མཁན་རབས་རིམ་བྱོན། (36)
མཁན་ཆེན་འཕྲིན་ལས་ལྷུན་གྲུབ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་བཅུ་བཞི་པ་འཕྲིན་ལས་ལྷུན་གྲུབ་མཆོག་ནི། སྐུ་གཞོན་ནུ་ནས་རབ་ཏུ་བྱུང་། སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ། གཙང་སྟོད་རིན་ཆེན་བཤེས་གཉེན་དང་། པཎ་ཆེན་བསོད་ནམས་ལྷུན་གྲུབ་སོགས་བསྟེན་ནས་གཞུང་ཆེན་སློབ་གཉེར་མཐར་ཕྱིན་གནང་། མཁས་གྲུབ་རིན་ཆེན་བཤེས་གཉེན་ལས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་ཆ་ཚང་གསན། དེ་ནས་སེར་བྱེས་གྲྭ་ཚང་གི་སློབ་དཔོན་དུ་ཕེབས། [འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཁ་གསལ་མ་རྙེད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
མཁན་ཆེན་རིན་ཆེན་བཤེས་གཉེན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་བཅུ་གཉིས་པ་རིན་ཆེན་བཤེས་གཉེན་མཆོག་ནི། བོད་ཀྱི་གཙང་གི་མྱང་སྟོད་དུ་སྐུ་འཁྲུངས། རྒྱལ་རྩེ་དཔལ་འཁོར་བདེ་ཆེན་དུ་རབ་ཏུ་བྱུང་།
ཐོས་བསམ་གླིང་གི་སློབ་དཔོན་དགེ་འདུན་བཟང་པོ་ལས་མདོ་ཕྱོགས་ཀྱི་གཞུང་མཐའ་ཡས་པ་གསན། ལ་སྟོད་ངམ་རིང་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་བྱམས་པ་གླིང་དང་། ལ་རྩེ་དཔལ་འཁོར་བདེ་ཆེན་དུ་གྲྭ་སྐོར་མཛད།
རྒྱུད་སྨད་གྲྭ་ཚང་དུ་སློབ་དཔོན་བཀྲ་ཤིས་བཟང་པོ་ལས་གསང་འདུས་སོགས་ལ་སྦྱངས། ཤར་ཆེན་ནམ་མཁའ་རྒྱལ་མཚན་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་གང་མང་གསན། དེ་ནས་སེར་བྱེས་གྲྭ་ཚང་གི་སློབ་དཔོན་གྱི་ཁྲི་ལ་ཕེབས་ཏེ་འཆད་ཉན་ལོ་བཅུ་དྲུག་གི་བར་དུ་བསྐྱངས་ཏེ་ཕ་བོང་ཁའི་གཟིམ་ཁང་གོང་དུ་ཀུན་སྤངས་མཛད། དོན་གཉེར་ཅན་རྣམས་ལ་ཆོས་སྦྱིན་མང་དུ་སྤེལ། སྐྱོར་མོ་ལུང་གི་གདན་སར་ཕེབས། དགུང་ལོ་བདུན་ཅུ་པ་ས་ཁྱི་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
སྒོམ་སྡེ་ནམ་མཁའ་རྒྱལ་མཚན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་བཅུ་གཅིག་པ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༥༣༢ ལོར་སྒོམ་སྡེ་ས་ཆར་སྐུ་འཁྲུངས། སྐུ་གཞོན་ནུ་ནས་རབ་ཏུ་བྱུང་ཞིང་ཆབ་མདོ་པཎ་ཆེན་མི་གཡོ་བའི་མདུན་ནས་ཕར་ཕྱིན་དང་དབང་བཀའ་མང་དུ་གསན།
དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་པཎ་ཆེན་བདེ་ལེགས་ཉི་མ་བསྟེན་ནས་འཇིགས་བྱེད་དང་། རྟ་མགྲིན་ཡང་གསང་གི་དབང་སོགས་ཟབ་ཆོས་ཀྱི་གདམས་པ་མང་དུ་ཞུས་ཤིང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དབུ་ཕར་འདུལ་གསུམ་གྱི་ཡིག་ཆ་སོགས་ལ་སྦྱངས།
