སེར་བྱེས་མཁན་རབས་དོན་གཉིས་པ་བློ་བཟང་དོན་ཡོད་མཆོག་ནི། ཕྱི་ལོ་༡༩༢༥ ལོར་བོད་གཙང་ལྷ་རྩེ་ཞོལ་དུ་སྐུ་འཁྲུངས། དགུང་ལོ་དགུའི་སྐབས་ལྷ་རྩེ་ཆོས་སྡེར་ཆོས་ཞུགས་དང་། མཁན་ཆེན་བློ་བཟང་རྣམ་རྒྱལ་གྱིས་བདག་གཉེར་གནང་བ་དང་དེའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཡང་མནོས་ཤིང་། དགུང་ལོ་བཅུ་གཉིས་ཀྱི་བར་ཏེ་ལོ་བཞིའི་རིང་ཡི་གེ་འབྲི་ཀློག་སོགས་དང་དགོན་པའི་ཆོས་སྤྱོད་གྱི་རིམ་པ་བློ་འཛིན་རྒྱུགས་སྤྲོད་དང་། མཚན་ཉིད་པའི་ཁོངས་སུ་ཞུགས་ནས་༧གོང་ས་ལྔ་པའི་ཕར་ཕྱིན་ཆ་ཚང་དང་། དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་གཟིངས། མཛོད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་བཅས་བློ་འཛིན་དང་རྒྱུགས་འབུལ་ཞུས།
དགུང་ལོ་བཅུ་གསུམ་ནས་ལོ་བདུན་ཙམ་གྱི་རིང་ལ་དགོན་པའི་དགེ་བཤེས་བགྲེས་པ་རྣམས་དང་། ༧པཎ་ཆེན་ཆོས་ཀྱི་ཉི་མའི་མཚན་ཞབས་པ་དགའ་བྱང་དགེ་བཤེས་དམ་ཆོས་བསྟན་འཕེལ་གྱི་མདུན་ནས་བསྡུས་གྲྭ་སོགས་ལ་སྦྱངས། ༡༩༤༣ལོ་སྟེ་དགུང་ལོ་བཅུ་དགུའི་སྐབས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས་དང་། མཁན་རིན་པོ་ཆེ་ལྷུན་གྲུབ་ཐབས་མཁས། དགེ་བཤེས་ངག་དབང་དགེ་འདུན། དགེ་བཤེས་ངག་དབང་རིག་གསལ་སོགས་བསྟེན་ནས་གཞུང་ཆེན་སློབ་གཉེར་དང་། གཞུང་གསར་འཛིན་གྲྭའི་སྐབས་སྦྱོར་ལམ་སྔ་རྒོལ་གྱི་རིགས་ཆུང་ཚོགས་བཞེངས་གནང་།
༡༩༥༤ ལོར་བཀྲ་ཤིས་ལྷུན་པོར་རྩོད་རྒྱུགས་ཐེངས་དང་པོ་བཞེས་སྐབས། རྡོ་གཅལ་ཆེན་མོར། ཕར་ཕྱིན་སྐབས་བཞི་པའི་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐོར་ནས་རྟགས་གསལ་བགྲོ་གླེང་དང་། དཀྱིལ་ཁང་གྲྭ་ཚང་དུ་དབུ་མའི་སྐོར་ལ་དམ་བཅའ་ཉིན་འཁྱོངས་བཞག །༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དགོངས་གཞི་བཞིན་ ༡༩༥༨ ལོར་བཀྲ་ཤིས་ལྷུན་པོར་ཉི་འོད་སློབ་གྲྭ་ཆེད་འཛུགས་བསྐྱངས་པར་བཅར་ཏེ་ལོ་ཕྱེད་གཉིས་རིང་གཞུང་ཆེན་ཁག་ལ་བསྐྱར་ཞིབ་སློབ་གཉེར་དང་། རྒྱལ་རབས་ཆོས་འབྱུང་། སྙན་སུམ་རིག་གནས་ཀྱི་སྐོར་ལའང་ཐུགས་གཉེར་གནང་།
