སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2018 ལོའི་ཟླ་བ། Nov ཚེས། 24 རེས་གཟའ། Sat

གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།

གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི། ཕྱི་ལོ ༡༨༤༥ ལོར་ཙོང་ཆུའི་ཉེ་འགྲམ་ཨར་ཆ་ཞེས་པར་ཡབ་རྟ་མགྲིན་དང་། ཡུམ་ཚེ་མདོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་མཚན་ལ་ཚེ་དཔག་སྐྱབས་ཞེས་གསོལ།
དགུང་ལོ་གསུམ་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་དབུས་སུ་ཕེབས་བཞིན་པའི་རྗེས་བསྙེགས་ཀྱིས་ཕྱིན་ཏེ་མཚོ་ཁྲི་ཤོར་རྒྱལ་མོའི་ནུབ་འགྲམ་མཚེར་བ་རིའི་མདུན་ཐད་ཀྱི་ས་ཆར་གུར་སྒར་སྟེང་དུ་སླེབས་སྐབས། མཇལ་དུ་ཕྱིན་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་པཟང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། ཁོང་གི་མདུན་ནས་དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞིར་གྱུར་མ་སོགས་ཀྱི་ལུང་ཡང་ཞུས། ལོ་དེར་གསེར་ཏོག་དགོན་དགའ་ལྡན་འགྲོ་ཕན་གླིང་དུ་གདན་སར་བཀོད།
དགུང་ལོ་ལྔ་པར་རྗེ་སྐལ་བཟང་གྲགས་པ་ཡོངས་འཛིན་དུ་བསྟེན་ནས་ཕྱི་མོའི་ཡི་གེ་སུམ་ཅུ་ནས་བཟུང་སྐྱབས་འགྲོ་སོགས་ཚོགས་འདོན་ཆོས་སྤྱོད་ཡོངས་རྫོགས། བསྐང་གསོ་ཀུན་རིག་སོགས་བློ་འཛིན་གནང་།
དགུང་ལོ་བདུན་པར་ཆུ་བཟང་དགོན་དུ་ཕེབས་ནས་ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་བཟང་ཚུལ་ཁྲིམས་ཆོས་གྲགས་ཞེས་གསོལ།
དགུང་ལོ་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་གི་རང་སྒར་དུ་གདན་སར་བཀོད་དེ་ཚོགས་ཆེན་གྱི་ཚོགས་དབུས་སུ་དགེ་འདུན་མང་ལ་མཇལ་ཁ་དང་། དགའ་ལྡན་ལྷ་བརྒྱ་མའི་ལུང་འབུལ་གནང་།
དགུང་ལོ་དགུ་པར་ཞིང་སྐྱོང་ཉ་ཀྱཱ་ལྷ་རམས་པ་ངག་དབང་ཆོས་གྲགས་ཡོངས་འཛིན་དུ་བསྟེན་ནས་སྨན་བླ་རྒྱས་པ་སོགས་འདོན་ཆོས་སྤྱོད་དང་། རྒྱན་འཇུག །བསྡུས་གཞུང་དང་རྣམ་འགྲེལ་བློ་རྟགས། ཀུན་གཞི་རྩ་འགྲེལ། དྲང་ངེས་རྣམ་འབྱེད་སོགས་ཀྱི་ཡིག་ཆ་རྣམས་བློ་འཛིན། རྣམ་འགྲེལ་གྱི་གཞུང་། ཕར་ཕྱིན་སྐབས་བརྒྱད་ཀ །དྲང་ངེས་རྣམ་འབྱེད། དབུ་མ་ལུང་རིགས་སྒྲོན་མ་སོགས་ལ་བཤད་ཁྲིད་དང་། གཞན་རྣམས་ལ་མཛུབ་ཁྲིད་དང་དཔེ་ཁྲིད་རིམ་བཞིན་ཞུས། ཞོར་དུ་སྒྲ་སྙན་ངག་སྡེབ་སྦྱོར་སོགས་རིག་གནས་ཀྱི་སྐོར་རྣམས་སྦྱངས་ཤིང་དཔེར་བརྗོད་ཀྱི་རྩོམ་རྒྱུགས་ཀྱང་ཕུལ་བས་ཀུན་བཤད་ཀྱི་མིང་མི་ཕམ་སྒྲ་དབྱངས་བཞད་པའི་རྡོ་རྗེ་ཞེས་གནང་།
དགུང་ལོ་བཅུ་གསུམ་པར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་བསྡུས་ཆུང་གི་འཛིན་གྲྭ་ལྔའི་སྐབས་འཛིན་གཤར་སྦྱང་། སྔ་ཕྱིར་ཚོགས་ལངས་ལན་བཞིར་ལངས་ཤིང་། དགུང་ལོ་བཅུ་དྲུག་པར་བསྡུས་གྲྭའི་དམ་བཅའ་ཉིན་གསུམ་གྱི་རིང་དུ་བཞག་པར་མཛད།
དགུང་ལོ་བཅུ་དགུའི་སྐབས་དཔྱིད་ཆོས་དང་པོ་བཙུགས་མ་ཐག་སྒོ་མང་སྐབས་དང་པོའི་སྐྱོར་དཔོན་ལ་བཞག །
དགུང་ལོ་ཉི་ཤུའི་སྐབས་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཀྱི་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་ཉེར་གཅིག་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གསང་བདེའི་བདག་མདུན་སོགས་ཀྱི་ཆོ་ག་སོགས་བློ་འཛིན་དང་། དབྱངས་ཐིག་གར་གསུམ་དང་བཅས་པར་ལེགས་པར་སྦྱངས།
