- མདུན་ངོས།
- ཚོམས།
- རྣམ་ཐར་གྱི་ཚོམས།
- བུ་སྟོན་རིན་ཆེན་གྲུབ།
བུ་སྟོན་རིན་ཆེན་གྲུབ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།བུ་སྟོན་རིན་ཆེན་གྲུབ་ནི། ཕྱི་ལོ་ ༡༢༩༠ ལོར་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་ཞེས་བྱ་བའི་ཡུལ་དུ་ཡབ་བླ་མ་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང༌། ཡུམ་སློབ་དཔོན་མ་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
དགུང་ལོ་ལྔ་པ་ནས་མ་ཡུམ་ལས་ཡི་གེའི་སྦྱོར་ཀློག་དང་། དཔོན་རྒྱམ་སེང་ལས་རྩིས་དང་ཡི་གེའི་རིག་པ་ལ་སྦྱངས། དགུང་ལོ་བདུན་པར་ཁྲོ་ཕུ་བསོད་ནམས་སེང་གེའི་དྲུང་དུ་ཐེག་ཆེན་སེམས་བསྐྱེད་ཞུས།
དགུང་ལོ་བརྒྱད་པར་ཁྲོ་ཕུ་བ་དེ་ཉིད་ལས་ས་ལུགས་ཀྱི་བདེ་མཆོག་དྲིལ་བུ་བའི་དབང་བཞི་རྫོགས་པར་ཞུས་པ་དང་། གཞན་མན་ངག་ཟབ་ཆོས་ཀྱང་གསན། ཉིད་ཀྱི་མེས་པོ་བླ་ཆེན་ཚུལ་ཁྲིམས་དཔལ་བཟང་གི་སྤྱན་སྔར་གསང་བ་སྙིང་པོ་དང་། དགོངས་འདུས་ལ་སོགས་པའི་རྒྱུད། སྤར་ཁབ་ལ་སོགས་པའི་འགྲེལ་པ། མདོར་ན་གསང་སྔགས་རྙིང་མའི་རྒྱུད་འགྲེལ་པ་འགྲེལ་བཤད་གནུབས་པ་ནས་བརྒྱུད་པ་ཆ་ཚང་དང་། རྫོགས་པ་ཆེན་པོ་ཀུན་བྱེད་སྔ་འགྱུར་ལྔ། ཕྱིས་འགྱུར་བཅུ་གསུམ། སེམས་སྡེ་མ་བུ་བཅོ་བརྒྱད། ཀློང་སྡེའི་སྐོར་ལ་སོགས་པ། ཞི་བྱེད་རྒྱུད་ཕྱི་མ་ལ་སོགས་པ་དང་། གུ་རུའི་གཏེར་མ་ལ་སོགས་པའི་ཆོས་སྐོར་རྣམས་གསན། གཞན་ཡང་སྨན་དཔྱད། བཟོ་རིག །བཅུད་ལེན། མཁྱུད་སྤྱད་ལ་སོགས་པ་མང་པོ་གསན།
དགུང་ལོ་བཅོ་བརྒྱད་པ་ ༡༣༠༧ ལ་ལོ་ཙཱའི་མཁན་བརྒྱུད་འཛིན་པའི་ཁྲོ་ཕུའི་མཁན་ཆེན་རིན་ཆེན་སེང་གེ་དཔལ་བཟང་དང་། མཁས་མཆོག་ཚད་མའི་སྐྱེས་བུའམ་སློབ་དཔོན་རིགས་ཐིགས་པའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་དུ་བསྒྲུབས། མཁན་པོ་དེ་ཉིད་ལས་སེམས་བསྐྱེད་དང་ཕར་ཕྱིན་སོགས་ཞོར་ཉན་དུ་མཛད། སློབ་དཔོན་ཚད་མའི་སྐྱེས་བུའམ་བསོད་ནམས་མགོན་གྱི་དྲུང་དུ་ཐོག་མར་ཕར་ཕྱིན་འགྲེལ་ཆུང་ལ་ཐུགས་སྦྱོང་མཛད། དེ་ནས་ཕར་ཕྱིན་དང་འདུལ་བ་ཚད་མའི་གཞུང་སོགས་གསན་ཏེ་ལོ་གཉིས་ཙམ་གྱི་རིང་ཉིན་མོ་གསོལ་བ་དལ་ལྷོད་ཀྱིས་བཞེས་ལོང་དང༌ན་བཟའ་རལ་པའང་འཚེམ་ལོང་མེད་ལ། མཚན་མོ་དཀར་མེའི་འོད་ལ་དཔེ་གཟིགས་མཛད་པ་སོགས་བརྩོན་པ་ཆེན་པོ་མཛད། གཞན་ཕར་ཕྱིན་རྔོག་ལུགས། འབྲོམ་ལུགས། ཁུ་ལུགས། དེ་དག་གི་རྒྱབ་ཆོས་ཉི་ཁྲི་སྣང་བ་སོགས་ཕར་ཕྱིན་དང་། སྤྱོད་འཇུག་ལ་སོགས་པའི་མདོ་སྡེའི་སྐོར། མདོ་རྩ་དང་མེ་ཏོག་ཕྲེང་རྒྱུད་ལ་སོགས་འདུལ་སྐོར་རྣམས་ཀྱང་ཞོར་ཉན་དུ་མཛད་པ་དང་། གཞན་སློབ་དཔོན་ཚད་མའི་སྐྱེས་བུ་དེ་ཉིད་ལས་ཕྱག་ཆེན་བརྡའི་སྐོར། སེམས་ཉིད་ངལ་གསོའི་སྐོར། མན་ངག་བརྒྱ་རྩའི་སྐོར་སོགས་མན་ངག་གི་སྐོར་མང་པོའང་ཞོར་ཉན་དུ་གསན། ཉིད་ཀྱི་བླ་མ་ཡང་རྩེ་བ་རིན་ཆེན་སེང་གེ་ལས་དྲིལ་བ་པའི་དབང་དང་རྩ་རྒྱུད་ལ་སོགས་པའི་བདེ་མཆོག་གི་སྐོར། བདེ་ཆེན་གྱི་དབང་བཀའ་དང་རྒྱུད་ཀྱི་བཤད་བཀའ་སོགས་བདེ་རལ་གཅིག་གི་སྐོར། དགྲ་ནག་ཞང་ལུགས་དང་འཇིགས་བྱེད་སྐྱོ་ལུགས་ཀྱི་དབང་བཀའ་སོགས་གཤིན་རྗེའི་གཤེད་ཀྱི་སྐོར། འཁོར་ཆེན་གྱི་དབང་བཀའ་སོགས་གསན། གཞན་སློབ་དཔོན་དོན་གྲུབ་དཔལ་དང་། ཉིད་ཀྱི་ཡབ་བླ་མ་བྲག་སྟོན་རྒྱལ་མཚན་དཔལ་བཟང་པོ་སོགས་ལས་ཀྱང་ཟབ་ཆོས་མང་པོ་གསན།
དགུང་ལོ་ཉེར་གཅིག་པར་ཡབ་བླ་མ་བྲག་སྟོན་པ་དང་ལྷན་ཅིག་ཏུ་དབུས་གཙང་གི་ཆོས་སྡེ་ཆེན་པོ་རྣམས་སུ་གྲྭ་སྐོར་མཛད། དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང་། ཁ་རག་བྱང་གཞོན། གཙང་ནས་མཁས་པ་དཔལ་ལྡན་སེང་གེ་དང༌། འཇམ་སྐྱ་སོགས་དང་ལུང་རིགས་ཀྱིས་བརྒལ་བརྟག་གནང་བས། མཁས་པའི་ཁྲོད་དུ་ཕ་སྟོན་པ་ལ་བུའང་སྟོན་པ་བྱུང་འདུག་ཅེས་བུ་སྟོན་ཞེས་པའི་མཚན་ཡང་དེ་ནས་ཐོགས་པར་བཤད།
