སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun

མཁན་ཆེན་བློ་བཟང་ཚེ་རིང་།

སེར་བྱེས་མཁན་རབས་དོན་གཅིག་པ་བློ་བཟང་ཚེ་རིང་མཆོག་ནི། ཕྱི་ལོ་༡༩༢༣ལོར་བོད་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་གདན་ས་གཙང་དགོན་རྟག་བརྟན་ཕུན་ཚོགས་གླིང་གི་ཉེ་འདབས་གནས་གསར་ཞེས་པའི་ཡུལ་དུ་སྐུ་འཁྲུངས།
དགུང་ལོ་ལྔའི་སྟེང་རྟག་བརྟན་ཕུན་ཚོགས་གླིང་དུ་ཆོས་ཞུགས་ཀྱིས་ཆོས་སྤྱོད་རྣམ་གསུམ་སོགས་ཐུགས་འཛིན་དང་སྐྱོར་སྦྱང་གནང་། དགུང་ལོ་བཅུ་གཉིས་ཀྱི་སྐབས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས།
དེ་ནས་དགེ་བཤེས་མཁྱེན་རབ་བག་བྲོ་བསྟེན་ནས་བསྡུས་གྲྭ་དང་བློ་རྟགས་སོགས་ཀྱི་དཔེ་ཁྲིད་ཞུས་ཤིང་ལོ་ལྔ་ཙམ་གྱི་རིང་གཞིས་དགོན་རྟག་བརྟན་ཕུན་ཚོགས་གླིང་དུ་བཞུགས།
དགུང་ལོ་བཅུ་བདུན་སྐབས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་དང་ཁྲི་ཟུར་ལྷུན་གྲུབ་བརྩོན་འགྲུས་དང་སེར་བྱེས་མཁན་ཟུར་ལྷུན་གྲུབ་ཐབས་མཁས། བཤེས་གཉེན་ངག་དབང་དགེ་འདུན། དགེ་བཤེས་ངག་དབང་རིག་གསལ་བཅས་བསྟེན་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་།
གཞུང་གསར་འཛིན་གྲྭའི་སྐབས་གྲྭ་ཚང་དུ་རིགས་ཆུང་ཚོགས་བཞེངས་དང་། གཞུང་རྙིང་འཛིན་གྲྭའི་སྐབས་གཞིས་དགོན་གྱི་ཕྱག་སྲོལ་ལྟར་དེར་ཕེབས་ཏེ་ཉིན་གཉིས་རིང་དམ་འཇོག་དང་དཀའ་ཆེན་གྱི་མཚན་བཏགས་བཞེས། དེ་ནས་སླར་ཡང་དབུས་སུ་ཕེབས་ཏེ་ཟུར་བཀོལ་དང་ཕར་ཕྱིན། དབུ་མ་བཅས་ལ་གསན་བསམ་མཛད། དབུ་རྙིང་འཛིན་གྲྭའི་སྐབས་གཞིས་དགོན་ནས་ལས་ཁྲལ་ལྟར་དེར་ལོ་གཅིག་རིང་དགེ་བསྐོས་དང་ལོ་གསུམ་ལ་དཔེ་ཁྲིད་གནང་སྟེ་བཞུགས།
༡༩༥༤ ལོར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་དེ་གའི་མཁས་པ་རྣམས་དང་བགྲོ་གླེང་གནང་བ་དང་། དེ་ནས་སེ་རར་ཕེབས་ཏེ་འདུལ་བ་དང་མཛོད་སོགས་ལ་གསན་བསམ་མཐར་ཕྱིན་པར་གནང་།
༡༩༥༩ ལོར་རྒྱ་དམར་གྱི་བཙན་གནོན་འོག་ལོ་བདུན་ཙམ་གྱི་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་སྟེ་མི་སྤྱོད་ལས་འདས་པའི་མནར་གཅོད་ཡ་ང་བ་བཏང་བ་དང་། དེ་རྗེས་རྒྱ་མིའི་སྲིད་ཇུས་ཅུང་གུ་ཡངས་བྱུང་སྟེ་བཙོན་གྲོལ་ཐོབ་ནས་ཀྱང་འཁྲུངས་ཡུལ་དུ་སྐུ་མཆེད་ཀྱི་སར་ལྟ་རྟོག་གི་འོག་ཏུ་ལོ་གསུམ་ཙམ་རིང་སྐུ་ངལ་ཆེན་པོའི་ངང་བཞུགས་དགོས་བྱུང་།
