རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

རྣམ་དག་ཚུལ་ཁྲིམས་གཙང་མའི་གྲུ་བོ་ཆེས། །
མང་ཐོས་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་། །
ཐུབ་བསྟན་བཤད་སྒྲུབ་རིན་ཆེན་འདོད་རྒུའི་ཆར། །
འབེབ་མཁས་དགེ་བའི་བཤེས་ལ་རྟག་ཏུ་གུས། །
ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་བཙུན་བཟང་གསུམ་གྱི་བདག་ཉིད། བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་ཐུབ་བསྟན་ཁང་བཟང་འདེགས་པའི་ཀ་ཆེན་གཅིག་པུར་གྱུར་པ། གྲྭ་ཚང་སྨད་ཀྱི་དགེ་བའི་བཤེས་གཉེན་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཐུབ་བསྟན་རིན་ཆེན་དཔལ་བཟང་པོ་མཆོག་གློ་བུར་དུ་དགོངས་པ་ཞིང་ཁམས་གཞན་དུ་གཏད་པར་ཡིད་གདུང་དྲག་པོ་དང་བཅས་དམ་པ་ཁོང་གི་རླབས་ཆེན་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་། ཡང་སྲིད་འཁྲུལ་བྲལ་ཉི་མ་གཞོན་ནུའི་ཞལ་བཟང་མྱུར་དུ་འཆར་བའི་སྨོན་ལམ་བཅས།
སེར་བྱེསརིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
༢༠༢༤ཟླ་༧ཚེས་༡༨ལ།

ངོ་ཤོག 1 ནས་ 885