༡༩༦༡ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་སར་སློབ་གཉེར་གྱི་འཕྲོ་བསྐྱངས་ཤིང་ཞོར་དུ་གྲྭ་ཚང་དཔར་ཁང་དུ་དཔེ་ཆར་ཞུས་དག་གནང་། ༡༩༦༧ ལོར་ཝཱ་རཱ་ཎ་སཱིའི་མཐོ་སློབ་ཏུ་ལོ་གསུམ་བཞུགས་ཏེ་ཨ་ཙཱརྱའི་སློབ་ཐོན་ལག་འཁྱེར་བཞེས།
༡༩༧༡ལོར་རང་གཞུང་ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་ལྟར། རྒྱུད་སྨད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་ལོ་བཅུ་ཙམ་རིང་ཆོས་ཐོག་འགྲིམ་པ་དང་། ཡི་དམ་ཁག་གི་ཆོ་ག །དཀྱིལ་འཁོར་བྲི་ཐིག་སོགས་ལ་སྦྱང་བརྩོན་གནང་། གཞན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཡོངས་འཛིན་རྣམ་གཉིས། རྒྱུད་གྲྭའི་མཁན་པོ་སོགས་ལས་རྒྱུད་སྡེ་ཁག་གི་དབང་ལུང་མན་ངག་གང་མང་ཞུས།
༡༩༧༦ལོར་ཊཱིཀྐའི་སྐྱོར་དཔོན་གནང་། ལོ་དེར་སྔགས་ཀྱི་དམ་བཅའ་དང་། ༡༩༨༠ལོར་ཁྲིད་ཁང་སྐྱོར་དཔོན་གནང་། ལོ་དེར་དགེ་བཤེས་བཟོད་པ་མཆོག་གིས་སྐུལ་མ་གནང་བ་ལྟར་ཨ་རིར་ཕེབས་ཏེ་ཕྱི་ནང་གི་དོན་གཉེར་ཅན་དག་ལ་ལམ་རིམ་ཆེ་ཆུང་སོགས་ཀྱི་ཆོས་སྦྱིན་གང་མང་གནང་།
༡༩༩༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་ཕེབས་དོན་ལྟར་ལོ་དེར་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་ལོ་ལྔ་དང་ཕྱེད་ཀྱི་རིང་སློབ་གཉེར་འཕེལ་རྒྱས་སོགས་ལ་དམིགས་ཏེ་དབུ་ཕར་འཛིན་གྲྭའི་སློབ་ཡུན་སྤར་བ་དང་། དཔལ་ཡི་དམ་རྟ་མགྲིན་ཡང་གསང་གི་སྐུ་ཐང་མདུན་དུ་སེར་བྱེས་གྲྭ་ཚང་གི་སྒྲིག་ཁོངས་ཀྱི་བླ་གྲྭ་འདུས་མང་ཡོངས་ལ་རྩོད་གཞི་ཅན་གྱི་དྲེགས་པ་དོལ་རྒྱལ་ནམ་ཡང་བསྟེན་གསོལ་མི་བྱེད་པའི་མནའ་སྐྱེལ་དམ་འཇོག་གནང་དུ་བཅུག་པ་སོགས་ཆོས་སྲིད་གཉིས་ཆ་ནས་དྲིན་གྱིས་བསྐྱངས་ཤིང་། ༢༠༠༩ ལོའི་ཕྱི་ཟླ་༡༡ཚེས་༣ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད། [སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་དང་། སེར་བྱེས་ཆོས་འབྱུང་རྟ་བདུན་བདག་པོའི་འོད་ཟེར་གཉིས་ཀྱི་མཁན་གྲངས་བཀོད་སྟངས་མི་མཐུན་པར་འདུག་ན། ང་ཚོས་སྔ་མ་ལྟར་བཀོད་ཡོད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།