སྒྲ་མཛོད་དཔེ་ཁྲིད་ཀྱི་སྐོར།

འདི་གའི་རིག་མཛོད་དྲ་ཚིགས་སུ་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་རིས་སུ་མ་ཆད་པ་དང་རིས་སུ་མ་ཆད་པའི་མཁས་དབང་རྣམ་པའི་འཆད་ཁྲིད་སོགས་འཇོག་རྒྱུའི་འཆར་གཞི་ཡོད་ན་ཡང་། དྲ་ཚིགས་གསར་བཟོའི་འཆར་འགོད་དང་སྡེ་ཚན་དབྱེ་འབྱེད། དཀར་ཆག་དང་ངོ་སྤྲོད་སོགས་དང་འཕྲུལ་དེབ་གང་མང་རྩོམ་སྒྲིག་བྱེད་དགོས་པ་སོགས་ཀྱི་བྲེལ་ཟིང་གི་ཁྲོད། གཞན་ལ་འབྲེལ་གཏུགས་སོགས་བྱེད་རྒྱུ་མ་བྱུང་བས་༼མཁས་པ་གཞན་ཁུངས་ཀྱི་སྒྲ་མཛོད་༽དུ། གནས་སྐབས་སུ་གྲྭ་ཚང་གི་དཔེ་ཁྲིད་རྒན་རྣམ་པའི་དཔེ་ཁྲིད་ལག་ཏུ་གང་ཡོད་དག་འདེམས་སྒྲུག་བྱེད་དགོས་བྱུང་སོང་ལ།

དཔེ་ཁྲིད་ཕལ་ཆེ་བ་ནི་འདི་ག་གྲྭ་ཚང་གི་དཔེ་ཁྲིད་རྒན་རྣམ་པའི་དཔེ་ཁྲིད་ཡིན་ཞིང་། ཉུང་ཤས་ཤིག་སེར་བྱེས་དཔེ་མཛོད་ནས་ལག་སོན་བྱུང་བ་ལས་གཞན་ཚང་མ་འདི་ག་རྩོམ་སྒྲིག་ཁང་གིས་དོན་གཉེར་ཅན་གྱི་སློབ་གཉེར་བ་སོགས་བརྒྱུད་ནས་འཚོལ་བསྡུ་བྱས་པ་ཡིན་ལ། དཔེ་ཁྲིད་ཚང་མ་སློབ་གཉེར་བ་རྣམས་ཀྱིས་འཛིན་གྲྭའི་དཔེ་ཁྲིད་ཀྱི་སྐབས་སུ་ཐད་ཀར་སྒྲ་ལེན་བྱས་པ་ཡིན་པས། གཞུང་རིལ་པོ་མེད་པ་དང་། གཞུང་ཚན་གཅིག་ལའང་ནང་དུ་ཁ་མ་ཚང་བ། སྒྲ་ལེན་འཕྲུལ་ཆས་ལེགས་པོ་མེད་པས་གསལ་བོ་མེད་པ་དང་། དགེ་རྒན་རྣམ་པས་གྲྭ་ཚང་གི་རྒྱུགས་སྤྲོད་ཀྱི་སྔོན་ཏེ་ཟླ་དྲུག་གི་ནང་དུ་འཛིན་གྲྭ་རེའི་རྩོད་མཚམས་ཁྲིད་ནས་རྫོགས་དགོས་ཤིང་། ཉིན་རེར་འཛིན་གྲྭ་མང་པོར་དཔེ་ཁྲིད་བྱེད་དགོས་པ་དང་། ཉིན་རེར་འཛིན་གྲྭ་མང་པོར་དཔེ་ཁྲིད་བྱེད་དགོས་པ་སོགས་ཀྱིས། ཆེད་གཉེར་གྲ་སྒྲིག་བྱས་ཏེ་འཁྲིད་པ་ལྟ་བུ་ཞིག་ཡིན་མིན་མ་ཤེས་ཀྱང་། དཔེ་ཁྲིད་ཀྱི་འོད་སྡེར་ཉོ་བ་དང་། མངགས་ཉོ་བྱས་ཏེ་སྦྲག་ཁང་སོགས་བརྒྱུད་བོད་དུ་གཏོང་བ་སོགས་ཀྱིས་སློབ་གཉེར་བ་རྣམས་ལ་ཕན་ཐོགས་ཀྱིན་ཡོད་པ་དངོས་ཡོད་མཐོང་གསལ་ལྟར་དང་།
ཐོག་མའི་འཆར་གཞི་ལྟར་ན་སྒྲ་ལེན་ཁང་དུ་ཆེད་དུ་དགེ་རྒན་རྣམ་པ་གདན་ཞུས་ཀྱིས་གཞུང་ཚན་རེ་རེ་འཁྲིད་བཅུག་སྟེ། སྒྲ་ལེན་དང་། འབྲེལ་མེད་རྣམས་གཅོད་གཏུབ་སོགས་དང་། སྒྲིག་སྦྱོར་གང་ལེགས་བྱས་རྗེས་དྲ་ངོས་སུ་འཇོག་རྒྱུའི་འཆར་གཞི་ཡོད་ན་ཡང་། ལས་བྲེལ་གྱི་རྐྱེན་གྱིས་ལག་ཏུ་གང་ཡོད་ཀྱི་དཔེ་ཁྲིད་དག་ལ་སྒྲིག་སྦྱོར་ཅུང་ཟད་རེ་ལས་བྱེད་མ་ཐུབ་ལ།
དཔེ་ཁྲིད་ཕལ་ཆེ་བ་ཞིག་འོད་སྡེར་དུ་ཕབ་སྟེ་སྔོན་མ་ནས་བཀྲམས་ཚར་འདུག་པ་དང་། དཔེ་ཁྲིད་མང་པོ་ཞིག་གྲྭ་ཚང་གི་དྲ་ཚིགས་གཞན་དུ་ལོ་ཤས་སྔོན་ནས་བཞག་འདུག་པ། སྤྱིར་ང་ཚོས་སྤྱི་སྒེར་ལ་ཕན་པའི་འཆད་ཁྲིད་ཀྱི་རིགས་གང་མང་ཞིག་ཡིག་ཚགས་ཀྱི་ངོ་བོར་ཉར་ཚགས་བྱ་རྒྱུ་དེ་གཙོ་བོར་འཛིན་གྱིན་ཡོད་པ་སོགས་ཀྱིས། ང་ཚོས་རྒན་རྣམ་པར་ཆོག་མཆན་ཙམ་ཡང་མ་ཞུས་པར་དྲ་ཚིགས་སུ་བཞག་པ་ཡིན། དཔེ་ཁྲིད་དག་ལ་བཅད་སྒྲིག་སོགས་བྱ་དགོས་པ་ཡང་མང་པོ་ཞིག་མཐོང་མོད། འདིར་དྲ་ཚིགས་སུ་སྡེ་ཚན་སོ་སོར་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ། འཕྲུལ་དེབ་བརྒྱ་ལྷག་རྩོམ་སྒྲིག་བྱེད་དགོས་པ་དང་། སྒྲ་དང་བརྙན་ཡང་བརྒྱ་ཕྲག་ལྷག་གྲ་སྒྲིག་དང་རྩོམ་སྒྲིག་བྱེད་དགོས་པས། ལས་བྱེད་ཉུང་ངུ་ཞིག་ལས་མེད་པའི་ང་ཚོས་སྒྲིག་བཟོ་ཆུང་ངུ་རེ་ལས་བྱེད་མ་ཐུབ་པར་དྲ་ངོས་སུ་འཇོག་དགོས་བྱུང་སོང་ན། དཔེ་ཁྲིད་དགེ་རྒན་རྣམ་པར་སྙིང་ནས་བཟོད་གསོལ་དང་། གལ་ཏེ་ཁྲིད་ཀྱི་ནང་དུ་གསན་པ་པོའི་ཐུགས་ལ་འཕོག་པ་ལ་སོགས་པའི་ནང་དོན་འདྲ་བྱུང་ན། རླུང་ནང་གི་མར་མེ་ལྟར་གྱུར་པའི་ང་ཚོའི་མི་རིགས་ཀྱི་ལས་དབང་ལ་དགོངས་བཞེས་ཀྱིས་དེ་ནི་དགེ་རྒན་རྣམ་པས་དཔེ་ཁྲིད་ཀྱི་སྐབས་སུ་སློབ་བུ་ཚོའི་སེམས་ཁམས་དང་