སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2018 ལོའི་ཟླ་བ། Oct ཚེས། 11 རེས་གཟའ། Thu

རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས།

   རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ནི། ཕྱི་ལོ་ ༡༣༤༩ ལོར་དཔལ་ས་སྐྱ་དང་ཉེ་བའི་སའི་ཆ་རེད་མདའ་ཁབ་སོར་བློན་པོ་མགར་སྟོང་བཙན་ཡུལ་སྲུང་གི་རྒྱུད་དུ་ཡབ་རེད་མདའི་བློན་ཆེན་བཀྲ་ཤིས་མགོན་པོ་རྒྱལ་མཚན་དང༌། ཡུམ་དབང་ཕྱུག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་བཙུན་ནེ་གསོལ། མཚན་གཞན་ལ་བཙུན་ནེ་བློ་གྲོས་ཆེ་ཞེས་ཀྱང་གྲགས། མི་རིང་བར་ཡབ་ཡུམ་གཉིས་གཤེགས། ཨ་ནེ་བཀྲ་ཤིས་འབུམ་གྱིས་སྙོར་སྐྱོང་གནང་། འཕགས་ཆེན་ཆོས་བཟང་དཔལ་ལ་སྐྱབས་འགྲོ་སེམས་བསྐྱེད་དང༌། བསྙེན་གནས་ཀྱི་སྡོམ་པ་དང༌། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཞུ། ཡི་གེ་འབྲི་ཀློག་ལེགས་པར་བསླབས།
   དགུང་ལོ་བཅོ་བརྒྱད་པ་ཕྱི་ལོ་ ༡༣༦༦ ལ་ས་བཟང་པཎ་ཆེན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་གཞོན་ནུ་བློ་གྲོས་ཞེས་གསོལ། ཉ་དབོན་ཀུན་དགའ་དཔལ་བ་དང༌། མཁན་ཆེན་སངས་རྒྱས་འཕེལ་གཉིས་ལས་ཚད་མ་སྡེ་བདུན་མདོ་འགྲེལ་དང་བཅས་པ་ལ་སྦྱངས་ཤིང་། ཆོས་གྲྭ་རྣམས་སུ་གྲྭ་སྐོར་མཛད།

   དེ་དུས་རྒྱལ་སྲས་ཐོགས་མེད་བཟང་པོའི་མཚན་ཐོས་པ་ཙམ་ལ་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཛག་པ་སོགས་བྱུང་ནས་དངུལ་ཆུ་ཆོས་རྫོང་དུ་བྱོན་ཏེ་རྒྱལ་སྲས་ཐོགས་མེད་བཟང་པོའི་དྲུང་དུ་སྨོན་འཇུག་སེམས་བསྐྱེད་བླངས་ཤིང་། ཐེག་པ་ཆེན་པོའི་བློ་སྦྱོང་ལ་སོགས་པའི་ཆོས་སྐོར་མང་དུ་ཞུས།
   དེ་ནས་ས་སྐྱར་དཔེ་མཚམས་བཅད་ནས་སྡེ་བདུན་མདོ་འགྲེལ་པ་འགྲེལ་བཤད་བཅས་ལ་བསྐྱར་དུ་གཟིགས་རྟོག་དང་། ཆོས་རྗེ་ས་སྐྱ་པཎྜི་ཏ། འུ་ཡུག་པ་རིགས་པའི་སེང་གེའི་ལེགས་བཤད་རྣམས་ལའང་གཟིགས་ཏེ་རྣམ་འགྲེལ་གྱི་ཊཱིཀྐ་ཆེ་ཆུང་གཉིས་སྤྱི་དོན་དང་བཅས་པའང་མཛད།
   བླ་མ་བསོད་ནམས་རྒྱལ་མཚན་པ་སོགས་ལས་ཕར་ཕྱིན་གྱི་བཤད་པ་གསན། ཁྱད་པར་དུ་ཉི་ཁྲི་སྣང་བ་དང༌། བརྒྱད་སྟོང་འགྲེལ་ཆེན་འབྲེ་མར་གྱི་ཊཱིཀྐ་རྣམས་ལའང་ཞིབ་གཟིགས་མཛད། ཉིན་རེ་བཞིན་བམ་པོ་ཕྱེད་རེ་ཐུགས་ལ་ཟིན། ཕར་ཕྱིན་གྱི་ཊཱིཀྐ་དང༌། དོན་བདུན་ཅུ་ལ་རྣམ་བཤད་ཀྱང་མཛད།
   ལོ་ཆེན་བྱང་ཆུབ་རྩེ་མོའི་ཞབས་ལ་གཏུགས་ཏེ། མངོན་པ་གོང་འོག་ཚར་མང་དུ་གསན་ཅིང༌། ས་སྡེ་ལྔ་དང་སྡོམ་རྣམ་པ་གཉིས། པྲཱ་ཀཱ་ར་ཎ་སྡེ་བརྒྱད་འགྲེལ་བཤད་དང་བཅས་པ་དང༌། དཔང་ལོའི་ལེགས་བཤད་རྣམས་ལའང་གཟིགས། མངོན་པ་གོང་འོག་གི་ཊཱིཀྐ་བསྡུས་དོན་དང་བཅས་པའང་མཛད།