དགུང་ལོ་ཉེར་གཉིས་པར་རྒྱུད་པ་མཁན་པོའི་ཁྲི་ལ་ཕེབས་ཤིང་ལོ་གཅིག་བཞུགས་པར་མཛད། གྲུབ་དབང་འཇིགས་མེད་བསམ་གཏན། ཤིང་བཟའ་རིན་པོ་ཆེ། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་ལས་ཆོས་བཀའ་མང་དུ་གསན། ཟི་ན་མཁན་ཆེན་སྐལ་བཟང་དར་རྒྱས་རྒྱ་མཚོའི་དྲུང་ནས་སྨན་རྩིས་ཀྱི་སྐོར་རྣམས་གསན།
དགུང་ལོ་ཉེར་བཞི་དང་ཉེར་ལྔ་གཉིས་སུ་མཆོད་རྟེན་སྐེས་དགོན་པ་དང་། ཁྲི་ཀ་གོང་བ་གྲྭ་ཚང་། རྭ་རྒྱ་དགོན། མགོ་ལོག་གི་འབྲོག་སྡེ་རྩངས་སྐོར། བོང་སྟག །ཁུར་ལུགས་པཱེ་ཟིའི་ཧོར་ཤུ་སོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། ཨ་ཏི་དགོན་དུ་ཡི་དམ་ཡང་གསང་གི་བསྙེན་སྒྲུབ་སྦྲགས་མ་མཛད། སྐབས་དེར་སུམ་རྟགས་ཀྱི་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་བརྩམས།
དགུང་ལོ་ཉེར་བདུན་པར་སྐུ་འབུམ་དགོན་པའི་ཁྲི་ལ་ཕེབས་ནས་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས། ཁྲི་ཟུར་ནས་ཁལ་ཁ་དང་། ཨུ་ཅུ་མུ་ཆིན་སོགས་སུ་ཕེབས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང་། རྒྱ་ནག་པེ་ཅིན་དང་རི་བོ་རྩེ་ལྔ་སོགས་སུ་ཕེབས་ཏེ་གནས་མཇལ་དང་བསྙེན་བཀུར་སྨོན་འདུན་ཡང་མཛད།
དགུང་ལོ་སོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གདན་ས་བྱ་ཁྱུང་དགོན་པའི་ཁྲི་ལ་ཕེབས་ཏེ་དགའ་སྟོན་དང་བསྙེན་བཀུར་ཞུས། ལོ་གཅིག་ལྷག་ཙམ་གྱི་རིང་ལ་འགྲིག་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་སྐོར་ལ་དོ་དམ་གང་ལེགས་མཛད། སྐུ་འབུམ་དགོན་དང་། བྱ་ཁྱུང་དགོན། ཁྱུང་ཀྱཱ་དགོན། བཱ་ཡན་སྨད་ཐའི་དགོན། གསེར་ཏོག་དགོན་བཅས་ལ་རྟེན་དང་བརྟེན་པ་མང་དུ་བཞེངས།
དགུང་ལོ་ལྔ་བཅུ་ང་དགུ་པར་ཨན་འཇའ་སུ་ཞབས་དྲུང་དང་། ཆུ་དཀར་ཞབས་དྲུང་སོགས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟེན་པའི་སྒོ་ནས་དབང་ཆེན་མང་པོ་གནང་བར་མཛད།
དགུང་ལོ་ང་དགུ་ལ་སྐུ་འབུམ་གྱི་གདན་རབས་རྩོམ་པར་མཛད། ཁོང་ནི་སྐུ་འབུམ་དགོན་པའི་གདན་སའི་ཁྲི་ཆེན་དྲུག་ཅུ་རེ་གསུམ་པ་དང་། བྱ་ཁྱུང་དགོན་པའི་མཁན་རབས་བདུད་ཅུ་དོན་དགུ་པ་ཡིན། དགུང་ལོ་དོན་གཅིག་ལ་ཕེབས་པ་ཕྱི་ལོ་ ༡༩༡༥ ལོར་སྐུ་གཤེགས།
གསུང་རྩོམ་ལ། [ དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་མངོན་པར་དྲངས་པའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ།] དང་[བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག] [སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་སྐབས་སུ་ཉེ་བར་མཁོ་བའི་མཆོད་གཏོར་སོགས་ཀྱི་ལག་ལེན་ཟུར་དུ་བཀོལ་བ་ཀུན་གསལ་མེ་ལོང་།] [གསང་ཆེན་རྡོ་རྗེ་ཐེག་པའི་ས་དང་ལམ་གྱི་རྣམ་པར་གཞག་པ་ཟུང་འཇུག་ཁང་དུ་བགྲོད་པའི་རིན་ཆེན་ཐེམ་སྐས་]སོགས་ཆོས་ཚན་བརྒྱ་དང་དགུ་བཅུ་གོ་གཉིས་དང་པོད་འབྲིང་པོ་ཏི་བཅུ་ཙམ་བཞུགས།

༢༠༡༨.༡༡.༠༧. སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 364 ནས་ 689