བསྟུན་པ་དང་། དེ་ཡང་གདུལ་བྱ་འདུལ་བའི་ཐབས་ཤིག་ལ་དགོངས་རྒྱུ་ལས་གླེང་ཕྱོགས་གཞན་མི་བཟོ་རྒྱུ་མཁྱེན་མཁྱེན་ཞེས་དང་། རྗེས་སུ་དུས་བསྟུན་གྱིས་སྒྲ་ཇེ་གསལ་དུ་གཏོང་བ་སོགས་ཀྱིས་མཚོན་བསྐྱར་ཞིབ་བྱ་རྒྱུ་ཡིན་ལ། མཁྱེན་ཡངས་ལྷག་བསམ་གྱིས་ཕྱུག་པ་དག་གིས་དམ་པ་དང་མཁས་དབང་རྣམ་པའི་འཆད་ཁྲིད་སོགས་འདི་ག་རྩོམ་སྒྲིག་ཁང་དུ་ཞལ་འདེབས་གནང་ཚེ་ང་ཚོས་བརྟག་དཔྱད་བརྒྱུད་འདེམས་སྒྲུག་གིས་སྒྲིག་བཟོ་བྱས་ནས་དྲ་ངོས་སུ་འཇོག་རྒྱུ་ཡིན།
གཞན་དྲ་ཚིགས་ཀྱི་ལྗིད་ཚད་དང་འཇོག་སྟབས་བདེ་མིན་སོགས་ཀྱིས་སྒྲ་མཛོད་ཕབ་ལེན་གྱི་ནང་དུ་ཐད་ཀར་གསན་རྒྱུར་གང་ཡོད་ཀྱི་གཞུང་ཚན་སོ་སོའི་དཔེ་ཁྲིད་ཆ་ཚང་ངམ། ཡོངས་རྫོགས་བཞག་མེད་ན། གལ་ཏེ་དོན་གཉེར་དང་ལྡན་པ་ཚོར་ཐད་ཀར་གསན་རྒྱུའི་ནང་དུ་གང་ཡོད་ཀྱི་གཞུང་ཚན་སོ་སོའི་དཔེ་ཁྲིད་རྣམས་དགོས་ཚེ། འདི་གར་འབྲེལ་གཏུགས་གནང་ཚེ་གློག་འཕྲིན་སོགས་བརྒྱུད་དེ་འཕུལ་ངེས་ཡིན།

འཕྲུལ་དེབ་ཀྱི་སྐོར།

འདི་གར་ལས་བྱེད་ཉུང་བ་དང་། དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་དྲ་ངོས་སུ་འཇོག་རྒྱུའི་འཕྲུལ་དེབ་བརྒྱ་ཕྲག་བརྒལ་བ་ཞིག་རྩོམ་སྒྲིག་བྱེད་དགོས་བྱུང་བས། ཞུས་དག་དང་མ་ཕྱིར་གཤིབ་བསྡུར་ལེགས་པོ་ཞིག་བྱེད་མ་ཐུབ་པས་ཡིག་ནོར་སོགས་ནོར་འཁྲུལ་གང་འཚམ་ཤོར་ཡོད་པ་དང་། དཀར་ཆག་དང་འབྲེལ་སྣེ་སོགས་མཐུད་རྒྱུར་སྡེ་ཚན་སོ་སོར་གཞུང་ཚན་ཆུང་ངུ་རེའམ། ལེའུ་ལྟ་བུ་རེ་འཕྲུལ་དེབ་ཏུ་བཟོས་ཏེ་འཇོག་དགོས་བྱུང་སོང་ན་གཟུར་གནས་བློ་ལྡན་རྣམས་ལ་བཟོད་གསོལ་ཞུ་རྒྱུ་དང་། རིམ་གྱིས་ང་ཚོས་བསྐྱར་ཞིབ་སོགས་བྱ་རྒྱུ་ཡིན་ལ། མཁྱེན་ཡངས་རྩོམ་པ་པོ་དང་རྩོམ་སྒྲིག་པ། གངས་ཅན་པའི་ཆོས་དང་རིག་གཞུང་ལ་ཤ་ཚ་ཡོད་མཁན་གྱི་ལྷག་བསམ་ཅན་རྣམས་ཀྱིས་རང་རེའི་གངས་ཅན་པའི་ཤེས་རིག་གི་འོད་སྣང་འཕེལ་རྒྱས་སོགས་ལ་དགོངས་ཏེ། མཁས་པ་སྔ་མའི་གསུང་རབ་དང་། ཕྱིས་ཀྱི་མཁས་དབང་དག་གི་བརྩམས་ཆོས། དེང་རབས་ཀྱི་སྣ་མང་རྩོམ་རིག་གི་བརྩམས་ཆོས་དྲ་ཚིགས་སུ་འཇོག་འོས་པ་གང་ཡོད་རྩིས་འཁོར་དུ་བཏགས་ནས་སམ། འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་ང་ཚོར་ཞལ་འདེབས་གནང་ཚེ། ལག་གཉིས་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཁས་པ་སྔ་མའི་གསུང་རབ་ལ་སྐབས་བསྟུན་གྱིས་ང་ཚོས་བསྐྱར་ཞུས་དང་། འདི་ག་རྩོམ་སྒྲིག་ཁང་གི་སྒྲིག་གཞི་ལྟར་འཕྲུལ་དེབ་གསར་བསྒྲིགས་བྱེད་རྒྱུ་ལས་གཞན། རྩིས་འཁོར་དུ་བཏགས་པ་པོའི་མཚན་དང་ཞལ་འདེབས་གནང་མཁན་གྱི་མཚན་རང་སོར་འཇོག་རྒྱུ་དང་། གཞན་རྩོམ་པ་པོ་ཚད་ལྡན་དག་གི་བརྩམས་ཆོས་རྩོམ་པ་པོའི་དགག་བྱ་མེད་པ་རྣམས། རྩོམ་པ་པོ་རང་ཉིད་དམ་ལྷག་བསམ་ཅན་དག་གིས་འཕྲུལ་དེབ་EPUB ཏུ་རྩོམ་སྒྲིག་བྱས་ཡོད་པ་དག་ལ། རྒྱབ་ཤའི་ཟུར་ཆུང་ངུ་ཞིག་ལ་འདི་ག་རྩོམ་སྒྲིག་ཁང་གི་ལས་རྟགས་དང་། བསྡོམས་ཐོ་ལེན་སླ་ཕྱིར་དེབ་ཨང་དགོད་རྒྱུ་དང་། PDF བཟོས་མེད་པ་དག་ལ་གསར་དུ་PDF བཟོ་རྒྱུ་ལས་གཞན། དེབ་གཟུགས་སོགས་ལ་བཅོས་བསྒྱུར་མི་བྱེད་པར་རང་སོར་འཇོག་རྒྱུ་ཡིན་ལ། འཕྲུལ་དེབ་ཏུ་བཟོས་མེད་པ་ཞུས་དག་བྱ་དགོས་རིགས་ལ་འདི་ག་རྩོམ་སྒྲིག་ཁང་ལ་ལས་བྱེད་ཉུང་ངུ་ལས་མེད་པས། ཞུས་དག་གཏོང་ཁོམ་མེད་ན་ལྷག་བསམ་དང་མཁྱེན་རྒྱ་ཡངས་པའི་སྐྱེ་བོ་དག་གིས་ཞུས་དག་བཏང་སྟེ་ང་ཚོར་གནང་ཚེ། འདི་ནས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱ་ངེས་ཡིན།
གཞན་འཕྲུལ་དེབ་ཀྱི་དབུར་ཚོད་ལྟ་ཞེས་གསལ་བ་དག་ནི་བསྐྱར་ཞིབ་བྱས་མེད་པ་དག་ཡིན་པས། དེ་ཉིད་མཆོག་ཉིད་ཀྱིས་གཟིགས་རྒྱུ་ལས་འགྲེམས་སྤེལ་སོགས་མ་བྱས་ན་ལེགས།