- མདུན་ངོས།
- གཞུང་ཆེན་ཁག
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
སློབ་དཔོན་ཐོན་མི།
ཕྱི་ལོ་༦༡༩ ལོར་གཡོར་བོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་ས་ཆར་བློན་པོ་ཐོན་མི་ཨ་ནུ་ར་ག་ཏའི་སྲས་སུ་སྐུ་འཁྲུངས། ཁོང་ཤེས་རབ་རྣོ་བས་དགུང་ལོ་བཅོ་ལྔ་པར་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་གར་དུ་མངགས་ནས་ལོ་ངོ་བདུན་གྱི་རིང་དུ་བྲམ་ཟེ་ལི་བྱིན་ཀ་ར་དང་ལྷ་རིག་པའི་སེང་གེ་སོགས་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བོད་དུ་ཕེབས། སྐུ་མཁར་མ་རུར་མཚམས་ལ་བཞུགས་ནས་རྒྱ་ཡིག་ལྔ་བཅུ་ཐམ་པ་ལས་བོད་ཡིག་སུམ་ཅུ་གཏན་ལ་ཕབ་སྟེ་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་བོད་ཀྱི་ཡིག་གཟུགས་གསར་བཟོ་ལེགས་པར་མཛད་དེ། ཐོག་མར་རྒྱལ་པོ་སྲོང་བཙན་སྒམ་པོར་ཡི་གེ་བསླབས་ཤིང་། ཕྱིས་སུ་རྒྱལ་པོས་མ་ཎི་བཀའ་འབུམ་ཞེས་པའང་མཛད་ཡོད། རྒྱལ་བློན་ཐམས་ཅད་ཞལ་འཛོམས་ཏེ་དགྱེས་སྟོན་ལ་རོལ་སྐབས་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བྱ་དཀའ་བའི་ལམ་ནས་དྲངས་པའི་ཡིག་ཕུད་ཐོག་མར་ཕུལ་ཞིང་། བློན་པོ་གཞན་གྱི་ཕྲག་དོག་གཞོམ་ཕྱིར་མགུར་བཞེངས་པའང་ཡོད། བློན་པོ་མགར་གྱི་རོགས་སུ་བལ་ཡུལ་དུ་ཕེབས་ནས་བལ་བཟའ་ཁྲི་བཙུན་བོད་དུ་གདན་འདྲེན་ཞུས། ཁོང་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་གཙོ་བོ་ཞིག་ཡིན་ལ་མཛངས་མི་བདུན་གྱི་བཞི་པ་ཡིན། ཁོང་གི་གསུང་རྩོམ་ནི། སུམ་ཅུ་པ། རྟགས་འཇུག །སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ་བཅས་བརྡ་སྤྲོད་ཀྱི་གཞུང་བརྒྱད་མཛད་པར་གྲགས་ལ། བསྒྱུར་རྩོམ་ནི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་། འདུས་པ་རིན་པོ་ཏོག་གི་གཟུངས། ཟླ་བ་སྒྲོན་མེའི་མདོ་སྟེ་མདོ་ཏིང་ངེ་འཛིན་རྒྱལ་པོ། མདོ་སྡེ་དཀོན་མཆོག་སྤྲིན། དམ་པ་ཏོག་དཀར་གྱི་མདོ། དགེ་བ་བཅུའི་མདོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་བ། པང་ཀོང་ཕྱག་བརྒྱ་པ། ཙིནྟ་མ་ཎིའི་གཟུངས་བཅས་ཡོད། འདས་ལོ་མི་གསལ་ཞིང་འཁྲུངས་ལོ་ལའང་དཔྱད་རྒྱུ་ཡོད་ལ། བོད་ཡིག་གསར་དུ་བཟོས་མིན་སོགས་ཀྱི་སྐོར་ལའང་མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་མང་ན་ཡང་འདིར་ཡོངས་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་ལས་བཀོད་མེད་ལ། སློབ་དཔོན་འདིའི་རྣམ་ཐར་སྐོར་ལོ་རྒྱུས་དང་བརྡ་སྤྲོད་ཀྱི་གཞུང་མང་པོར་ཡོད་ན་ཡང་ཆ་ཚང་ཞིང་རྒྱས་པར་ནི། གནས་ལྔ་རིག་པའི་དབང་ཕྱུག་ཆེན་པོ་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ཐོན་མིའི་ཞལ་ལུང་དུ་གསུངས་འདུག་པས་དེར་གཟིགས་པར་ཞུ།
༢༠༡༧.༡༡.༠༣.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།