དགུང་ལོ་ཉེར་གསུམ་པ་ ༡༣༡༢ ལོར་པཎ་ཆེན་གྱི་མཁན་བརྒྱུད་བཞི་པ་མཁན་ཆེན་གྲགས་པ་གཞོན་ནུ་དང༌། སློབ་དཔོན་ལས་བྱེད་པ་བསོད་ནམས་གྲགས་པ། སློབ་དཔོན་གསང་སྟེ་སྟོན་པ་འདུལ་འཛིན་བསོད་ནམས་བཟང་པོ། དད་པའི་དགེ་འདུན་དཀོན་མཆོག་བཟང་པོས་ཐོག་དྲངས་པ་ཉི་ཤུ་རྩ་གཉིས་ཀྱི་དབུས་སུ་བསྙེན་པར་རྫོགས་པ་མཛད། མཁན་པོ་དེ་ལ་སོ་ཐར་གྱི་མདོ་སོགས་གསན་པ་དང་ཤེར་སྙིང་མདོ་སྒྲུབ་སོགས་ཞོར་ཉན་དུ་མཛད། སློབ་དཔོན་བསོད་ནམས་གྲགས་པ་ལས་འདུལ་བ་མདོ་རྩ་ལ་བྱ་ཊཱིཀ་བཏབ་པའི་བཤད་བཀའ་སོགས་གསན།
ཁྲོ་ཕུར་ཕར་ཕྱིན་དང༌། འདུལ་བ། མངོན་པ་བཅས་ཀྱི་འཆད་ཉན་ལེགས་པར་མཛད། ཆོས་སྒང་ལ་ཕར་ཚད་བསྡུས་གསུམ་དང་། མངོན་པ་ཀུན་བཏུས་ལ་སོགས་པ་ལ་བཤད་པའི་རྐང་མཛད། ཆོས་བར་ལ་འཁྲེན་བྲག་ལུང་། ཉང་རོ་ཤུག་པ་རི། ཁྲོ་ཟངས་ཁ་སོགས་སུ་ཕར་ཚད་མངོན་པ་ལ་སོགས་པའི་བཤད་པ་དང་ཞར་ཆོས་གང་མང་གནང་བ་དང་། དགེ་སློང་དགེ་ཚུལ་རབ་བྱུང་དགེ་བསྙེན་ལ་སོགས་ཁྲི་ཕྲག་ཏུ་ལོངས་པའི་མཁན་སློབ་མཛད།
དེ་ནས་ཐར་པ་གླིང་དུ་ཕེབས་ནས་ལོ་ཙཱ་བ་ཆེན་པོ་ཐར་ལོ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་ལོ་བཞི་ལྷག་ལ་སྒྲ་ཙནྡྲ་པ་དང་ཀ་ལཱ་པའི་མདོ་འགྲེལ་དང་བཅས་པར་སྦྱངས་པ་དང་ཆབས་ཅིག་སྙན་ངག །སྡེབ་སྦྱོར། ཟློས་གར། མངོན་བརྗོད་སོགས་ལའང་སྦྱངས། རྒྱ་གར་སོགས་སུ་ཕེབས་མ་མྱོང་ནའང་རྒྱ་གར་ཤར་ནུབ་དང༌། ཁ་ཆེ། སིངྒ་གླིང་ལ་སོགས་པའི་ཡི་གེའི་རིགས་མི་འདྲ་བ་མཁྱེན་པའི་ལོ་ཙཱ་བར་གྱུར། བཀའ་དང་བསྟན་བཅོས་མང་དག་ཅིག་བོད་བསྒྱུར་མཛད།
གསུང་ངག་རིན་པོ་ཆེ་ལས་དུས་འཁོར་གྱི་དབང་གོང་མ་སོགས་ཞུས་ཏེ། འདག་སྦྱར་གྱིས་སྐུ་མཚམས་ལ་རྩེ་གཅིག་ཏུ་སྒོམ་པའང་མཛད། གཞན་ཡང་སྦྱོར་བ་དྲུག་དང་རྒྱུད་ཕྱི་མ་སོགས་དུས་འཁོར། རྡོ་རྗེ་སྙིང་འགྲེལ་ལ་སོགས་པ་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་དུ་མ་གསན་པ་དང་། བླ་མ་དམ་པ་དཔལ་ལྡན་སེང་གེ་ལས་དུས་འཁོར་གྱི་དབང་བཀའ་རྭ་འབྲོའི་དགོངས་པ་གཅིག་ཏུ་དྲིལ་བ་སོགས་དབང་བཀའ་མང་དུ་ཞུས།