གཙང་དུ་ཕེབས་ནས་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་དུ་འདུལ་མཛོད་ཚད་མ་སོགས་གསན། ཨེ་པ་དཀའ་ཆེན་ཤེས་རབ་རྒྱལ་པོ་ལས་ཕར་ཚད་དབུ་མ་སོགས་ཀྱི་དཀའ་བའི་གནད་རྣམས་ཞིབ་པར་གསན།
དཔལ་འཁོར་བདེ་ཆེན་དུ་ལེགས་གྲུབ་གྲྭ་ཚང་གི་འཆད་ཉན་པ་མཛད། པཎ་ཆེན་བདེ་ལེགས་ཉི་མའི་བཀའ་ལྟར་དབུས་སུ་ཕེབས། རྒྱུད་སྟོད་ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་ལས་གསང་འདུས་རྒྱུད་འགྲེལ་སོགས་གསན།
མཁན་ཆེན་མཁས་བཙུན་རྒྱ་མཚོའི་རྗེས་སུ་སེར་བྱེས་གྲྭ་ཚང་གི་སློབ་དཔོན་མཛད། དེ་ནས་ ༡༥༧༤ ལོར་རྒྱུད་སྟོད་གྲྭ་ཚང་གི་ཁྲིར་ཕེབས། དེ་རྗེས་ཤར་རྩེའི་ཁྲི་པ་གནང་། སློབ་མའི་གཙོ་བོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་དང་སྟོང་སྐོར་ཡོན་ཏན་རྒྱ་མཚོ་སོགས་དང་། སྡེ་པ་བཀྲ་ཤིས་རབ་བརྟན་ཁུ་དབོན་སོགས་ཀྱིས་ཀྱང་རྗེ་འདིའི་ཞབས་ལ་གཏུགས། ༡༥༩༢ ཟླ་བ་བརྒྱད་པར་ཞི་བར་གཤེགས། གསུང་རྩོམ་གྱི་སྐོར་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་རྣམ་བཤད། ཕར་ཕྱིན་གྱི་སྤྱི་དོན་ཆེན་མོ། བྱང་ཆུབ་སེམས་འགྲེལ་གྱི་ཊཱིཀྐ། འབྲུག་པ་སྤྲུལ་སྐུའི་ལན། དགེ་སློང་གི་བསླབ་བྱ་སོགས་མང་དུ་སྣང་།
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
པཎ་ཆེན་བདེ་ལེགས་ཉི་མ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་དགུ་པ་པཎ་ཆེན་བདེ་ལེགས་ཉི་མ་མཆོག་ནི། བོད་བྱང་དུ་ཀྲེ་བོའི་རིགས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུ་ནས་རབ་ཏུ་བྱུང་སྟེ་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་དུ་ཞུགས་ཏེ་གཞུང་ཆེན་རྣམས་ལ་ཐོས་བསམ་མཛད།
དབུས་སུ་ཕེབས་ཏེ་སེ་རར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ལས་དབུ་ཕར་སོགས་གཞུང་ཆེན་དུ་མ་ཞིབ་གསན་གནང་། དམ་པ་དེ་ཉིད་ཀྱི་མདུན་ནས་རྟ་མགྲིན་ཡང་གསང་གི་དབང་དང་ཆོས་སྐོར་ཡོངས་རྫོགས་གསན་ཏེ་ཡི་དམ་གྱི་གཙོ་བོར་མཛད།
ངམ་རིང་དུ་སྤང་ཡུལ་གྲྭ་ཚང་གི་འཆད་ཉན་གྱི་སློབ་དཔོན་མཛད་ནས་ཡུན་རིང་བཞུགས། ཆོས་རྗེ་ཉི་མ་བཀྲ་ཤིས་སོགས་ལས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་རྒྱུད་མན་ངག་དང་བཅས་པ་དང་སྒྲུབ་ཐབས་རྒྱ་མཚོ་སོགས་མང་དུ་གསན།