   མཁན་ཆེན་ལྡོག་ལོག་པ་ཀུན་དགའ་བཟང་པོའི་དྲུང་དུ་བྱོན་ཏེ། མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་ཏེ། མཁན་ཆེན་པའི་དྲུང་དུ་མདོ་རྩ་བ་ཚར་གཅིག་གསན་པས། མཁན་ཆེན་པའི་ཞལ་ནས་འདུལ་བ་ངེད་ལས་ཁྱེད་མཁས་པར་བྱུང་འདུག །ཆོས་བདག་པོ་ལ་འཕྲོད་པ་ཡིན་པས་འདི་ལ་འགྲེལ་པ་མཛོད་ལ་སྟོད་འདུལ་གྱི་སྡོམ་རྒྱུན་མ་ཆད་པར་མཛོད་ཅིག་གསུངས་པ་ལྟར། མདོ་རྩའི་ཊཱིཀྐ་དང༌། ལས་ཆོག་ཀྱང་མཛད་དེ་ཕྱིན་ཆད་ནས་དབྱར་གནས་དང་གསོ་སྦྱོང་དགག་དབྱེ་གསུམ་ཆག་མེད་དུ་མཛད།
   ཆོས་རྗེ་བྱང་སེམས་པའི་དྲུང་དུ་དབུ་མ་རིགས་ཚོགས་དང༌། བཞི་བརྒྱ་པ། འཇུག་པ་སོགས་དབུ་མའི་སྐོར་རྣམས་གསན་ཏེ་དབུ་མ་རྩ་བ་ཤེས་རབ་དང༌། དབུ་མ་ལ་འཇུག་པ་དང༌། བཞི་བརྒྱ་པ་གསུམ་ལ་ཊཱིཀྐ་མཛད་ཅིང༌། རྩ་ཤེའི་འགྲེལ་པ་ཚིག་གསལ་ལ་སྤྱི་དོན་ཡང་མཛད་ཅིང་འཆད་སྤེལ་གནང་སྟེ་དབུ་མའི་བཤད་སྲོལ་དར་བར་མཛད་པས་སྐབས་དེར་སོང་ན་དབུ་མ། བསྡད་ན་དབུ་མ་ཞེས་པའི་གཏམ་དེ་བྱུང་བར་གྲགས། སྐབས་དེར་གངས་ཅན་ལྗོངས་སུ་དབུ་ཚད་ཀྱི་རིགས་པའི་ལམ་ཐམས་ཅད་ཧ་ཅང་ཉམས་ནས་ཡོད་པ་ལ་རྗེ་འདིས་དབུ་ཚད་ཀྱི་རིགས་པའི་ལམ་སྲོལ་ཕྱེ་བར་མཁས་གྲུབ་རྗེས་གསུངས་ཤིང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་ཀྱང་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་རྣམ་པར་འབྱེད་པའི་ཤིང་རྟ་ཆེན་པོ་དག་གི་ལམ་སྲོལ། དབུ་ཚད་ཀྱི་རིགས་པའི་སྒོ་དང་པོར་རྗེ་འདི་ཉིད་ལས་རྙེད་པས་འགྲན་ཟླ་མེད་པའི་བླ་མ་གཙོ་བོར་མཛད་པ་ཡིན་པར་ཡང་གསུངས།
   དེ་རྗེས་ལོ་ཆེན་བྱང་ཆུབ་རྩེ་མོའི་དྲུང་དུ་གསང་བ་འདུས་པ་མི་བསྐྱོད་པའི་དབང་ཞུས་ཏེ་གསང་མཚན་མི་བསྐྱོད་རྡོ་རྗེར་བཏགས། ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོའི་དྲུང་དུ་རྒྱུད་ཀྱི་བཤད་པ། བསོད་ནམས་རྒྱལ་མཚན་པའི་དྲུང་དུ་དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་ཆ་ལག་དང་བཅས་པ་ཞིབ་པར་གསན་ཅིང༌། ཀྱཻ་རྡོ་རྗེའི་མན་ངག་ལམ་འབྲས་བུ་དང་བཅས་པ་སོགས་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ས་བཟང་པཎ་ཆེན་གྱི་དྲུང་དུ་བདེ་མཆོག་གི་དབང༌། ལོ་ཆེན་སྐྱབས་མཆོག་པ་ལ་རྡོ་རྗེ་ཕྲེང་བ། འཇམ་རྡོར། འཇིག་རྟེན་དབང་ཕྱུག །ས་སྐྱ་པའི་རྡོ་རྗེ་གཞོན་ནུ། རིམ་ལྔ་མདོར་བྱས། སྤྱོད་བསྡུས་སྒྲོན་མ་སོགས་གསན་ཅིང༌། ས་སྐྱ་པ་དང་བུ་སྟོན་རིན་པོ་ཆེ་ལ་སོགས་པའི་ཡིག་ཆ་རྣམས་ལའང་གཟིགས་ཏེ། རྩ་རྒྱུད་ལ་ཊཱིཀྐ། མངོན་རྟོགས། བདག་འཇུག་མཆོད་ཕྲེང༌། རིམ་ལྔའི་བསྡུས་དོན་སོགས་མཛད་ཅིང༌། གཞན་ཡང་རྒྱུད་བླ་མ། བཤེས་སྤྲིང༌། ལུང་ཀུན་ལས་བཏུས་པ་རྣམས་ལ་ཊཱིཀྐའང་མཛད།
