པ་ཙམ་ནི་རྟོག་གཉིས་གཅིག་ཅར་མི་སྐྱེ་བའི་རྒྱུ་མཚན་གྱི་ཡིན་ནོ། །ཞེས་པ་ལ་བརྟེན་ནས་ྋསྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་རྒན་བློ་བཟང་ཚེ་རིང་མཆོག་གི་ཞལ་སྔ་ནས། དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་སུ་འགལ་བའི་རྟོག་པ་རྣམས་ཀྱང་རྟོག་པ་རིགས་མཐུན་ཡིན་ཞེས་གསུངས་པས་དཔྱད་བྱའོ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་ཏེ་བསྒྲིགས། ༢༠༡༧།༠༦།༠༧ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com