རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
སྔགས་ས་ལམ་གྱི་རྣམ་གཞག་ཟུང་འཇུག་ཁང་བཟང་བགྲོད་པའི་ཐེམ་སྐས།
མཛད་པ་པོ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།
བརྗོད་བྱ། གསང་སྔགས་ཀྱི་ས་ལམ་བགྲོད་ཚུལ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0403
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 362 ལྗིད་ཚད། 2MB
སྒྲིག་སྦྱོར་བ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི། མདོ་སྨད་ཅོང་ཆུའི་ཉེ་འགྲམ་ཡབ་རྟ་མགྲིན་དང་། ཡུམ་ཚེ་མདོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༨༤༥ལོར་འཁྲུངས། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། ཆུ་བཟང་རིན་པོ་ཆེ་བློ་བཟང་ཐུབ་བསྟན་རབ་རྒྱས་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཀྱི་དྲུང་དུ་བསྙེན་པར་རྫོགས། སྐུ་འབུམ་གྱི་སྐུ་འབུམ་གྱི་ཁྲིར་བཞུགས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གདན་ས་བྱ་ཁྱུང་དགོན་པའི་ཁྲི་ལ་བཞུགས། རྩིས་སྐར་ནག་དང་། དགའ་ལྡན་རྩིས་གསར་སོགས་རྩིས་རིག་གསན་བཞེས་མཛད། དགུང་ལོ་དོན་གཅིག་ལ་སྟེ་ཕྱི་ལོ་༡༩༡༥ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
ཁོང་གི་བརྩམས་ཆོས་ནི། [སྐུ་འབུམ་གྱི་གདན་རབས་] [དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་མངོན་པར་དྲངས་པའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ་] [བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་] [སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་རྗེས་གནང་སྐབས་སུ་ཉེ་བར་མཁོ་བའི་མཆོད་གཏོར་སོགས་ཀྱི་ལག་ལེན་ཐུར་དུ་བཀོལ་བ་ཀུན་གསལ་མེ་ལོང་] [གསང་ཆེན་རྡོ་རྗེ་ཐེག་པའི་ས་དང་ལམ་གྱི་རྣམ་པར་གཞག་པ་ཟུང་འཇུག་ཁང་དུ་བགྲོད་པའི་རིན་ཆེན་ཐེམ་སྐས་]སོགས་བཀའ་རྩོམ་པོད་འབྲིང་བཅུ་ཙམ་མཛད།
PDF ཕབ་ལེན། |
---|