རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

པྲ་ཏི་རིན་ཆེན་དོན་འགྲུབ།

པྲ་ཏི་རིན་ཆེན་དོན་འགྲུབ་ནི། དུས་རབས་བཅུ་བདུན་པའི་སྨད་ཙམ་ལ་དཔའ་རིས་ཡུལ་དུ་སྐུ་འཁྲུངས། གཞོན་དུས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་ཞིང་གཞུང་ཆེན་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད་དེ་དགེ་བཤེས་ཀྱི་མཚན་རྟགས་བཞེས། ཞོགས་དོན་ཡོད་མཁས་གྲུབ་དང་། རྒྱལ་བ་བདུན་པ་མཆོག །ཕུར་ལྕོག་ངག་དབང་བྱམས་པ། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། སེ་ར་པཎྜིཏ་མཛོ་མོ་མཁར་བ་སོགས་བཤེས་གཉེན་མང་དུ་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་གང་མང་ལ་གསན་བསམ་གནང་ཞིང་། ཁོང་གིས་ཞོགས་དོན་ཡོད་མཁས་གྲུབ་ལ་ལྟ་བའི་སྐོར་གྱི་དྲི་བ་གནང་བའི་དྲིས་ལན་དམ་པ་དེ་ཉིད་ཀྱི་གསུང་འབུམ་དུ་བཞུགས། སློབ་གཉེར་གྱི་སྐབས་སུ། ཆོས་མིན་གྱི་བྱ་བའི་ཆེད་དུ་ཁམས་ཚན་གྱི་ཐེམ་པའི་ཕྱི་རུ་མི་འབྱོན་པའི་ཐུགས་དམ་བཅས་ཏེ་དཔེ་གཟིགས་གནང་བར་ཡང་གྲགས། གཞན་ཕུར་ལྕོག་བྱམས་པ་རིན་པོ་ཆེ་ལས་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་ཀྱི་མན་ངག་ཞུས་ཏེ་བྲག་ཡེར་པར་བསྒྲུབས་པས། འཇམ་དབྱངས་དཀར་པོའི་ཞལ་གཟིགས་བྱུང་བས་པྲ་ཏི་འཇམ་དབྱངས་དཀར་པོ་ཞེས་ཀྱང་གྲགས་པར་བཤད། ཡང་སྐབས་དེར། སེར་བྱེས་གྲྭ་ཚང་གི་མཁས་པའི་ཁྲོད་དུ། གནས་སྨྲ་བུ་བས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གིས་སྟོང་པ་ཁས་ལེན་མི་ལེན་གྱི་རྩོད་པ་ཞིག་བྱུང་བར། རྗེ་ངག་དབང་བྱམས་པ་དང་པྲ་ཏི་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དགོངས་ཚུལ་ཅུང་ཟད་མ་མཐུན་པ་བྱུང་རྐྱེན། སྐབས་དེར་ལྕང་སྐྱ་རོལ་བའི་རྡོ་རྗེ་ལ་ཞུས་པས། ལྕང་སྐྱ་རོལ་བའི་རྡོ་རྗེས་ཁོང་རྣམ་པ་གཉིས་ལ་ཁ་ཐུག་དེར་ལན་མ་གནང་བར། ཁོང་རྒྱ་ནག་ཏུ་ཕེབས་ནས་དཔེ་ཀློག་བརྒྱབ་སྟེ་ལན་གནང་ཆོག་ཅེས་བཀའ་གནང་སྟེ། ཕྱིས་སུ་རྒྱ་ནག་ནས་ལྕང་སྐྱ་རིན་པོ་ཆེས་༼གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།༽བརྩམས་ཏེ་ལན་གནང་བར་བཤད་ལ། བསྟན་བཅོས་དེར་པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་དགོངས་ཚུལ་དང་མཐུན་པར་གསུངས་པ་དང་། རྗེ་ངག་དབང་བྱམས་པས་ཐད་ཀར་ལྕང་སྐྱ་རིན་པོ་ཆེར་དགག་པ་གནང་བར་སྟབས་མ་བདེ་བར། ༼ལྟ་བ་དཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་གི་བདག་མེད་པའི་དོན་གཏན་ལ་འབེབས་པ་ཡིད་ཀྱི་གདུང་སེལ།༽ ཞེས་པ་དེ་བརྩམས་པར་ཡང་གྲགས། ཁོང་གི་གསུང་རྩོམ་ལ། བླང་དོར་རྣམ་པར་ཕྱེ་བའི་གཏམ་ཀུན་བཟང་ལམ་སྲོལ་ཞེས་པ་དང་། ཏིང་ངེ་འཛིན་སྒྲུབ་ཐབས་ཏིང་འཛིན་རྒྱན་གྱི་སྣང་བ། བྱང་ཆུབ་ལམ་རིམ་གྱི་ཉམས་ཁྲིད་བྱང་ཆུབ་རྒྱན་ཕྲེང་། བྱ་དཀའ་བའི་སྙན་ཚིག་དབྱངས་ཅན་ངག་གི་རོལ་མཚོ། དྲང་ངེས་ཀྱི་ཟིན་བྲིས། བསྟན་འབར་མའི་ཚིག་དོན་གསལ་བར་བྱེད་པའི་རྣམ་བཤད་ཐེག་མཆོག་རྒྱན་གྱི་ཕྲེང་བ། བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པའི་འགྲེལ་པ་ཀུན་ཏུ་བཟང་པོའི་དགོངས་རྒྱན། རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ། དག་ཡིག་སྨྲ་བའི་སྒྲོན་མེ། སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་བཅས་པོད་གཅིག་བཞུགས་སོ། །མཚན་ཟུར་གྱི་ཡི་གེ་ལ་འབྲི་ཚུལ་མི་མཐུན་པ་ཁ་ཤས་ཡོད་པ། པྲ་ཏི། པྲ་སྟི། བྲ་ཏི་སོགས་དང་། རིན་ཆེན་དོན་འགྲུབ་དང་། རིན་ཆེན་དོན་གྲུབ། མཚན་ཟུར་ཕྱི་མའི་དོན་འགྲུབ་དང་དོན་གྲུབ་གཉིས་ནི་ཁ་ཤས་ཀྱིས་སྟོན་པ་ཐུགས་རྗེ་ཅན་ཁྱིམ་ན་བཞུགས་པའི་གནས་སྐབས་ཀྱི་མཚན་རྒྱལ་བུ་དོན་གྲུབ་ཅེས་པ་དང་འབྲེལ་ཏེ་དེ་གཉིས་གདམ་ང་ཡིན་པར་བཤད་ན་ཡང་། སྟོན་པའི་མཚན་ལ་ངེས་པར་དུ་དོན་གྲུབ་ཅེས་འབྲི་དགོས་པ་ནི་མཚན་དེའི་བྱུང་རིམ་ལས་གསལ་བོར་ཤེས་ཐུབ། དེ་ཡང་རྒྱལ་བུ་འཁྲུངས་པས་དོན་ཐམས་ཅད་གྲུབ་པས་ན་ཡབ་ཟས་གཙང་མ་ཐུགས་མཉེས་ཏེ་དོན་གྲུབ་ཅེས་བཏགས་པ་ཡིན། པྲ་ཏིའི་མཚན་ཟུར་དེ་ནི་སྤྱིར་བཏང་ང་ཚོས་མིང་འདོགས་སྟངས་ལྟར་སྨོན་འདུན་ཞིག་དང་འབྲེལ་བ་ཤུགས་ཆེ་བས་དོན་འགྲུབ་ཅེས་པ་བདེ་ལ། མཚན་ཟུར་དང་པོ་དེ་ཡང་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས་མཛད་པའི་བོད་ཀྱི་ལོ་རྒྱུས་སུ་གསལ་བ་ལྟར་པྲ་ཏིའམ་པྲ་སྟི་ཞེས་པར་ཁུངས་འདུག་སྙམ་མོ། །ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལོ་རྒྱུས་རྣམས་སུ་ཁ་གསལ་མེད་རྐྱེན་འདི་ཙམ་ལས་འགོད་ཐབས་མ་བྱུང་།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས། 

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ངོ་ཤོག 780 ནས་ 899