བྱང་པ་རམས་འབྱམས་པ་ཞེས་ཐུག་རྒྱུད་འབྱོངས་པའི་ཚད་དུ་བྱེད། དེ་ནས་སེར་བྱེས་སློབ་དཔོན་དུ་ཕེབས་ཏེ་འཆད་ཉན་ཡུན་རིང་མཛད། གྲྭ་ཚང་སྟེང་བླ་བྲང་གསར་དུ་བཞེངས། སེ་འབྲས་སོགས་ཀྱི་མཁས་པ་མང་པོ་དང་དད་ལྡན་གང་མང་ལ་རྡོ་རྗེ་ཕྲེང་བ་གསུངས།
དེ་ནས་ཕ་བོང་ཁར་བཞུགས། སེར་བྱེས་གྲྭ་ཚང་དུ་བླ་མ་རྗེ་བཙུན་པའི་དུས་མཆོད་བཟང་སྤྱོད་སྨོན་ལམ་བཙུགས། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་སོགས་མཁས་པ་མང་པོས་ཞབས་ལ་གཏུགས།
༧རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་གསང་བདེ་འཇིགས་གསུམ་གྱི་ཟབ་ཁྲིད་སོགས་བཀའ་ཆོས་གང་མང་གནང་། དབུ་ཕར་འདུལ་མཛོད་ཀྱི་སྤྱི་དོན་སོགས་བསྟན་བཅོས་མང་དུ་མཛད། རྗེ་བྱམས་པ་རྒྱ་མཚོ་སོགས་ཀྱིས་བྱང་རྩེ་ཆོས་རྗེ་དང་། ༧རྒྱལ་བ་བསོད་ནམས་རྒྱ་མཚོས་སེ་རའི་གདན་ཁྲིར་ཕེབས་དགོས་ཚུལ་གསུངས་ཀྱང་སྤྱན་མི་གསལ་བའི་ཆོས་རྗེ་དང་ཁྲི་པ་མི་ཡོང་གསུངས་ནས་མ་ཕེབས།[འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཞིབ་ཏུ་མ་རྙེད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
མཁན་ཆེན་ཤེས་རབ་སེང་གེ
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་དྲུག་པ་ཤེས་རབ་སེང་གེ་མཆོག་ནི། བོད་གཙང་ཁུལ་དུ་སྐུ་འཁྲུངས། དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་གནང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་བསྟེན་ནས་གསན་བསམ་སློབ་གཉེར་གནང་། དགའ་ལྡན་ཁྲི་རབས་ཉེར་བརྒྱད་པ་ཁྲི་ཆེན་དགེ་འདུན་རྒྱལ་མཚན་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་སེར་བྱེས་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས། [འཁྲུངས་འདས་སོགས་ཁ་གསལ་མ་རྙེད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་ལྔ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་ནི། རབ་བྱུང་བརྒྱད་པའི་ས་གླང་༡༤༦༩ ལོར་གཙང་ཉང་སྟོད་ཀྱི་སའི་ཆ། རྒྱལ་ཚབ་དར་མ་རིན་ཆེན་གྱི་འཁྲུངས་ཡུལ་རི་ནང་ཞེས་པའི་ཆར་གཏོགས་པ་ཁྱེའུ་ཞེས་པ་ཡིན་ལ། རྔོག་ཡེ་ཤེས་སེང་གེ་སོགས་གྲུབ་པའི་དབང་ཕྱུག་དུ་མ་བྱུང་པའི་རིགས་ལས་རྟ་ནག་ཕྱུག་པོ་གཞུང་ལྷོ་སྨད་སོགས་ཀྱི་མི་ཁྱིམ་མང་པོའི་དཔོན་དུ་གྱུར་པ། ཕྱིས་སྨིན་དྲུག་འཁྱུང་རྩེ་སོགས་རྫོགས་ཆེན་གྱི་བདག་པོར་གྱུར་པའི་དཔོན་རྒྱུད་དུ་ཡབ་ནང་སོ་བསོད་ནམས་འཕེལ་དང་། ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས།