དབུས་ཕྱོགས་སུ་བྱོན་ནས་རྗེ་ཙོང་ཁ་པ་དང་ཞལ་འཛོམས་ཏེ་གནམ་རྩེར་ལྡེང་དང༌། བྱང་རྭ་སྒྲེང་དང༌། སྐྱིད་ཤོད་ཀྱི་སའི་ཆ་མང་པོ་དང༌། གཙང་སྟག་ཚང་རྫོང་ཁ་སོགས་སུ་ཡབ་སྲས་གཉིས་ཞལ་འཛོམས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཚུལ་སོགས་རྗེ་ཙོང་ཁ་པའི་རྣམ་ཐར་དུ་གསལ།
   དེ་ནས་གངས་བུ་ལེ་དཀར་པོའི་གཡས་མགུལ་གཡུ་ལུང་རྡོ་རྗེ་ལྗོངས་སུ་ལོ་ལྔའི་བར་དུ་སྐུ་མཚམས་ལ་བཞུགས། དེ་ནས་བལ་བོད་ཀྱི་སའི་མཚམས་མང་ཡུལ་སྐྱིད་གྲོང་གི་ནགས་ཁྲོད་དུ་ཕེབས་ཏེ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། དེའི་ཚེ་དམ་པ་འདིའི་རྗེས་སུ་འབྲངས་པ་མང་པོ་བྱུང་བར་དུས་དུས་སུ་ཆོས་ཀྱི་བདུད་རྩི་གནང་ཞིང༌། རྒྱུན་དུ་ནགས་ཁྲོད་དབེན་པ་སོ་སོར་སྒྲུབ་པ་ལ་བཞུགས་པའང་མང་དུ་བྱུང་། མངའ་བདག་ཡུམ་སྲས་ལ་བསྟན་འགྱུར་བཞེངས་པའི་བསྐུལ་མ་དང་ཞབས་འདེགས་ཀྱང་གནང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཀྱང་རྗེ་བཙུན་རེད་མདའ་བ་ཆེན་པོའི་སྙན་པ་གསན་ནས་མེ་ཏོག་མདངས་ཅན་དུ་མཇལ་བར་ཕེབས་ཏེ་ཆོས་གསན་པས་ཐོག་མར་ཐུགས་ཆོས་ལ་འགྱུར་བའི་རྐྱེན་བྱས་པར་གྲགས་སོ། །
   དེ་ནས་དགུང་ལོ་རེ་བཞི་པ་ཕྱི་ལོ་༡༤༡༢ལོ་སྟེ་ཆུ་ཕོ་འབྲུག་གི་ལོ་ཟླ་བ་བཅུ་གཉིས་པའི་ཉེར་དགུའི་ཉིན་སྐུ་ཞི་བར་གཤེགས་སོ། །སློབ་མ་ལ་ཉིད་ཀྱི་ཞལ་ནས། ཀུན་མཁྱེན་ཤེར་འོད་བློ་བཟང་གྲགས་པ་སོགས། །གཞུང་ལུགས་རབ་འབྱམས་ཤེས་པའི་བཤེས་གཉེན་བདུན། །དཀའ་བཞི་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག །ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ། །ཞེས་གསུངས་པ་དང་། རྣམ་ཐར་ལས། སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེས་རབ་འོད་དང་། སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པ། ལྟ་བའི་མཆོག་གྱུར་གོན་གྱོ་ཉི་མ་གྲགས། ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ། རྩོམ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ། འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ། རྩོད་བཟང་མཆོག་གྱུར་དར་མ་རིན་ཆེན། བྱང་བ་བཀའ་བཅུ་པ་དགེ་ལེགས་དཔལ་སོགས་སློབ་མ་མང་དུ་བྱོན།
    གསུང་རྩོམ་ལ་རྣམ་ཐར་ལས། འཛམ་གླིང་མཛེས་པའི་རྒྱན་མཆོག་དཀའ་ཆེན་བཞི། །རྩ་འཇུག་གཞི་གསུམ་ཐེག་ཆེན་རྒྱུད་བླ་མ། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སྟེ། །རྣམ་བཤད་མཛད་པའི་གཞུང་ལུགས་བཅུ་ཕྲག་གཅིག །ཅེས་པ་ལྟར་པོད་བཅུ་ཕྲག་གཅིག་ལྷག་བཞུགས།

༢༠༡༨.༠༩.༢༨ སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 367 ནས་ 689