གཞན་དུས་འཁོར་ལ་ཐུགས་སྦྱོང་མཛད་ཕྱིར་དབོན་པོ་རྡོ་རྗེ་རྒྱལ་མཚན་གྱི་དྲུང་ནས་དུས་འཁོར་གྱི་བཤད་བཀའ་རྭ་འབྲོའི་དགོངས་པ་གཅིག་ཏུ་དྲིལ་བ་ལ་སོ་སོའི་བཞེད་ཚུལ་དང་བཅས་པ། མན་ངག་ལག་ལེན་གྱི་གནད། དུས་འཁོར་ཆ་ལག་མ་ཚང་བ་མེད་པར་གསན་པས་དུས་འཁོར་ལ་མཁས་པར་གྱུར་པས་ཕྱིས་བྱོན་བོད་ཀྱི་མཁས་པ་རྣམས་ཀྱི་ནང་ནས་དུས་འཁོར་ལ་མཁས་པ་བུ་དོལ་གཉིས་ཞེས་གྲགས་པ་བྱུང་། བླ་མ་དེ་ཉིད་ལ་འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་དང་སྒྲུབ་ཐབས་གང་མང་ཡང་གསན། བླ་མ་བི་བྷཱུ་ཏི་དཱ་པ་ལས་གཏུམ་མོ་འབར་འཛག་གི་གདམས་པ་སོགས་མན་ངག་མང་པོ་གསན། གཞན་བླ་མ་ཀུ་མཱ་ར་སི་ངྡྷི་ལས་བཀའ་གདམས་པའི་ལུགས་ཀྱི་མན་ངག་མང་དུ་གསན།
དགུང་ལོ་སོ་གཅིག་པར་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་གདན་དྲངས་པ་ལྟར་ཞ་ལུ་ཆོས་སྡེའི་གདན་ས་བཟུང་། སྔགས་དང་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ནས་ལོ་ངོ་སོ་དྲུག་ལ་ཆོས་འཆད་གནང་། ཆོས་སྡེ་ཆེན་པོར་དགེ་འདུན་ཚོགས་པ་སུམ་སྟོང་བརྒྱད་བརྒྱ་རེ་ཙམ་གྱི་ཚོགས་དཔོན་མཛད།
ཇོ་བོ་རྗེས་བྱིན་གྱིས་བརླབས་པའི་གནས་ཞ་ལུ་རི་ཕུག་ཏུ་སྤེ་ཆུང་གཅིག་ཡོད་པ་ལ་གཞི་བྱས་ནས་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་གསར་དུ་བཞེངས་ཏེ། མདོ་སྔགས་ཀྱི་བཤད་གྲྭ་བཙུགས། སྣར་ཐང་གི་བསྟན་འགྱུར་ལ་ཞུས་དག་གནང་ཞིང་། དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་པ་བསྒྲིགས། རི་ཕུག་ཏུ་སྒྲུབ་པ་ཉམས་ལེན་གནང་མཁན་ཚོགས་པ་ལྔ་བརྒྱ་ཙམ་འདུས་ཐོག་སློབ་མ་མཁས་བཙུན་བཟང་གསུམ་འཛོམས་ཤིང་བསྟན་པ་འཛིན་པའི་སྐྱེས་ཆེན་དང་། འཆད་ཉན་གྱི་སློབ་དཔོན། བྱ་བྲལ་བ་སོགས་མང་དུ་བྱུང་། རྗེ་འདིས་བུ་ལུགས་གྲུབ་མཐའི་སྲོལ་བཏོད་པས་དེའི་རྒྱུད་འཛིན་རྣམས་ལ་ཞ་ལུ་བའི་གྲུབ་མཐའམ་བུ་ལུགས་ཞེས་གྲགས།
དགུང་ལོ་སོ་གསུམ་པ་ ༡༣༢༢ ལོར་[བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་]ཅེས་བྱ་བའམ་ཡོངས་གྲགས་སུ་[བུ་སྟོན་ཆོས་འབྱུང་]ཞེས་པ་མཛད།
