སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun

མཁན་ཆེན་དོན་འགྲུབ་སྟོབས་རྒྱལ།

སེར་བྱེས་མཁན་རབས་རེ་བརྒྱད་པ་དོན་འགྲུབ་སྟོབས་རྒྱལ་མཆོག་ནི། ཕྱི་ལོ་ ༡༩༡༢ ལོར་བོད་དུ་རྫ་བཀྲ་ཤིས་བསམ་འགྲུབ་དགོན་གྱི་ཉེ་འདབས་སུ་སྐུ་འཁྲུངས། ༡༩༢༤ལོ་དགུང་ལོ་བཅུ་གསུམ་གྱི་སྐབས་རྫ་བསམ་གྲུབ་དགོན་དུ་ཆོས་ཞུགས་བྱས་ཏེ་ཁུ་བོ་ཕུན་ཚོགས་རྡོ་རྗེ་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་སྦྱོར་ཀློག་སོགས་ལ་སྦྱངས།

དགུང་ལོ་བཅོ་ལྔའི་སྐབས་དགོན་པའི་སྤྱི་སོའི་ཐུགས་འགན་ལོ་གསུམ་རིང་བཞེས། ༡༩༢༩ལོ་སྟེ་དགུང་ལོ་བཅོ་བརྒྱད་ཀྱི་སྐབས་དབུས་སུ་ཕེབས་ཏེ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། སེར་བྱེས་གྲྭ་ཚང་གི་མཁན་ཟུར་བློ་བཟང་བྱམས་པ་མཁས་གྲུབ་དང་། བརྒྱ་དཔོན་ཆོས་མཛད་ངག་དབང་རྡོ་རྗེ་སོགས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གནང་།
༧གོང་ས་༧རྒྱལ་བའི་དབང་པོ་བཅུ་གསུམ་པ་མཆོག་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་ཐུབ་བསྟན་ལེགས་པ་ཞེས་སྩལ། གཞུང་གསར་གྱི་སྐབས་མཁན་རིན་པོ་ཆེ་ནས་འཛིན་གྲྭའི་སྐྱོར་དཔོན་ལ་བསྐོས་པ་དང་། རིགས་ཆུང་ཚོགས་བཞེངས་གནང་།
༧གོང་ས་བཅུ་གསུམ་པ་ཆེན་པོ་ལས་དགེ་སློང་གི་སྡོམ་པ་མནོས། ཕར་ཕྱིན་འཛིན་གྲྭའི་སྐབས་ནས་བློ་གསལ་མང་པོར་རྒྱུན་ཆགས་སུ་དཔེ་ཁྲིད་གནང་། བཀའ་རམས་འཛིན་གྲྭའི་སྐབས་སེར་སྨད་རྒྱལ་མཚན་ཤཱཀྱ་དང་ལྷན་ཏུ་སེ་ར་བླ་སྤྱིའི་གཙུག་ལག་ཁང་དུ་རིགས་ཆེན་ཚོགས་བཞེངས་དང་པོ་མཛད།
ལྷ་རམས་འཛིན་གྲྭའི་སྐབས་སེར་སྨད་ཆེ་ཤོས་མཆོག་སྤྲུལ་དང་ལྷན་དུ་རིགས་ཆེན་ཚོགས་བཞེངས་གཉིས་པ་གནང་། ལྷ་རམས་འཛིན་གྲྭར་ལོ་བདུན་བཞུགས་རིང་འདུལ་མཛོད་སོགས་གཞུང་རྣམས་ལ་གཟིགས་ཞིབ་ལེགས་པར་མཛད། ༡༩༥༧ ལོར་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་གནང་།
༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་སར་བཞུགས། གྲྭ་ཚང་གི་དགེ་བསྐོས་ལོ་གཅིག་ལ་གནང་། ༡༩༦༤ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་སྤྱི་བོར་ཕེབས་པ་ལྟར། ལོ་དེ་ནས་༡༩༧༤ལོའི་བར་མཁན་ཁྲིར་ལོ་བཅུའི་རིང་བཞུགས་ཏེ། བསྟན་སྲིད་སྤྱི་དང་ཐོས་བསམ་སློབ་གཉེར་ཡར་རྒྱས་སོགས་ལ་མཛད་པ་བསྐྱངས། ལྷག་པར་དུ་ཕྱི་ལོ་༡༩༧༠ལོར་སེར་སྨད་མཁན་རིན་པོ་ཆེ་ངག་དབང་ཐེག་མཆོག་དང་དམ་པ་འདི་གཉིས་ཀྱི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་སེ་ར་ཐེག་ཆེ་གླིང་དང་གྲྭ་ཚང་གཉིས་བཅས་ཕྱག་བཏབ།
༡༩༧༣ ལོར་ད་ལྟའི་སེར་བྱེས་འཕྲོད་བསྟེན་གྱི་སྨན་ཁང་ཡོད་ས་དེར་སེར་བྱེས་གཙུག་ལག་ཁང་བཞེངས་པར་མཛད། ༡༩༨༣ལོ་སྟེ་དགུང་གྲངས་བདུན་ཅུའི་སྐབས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 93 ནས་ 667