ཡུམ་གྱི་ལྷུམས་སུ་བཞུགས་དུས་ལྷ་ས་སོགས་སུ་གནས་མཇལ་ལ་བྱོན་པར། རྗེ་བ་སོ་བ་དགེ་ལྡན་གྱི་ཁྲི་ཐོག་ཏུ་བཞུགས་པ་དང་མཇལ། རྗེ་བ་སོ་བས་ཁྱོད་ཀྱི་སྲས་འདི་བསྟན་པ་ལ་ཕན་ཐོགས་པའི་བསྟན་འཛིན་ཆེན་པོ་ཞིག་ཡོང་། མཚན་ཆོས་ཀྱི་རྒྱལ་མཚན་དུ་ཐོགས། འཁྲུངས་མ་ཐག་ན་བཟའ་འདི་གསོལ་ཞེས་བཀྲ་ཤིས་ཁ་བཏགས་ཤིག་གནང་།
དགུང་ལོ་དྲུག་པ་ལ་རྒྱལ་བ་དགེ་འདུན་གྲུབ་ཉང་སྟོད་ཀྱི་ཆབ་ཚན་ལ་ཕེབས་པ་གདན་དྲངས་ཏེ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞུ་བར་མཛད། དགུང་ལོ་བདུན་པ་ལ་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་དབེན་གནས་སྨན་ཆུ་ན་བཞུགས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས།
ཆོས་རྗེའི་ཞལ་ནས་ངའི་བླ་མ་ལན་དུ་མར་བསྔགས་པའི་པཎྜི་ཏ་ཡིན། ཁྱོད་ལ་ཁོང་གི་མཚན་གནང་འདུག་པ་འདི་ངས་སྤོ་མི་ནུས། ཁྱད་པར་འདི་ལ་རྟེན་འབྲེལ་ཆེན་པོ་ཡོད། རྟེན་འབྲེལ་ཆུགས་སུ་མི་རུང་གསུངས་ནས་མཚན་དེའི་སྟེང་དུ་དཔལ་བཟང་པོ་གནང་སྟེ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེའི་དྲུང་ནས་བློ་སྦྱོང་མཚོན་ཆ་འཁོར་ལོ་སོགས་དང་། བློ་སྦྱོང་དོན་བདུན་མ་སོགས་རྒྱ་བོད་ཀྱི་བློ་སྦྱོང་གི་གཞུང་མང་པོ་དང་། བཀའ་གདམས་ཐོར་བུ་བ། ཤ་ར་བའི་ལམ་རིམ་བརྗེད་བྱང་མ་ལ་སོགས་ཤ་ར་བ་ནས་མཆད་ཁ་པ་ལ་བརྒྱུད་པའི་ལམ་རིམ་མང་པོ་དང་། སྣར་ཐང་པ་ནས་བརྒྱུད་པའི་ལམ་སྒྲོན། སྣར་ཐང་པའི་ལམ་མཆོག །གནས་རྙིང་ནས་བརྒྱུད་པའི་མགོན་པོ་ཕྱག་དྲུག་པའི་སྐོར་རྣམས་དང་ མགོན་པོ་སྟག་ཞོན་སོགས་ཀྱི་ལུང་རྗེས་གནང་སོགས་ཟབ་ཆོས་མང་དུ་གསན་པས་བླ་མའི་གཙོ་བོ་ཞིག་ཏུ་མཛད།
སྨིན་དྲུག་འཁྱུང་རྩེ་དང་ཁྱེའུ་གཞིས་ཀ་སོགས་སུ་བཞུགས་ནས་དཀའ་ཆེན་བཞིའི་རྩ་གཞུང་དང་། རྩ་འཇུག་གཉིས། མདོ་སྡུད་པ། ལམ་སྒྲོན་སོགས་ཐུགས་འཛིན་མཛད་ཅིང་། གནས་རྙིང་ཆོས་རྗེའི་དྲུང་དུ་ལོ་ལྔ་བཞུགས། དགུང་ལོ་བཅུ་གསུམ་པ་ལ་རྗེ་འདི་པ་ལ་སྐུ་མཆེད་ལྔ་ཡོད་པའི་བཞི་པ་དང་རྗེ་འདི་ཉིད་ཀྱིས་གནས་རྙིང་རིན་པོ་ཆེའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ། ལོ་དེ་ལ་སྐུ་མཆེད་ལྷན་ཅིག་ཏུ་བཀྲ་ཤིས་ལྷུན་པོར་གསན་སྦྱོང་ལ་ཕེབས།
བཀྲ་ཤིས་ལྷུན་པོར་པཎ་ཆེན་ལུང་རིགས་རྒྱ་མཚོ་དང་མཇལ། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྤྱོང་མཛད། དགུང་ལོ་བཅོ་ལྔའི་དུས་སུ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་མཁས་པའི་གྲགས་པ་ཐོབ། དགུང་ལོ་བཅུ་དྲུག་༼སེར་བྱེས་བརྙན་དེབ་ཏུ་དགུང་ལོ་བཅུ་གཅིག་བྲིས་འདུག༽གི་སྐབས་པཎ་ཆེན་ཡེ་ཤེས་རྩེ་མོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས་པའི་དྲུང་ནས་འདུལ་བ་མདོ་རྩ། མངོན་པ་མཛོད་སོགས་གཞུང་ཆེན་དང་ཆོས་བཀའ་མང་དུ་གསན།
དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་ཕར་ཚད་དབུ་གསུམ་དང་། འདུལ་མཛོད་བཅས་བཀའ་པོད་ལྔར་མཁས་པའི་གཙུག་རྒྱན་དུ་གྱུར། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས་སམ་ཁྱུང་པོ་བྱ་བྲལ་ལས་གཞི་གསུམ་གྱི་ཕྱག་ལེན་སོགས་གསུང་ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་པ་ལ་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད།
དེ་དག་གི་སྐབས་སུ་རྗེ་ཤེས་རབ་སེང་གེའི་དངོས་སློབ་མཁས་གྲུབ་རིན་ཆེན་བཤེས་གཉེན་ལ། ནི་གུ་ཆོས་དྲུག །རྟ་མགྲིན་གསང་སྒྲུབ་སོགས་ཤངས་པ་ལུགས་ཀྱི་ཟབ་ཆོས་དུ་མ་དང་། གུ་རུ་ཞི་དྲག་སོགས་ཀྱི་རྗེས་གནང་དུ་མ། དབུ་མ་རིགས་ཚོགས་དྲུག་གི་ལུང་སོགས་གསན། རྗེའི་ལུགས་ཀྱི་ལྟ་ཁྲིད་མཁས་གྲུབ་རིན་ཆེན་བཤེས་གཉེན་འདི་ཉིད་ལས་ཉམས་ཁྲིད་ཀྱི་ཚུལ་དུ་གསན་པས་དབུ་མའི་ལྟ་བ་ཐུགས་རྒྱུད་ལ་སྐྱེས་པས་བླ་མ་འདི་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་གཙོ་བོར་མཛད།
གཞན་ཡང་ཚེ་དཔག་མེད་ཀྱི་ཞལ་གཟིགས་པའི་རྟ་ནག་ཆོས་རྗེ་ཆོས་ཀྱི་དཔལ་འབྱོར་ལས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང་སོགས་ཆོས་བཀའ་ཅི་རིགས་པ་དང་། ཆོས་རྗེ་དབྱངས་པ་གྲགས་བསམ་པ་ལས་གསང་བདེ་གཉིས་ཀྱི་དབང་དང་། བསྐྱེད་རྫོགས་སོགས་གསང་སྔགས་ཀྱི་ཆོས་མང་དུ་གསན། དེ་ལྟར་དགུང་ལོ་ཉེར་གསུམ་ཡན་ལ་གཙང་ཕྱོགས་སུ་མདོ་སྔགས་ཀྱི་གསན་སྦྱོང་རྒྱ་ཆེན་མཛད་ནས། དཔལ་འཁོར་བདེ་ཆེན་དང་། གནས་རྙིང་གཟུངས་སྒྲུབ་རྣམས་སུ་རབ་འབྱམས་ཀྱི་གྲྭ་སྐོར་མཛད། དགུང་ལོ་ཉེར་བཞིའི་སྐབས་དབུས་སུ་ཕེབས་ནས་སེ་རར་ཆོས་རྗེ་དོན་ཡོད་དཔལ་ལྡན་དང་མཇལ།
གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་དུ་རྩ་འཇུག་གཉིས་ཀྱི་ཊཱིཀྐ། དྲང་ངེས་རྣམ་འབྱེད་ཀྱི་ཊཱིཀྐ། ཀརྨ་ཤ་ཏམ། ཚུལ་ཁྲིམས་ལེའུའི་རྣམ་བཤད་སོགས་དང་། པདྨ་དབང་ཆེན་གྱི་གཏོར་དབང་སོགས་ཟབ་ཆོས་མང་དུ་གསན་ཅིང་། དེ་ཚེ་ཆོས་མཚམས་ཤིག་ལ་སེ་ར་རྩེར་རྗེའི་གཟིམས་ཁང་སེར་པོར་དཔེ་མཚམས་ལ་བྱོན་ཏེ་དྲང་ངེས་རྣམ་འབྱེད་ཐུགས་ལ་བྱང་བར་བཟུང་ནས། དེའི་དོན་རྗེའི་རྩ་འཇུག་གི་ཊཱིཀ་ཆེན་གཉིས་དང་། སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་ཀྱི་སྟེང་ནས་ཞིབ་ཏུ་དཔྱད་ཅིང་། མདོ་སྡེ་དགོངས་འགྲེལ། དབུ་མ་རྒྱན་རྩ་འགྲེལ་སོགས་ལ་གཟིགས་རྟོག་མཛད་པས་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གྲུབ་པའི་མཐའ་ལ་འཁྲུལ་པ་མེད་པའི་ངེས་པ་རྙེད།