༡༩༦༩ལོར་ཡང་བསྐྱར་རྒྱ་མིས་བོད་མིར་དྲག་གནོན་དང་ཉེས་མེད་སྲོག་ཐོག་གཏོང་བ་སོགས་ཀྱི་བཙན་དབང་འོག་ཏུ་བཞུགས་བློས་མ་བཟོད་པར། འཁྲུངས་ཡུལ་གཅིག་པའི་མི་གཉིས་དང་བཅས་སྐུ་སྲོག་བློས་གཏོང་གིས་ཉིན་མོར་རི་སུལ་དུ་ཡིབས་ཤིང་མཚན་མོར་འགྲུལ་བཞུད་གནང་སྟེ་འབྲས་ལྗོངས་བརྒྱུད་རྒྱ་གར་དུ་ཕེབས་ཐུབ་པ་བྱུང་ན་ཡང་། ཡུལ་ཁྲིམས་ལྟར་ས་གནས་ཀྱི་བཙོན་ཁང་དུ་ཉིན་བཅུའི་རིང་བཀག་ཉར་དང་འདྲི་ཞིབ་གནང་སྟེ་བཞུགས་དགོས་བྱུང་མོད། ༧ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་སེར་བྱེས་གྲྭ་ཚང་གཉིས་ནས་རྣམ་སྲས་གླིང་སྐུ་ངོ་སོགས་ལ་ཕྱག་བྲིས་གནང་བ་ལས། ༡༩༧༠ ལོར་༧རྒྱལ་བའི་སྐུ་ཚབ་དོན་གཅོད་ཀྱིས་ཐུགས་ཁུར་བསྐྱངས་ཏེ་ཁོང་དང་གཞན་མི་བཅོ་ལྔ་བཅས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་ཐུབ་པ་བྱུང་།
དེར་༧ཡོངས་འཛིན་ཁྲིི་བྱང་རིན་པོ་ཆེ་དང་། སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག་གཉིས་ཀྱིས་གྲྭ་ཚང་རང་དུ་བཞུགས་ནས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་དགོས་གསུངས་པ་ལྟར་གྲྭ་ཚང་དུ་བཞུགས།
༡༩༧༣ལོར་སྐབས་དེའི་གྲྭ་ཚང་གི་མཁན་པོ་དོན་གྲུབ་སྟོབས་རྒྱལ་མཆོག་གིས་ལྷ་རམས་དགེ་བཤེས་ཀྱི་མཚན་རྟགས་གནང་ན་ཡང་། བསྙེན་བཀུར་ཞུ་རྟེན་གང་ཡང་མེད་པར་བརྟེན་དགོངས་ཞུ་གནང་ན་ཡང་དགོངས་འཁྲོལ་མ་གནང་སྟབས། ལོ་དེར་གདན་ས་གསུམ་ལ་དམ་འཇོག་དང་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས།
༡༩༧༨ ལོར་ཚོགས་ཆེན་དང་གྲྭ་ཚང་གི་དགེ་བསྐོས་ལོ་གཉིས་གནང་། ༡༩༨༦ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་ཕེབས་དོན་ལྟར་ལོ་དེར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་བཞུགས་ཏེ་ལོ་བདུན་ལྷག་གི་རིང་ཆོས་སྲིད་གཉིས་ནས་ཡར་རྒྱས་དང་གོང་འཕེལ་བཏང་ཞིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོས་སློབ་གཉེར་བ་རྣམས་ལ་སྨན་སླད་ཧིན་སྒོར་༥༠༠༠༠སྩལ་གནང་བྱུང་བ་མ་དངུལ་བྱས་ཏེ་འཕྲོད་བསྟེན་ཁང་གསར་འཛུགས་དང་། སློབ་གཉེར་བའི་གཟིགས་དཔེ་དང་མཐུན་རྐྱེན་ལ་དམིགས་ཏེ་འཕྲུལ་དཔར་ཁང་དང་རུམ་འཐག་བཟོ་གྲྭ་གསར་འཛུགས་མཛད།
མཁན་པོའི་མཛད་ཡུན་འཁྱོལ་ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་ལོ་གསུམ་ཙམ་བཞུགས་རིང་ཡང་༧གོང་ས་མཆོག་གིས་བཀའ་གནང་དོན་ལྟར་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད་གནང་ཞིང་། ཕྱི་རྒྱལ་ཡུལ་གྲུ་དུ་མ་དང་རྒྱུན་དུ་གདན་ས་རང་དུ་བཞུགས་ཏེ་གྲྭ་ཚང་གཉིས་དང་ཕྱི་ནང་གི་དོན་གཉེར་ཅན་མང་པོར་དཔེ་ཁྲིད་སོགས་གནང་མུས་སུ། ༢༠༡༤ལོའི་ཟླ་༧ཚེས་༡ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།[སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་དང་། སེར་བྱེས་ཆོས་འབྱུང་རྟ་བདུན་བདག་པོའི་འོད་ཟེར་གཉིས་ཀྱི་མཁན་གྲངས་བཀོད་སྟངས་མི་མཐུན་པར་འདུག་ན། ང་ཚོས་སྔ་མ་ལྟར་བཀོད་ཡོད།]

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 104 ནས་ 680

༸གོང་ས་མཆོག་གི་སྒྲ་མཛོད།