རྗེ་ཤེས་རབ་བཟང་པོའི་དྲུང་དུ་བསྙེན་རྫོགས་བསྒྲུབས་ཤིང་། རྗེ་དེ་ཉིད་ལས་བསླབ་བྱ་ཆེན་མོ་མེ་ཏོག་འཕྲེང་རྒྱུད་ལ་སོགས་པའི་བཤད་ལུང་དུ་མ་དང་། དཔལ་མཆོག་རིགས་བསྡུས་སོགས་ཀྱི་དབང་། རྟ་མགྲིན་ཤྭོ་ན་བཞི་སྐོར་ལ་སོགས་པའི་རྗེས་གནང་འགའ་ཞིག་གསན། དགུང་ལོ་ཉེར་བདུན་གྱི་སྐབས་གནས་རྙིང་ཆོས་རྗེའི་བཀའ་བཞིན་སླར་ཡང་གཙང་ཕྱོགས་ལ་ཕེབས་ནས་ལོ་གསུམ་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས།
དགུང་ལོ་ཞེ་གསུམ་པ་ལྕགས་ལུག་ ༡༥༡༡ ལོར་མཁས་གྲུབ་དོན་ཡོད་དཔལ་ལྡན་གྱི་སྐུ་ཚབ་ཏུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོར་ཕེབས། རྗེ་འདིར་མཁས་པའི་གྲགས་པ་ཆེས་ཆེར་རྒྱས་སྟབས་སྡེ་པ་སྒར་པས་རིས་མེད་ཀྱི་མཁས་པ་མང་པོ་བསགས་ནས་པོ་ཏ་ལ་དང་གཞིས་ཀ་སྣེའུ་རྣམས་སུ་རྗེ་འདི་དང་བགྲོ་གླེང་ཡང་གནང་བཅུག །
དགུང་ལོ་ང་ལྔའི་སྐབས་སྟག་རྩེ་རིན་ཆེན་སྒང་གི་མཁན་པོར་ཕེབས། དེ་ནས་མི་རིང་བར་སེ་རའི་ཁྲི་ཐོག་བཅུ་གཉིས་པར་ཕེབས། དགུང་ལོ་བདུན་ཅུ་པ་ས་ཁྱི་ ༡༥༣༨ ལོར་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཚབ་ཏུ་བསྐྱར་དུ་སེ་རའི་ཁྲི་པ་གནང་། དགུང་ལོ་དོན་གསུམ་གྱི་སྐབས་ཆོས་རྗེ་ཤེས་རབ་སེང་གེ་ལ་གྲྭ་ཚང་གི་འཆད་ཉན་འགན་འཁྲི་གནང་ནས་རྗེ་ཉིད་ཟུར་བཞུགས་མཛད།
སྐུ་ཚེའི་སྨད་དུ་བདེ་ཆེན་གསང་སྔགས་མཁར་གྱི་གདན་སར་ཕེབས། སློབ་མའི་གཙོ་བོ་དཀའ་ཆེན་ཤེས་རབ་རྒྱལ་པོ། རྟ་ནག་དགེ་འདུན་བློ་བཟང་། ཁྱུང་ཕྲུག་བྱམས་པ་བཀྲ་ཤིས། པཎ་ཆེན་བདེ་ལེགས་ཉི་མ། རྗེ་དྲུང་ཤེས་རབ་དབང་པོ། དྭགས་པོ་ནམ་མཁའ་གྲགས་སོགས་མང་དུ་བྱུང་། དགུང་ལོ་དོན་དྲུག་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་འབྲུག་ ༡༥༤༤ ལོའི་ཟླ་༡༡ ཚེས་ ༡༩ ཉིན་ཞི་བར་གཤེགས། བཀའ་རྩོམ་གྱི་སྐོར་ལ། སེར་བྱེས་གྲྭ་ཚང་གི་རྗེ་བཙུན་པའི་གསུང་འབུམ་དཔེ་བསྡུར་མའི་རྩོམ་སྒྲིག་པས་ལེགས་བསྒྲིགས་བྱས་པའི་དཔེ་གཟུགས་གླེགས་བམ་བཅོ་དྲུག་བཞུགས་ཤིང་། བསྟན་བཅོས་དེ་དག་ལ་མདོ་དབུས་ཁམས་གསུམ་གྱིས་གཙོས་རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་རྣམས་སུ་ཐོས་བསམ་རྒྱ་ཆེར་བྱེད་ཀྱིན་ཡོད།
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།