དགུང་ལོ་ང་ལྔ་པ་ ༡༣༤༤ ལོར་སོག་པོའི་གོང་མས་རྒྱ་ནག་ཏུ་གདན་ཞུའི་ཕོ་ཉ་འབྱོར་ཡང་མ་ཕེབས་པར་དབེན་པར་སྒྲ་དང་གསང་སྔགས་ཀྱི་གཞུང་མང་པོ་འཕྲོ་བསྒྱུར་དང་གཞི་བསྒྱུར་མཛད། དམ་པ་འདི་བསྟན་འགྲོ་སྤྱི་ལ་ཕྱག་རྗེས་ཆེ་ལ་ལྷག་པར་དུས་འཁོར་དང་སྐར་རྩིས་ཀྱི་སྐོར་ལ་ཕྱག་རྗེས་ཧ་ཅང་ཆེ་ཞིང་། མཛད་འཕྲིན་རྒྱས་པས་རྒྱ་གར་གྱི་རྒྱལ་པོ་པུ་ནྱ་མ་ལ་སོགས་ཀྱིས་ཀྱང་དད་གུས་ཞུས་པར་མ་ཟད། ཧོར་གྱི་མི་དཔོན་བརྒྱ་ཕྲག་དམག་འབུམ་ཚོ་གསུམ་དང་ཁྲི་ཕྲག་གཉིས་ཀྱི་འཁོར་དང་བཅས་དྲུང་དུ་ལྷགས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་གསང་སྔགས་ཀྱི་ཆོས་ཞུས། གཞན་རིས་སུ་མ་ཆད་པའི་སྐལ་ལྡན་མང་པོར་མདོ་སྔགས་ཀྱི་ཆོས་ཚུལ་གང་མང་གནང་།
རེ་གཉིས་པ་ ༡༣༥༡ ལོར་གཡའ་ཕག་གི་ཟིང་འཁྲུག་བསྡུམ་ཆེད་དབུས་ཕྱོགས་སུ་ཕེབས། ༡༣༥༣ ལོར་ས་སྐྱར་བྱོན། ས་སྐྱའི་ལྷ་ཁང་ཆེན་མོར་དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཅིག་ཅན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཞེངས། གཞལ་ཡས་ཁང་གི་རྣམ་གཞག་དེ་ཉིད་གསལ་བ་ཞེས་པ་ལྗགས་རྩོམ་མཛད། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྒྱས་འབྲིང་བསྡུས་གསུམ་དང་། རིན་ཆེན་གསེར་ལས་བཞེངས་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། བོད་ཀྱི་ལོ་པཎ་རྣམས་ཀྱིས་མཛད་པའི་བསྟན་བཅོས་སོགས་གསུང་རྟེན་དུ་མ་བཞེངས་པར་མཛད།
དགུང་ལོ་རེ་བདུན་པ་ལ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་ཞ་ལུའི་གདན་ས་གཏད་ནས་རི་ཕུག་ཏུ་གཏན་བཞུགས་མཛད།
སློབ་མ་གྲགས་ཆེ་བ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། བྱང་པ་དཀོན་མཆོག་གྲགས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་མགོན་པོ། ཁྱུང་པོ་ལྷས་པ་སོགས་མང་དུ་བྱུང་ངོ་། །
བུ་སྟོན་ཐམས་ཅད་མཁྱེན་པ་ཁོང་རྒྱུན་རིང་བཞུགས་སའི་གནས་ཁྲོ་ཕུ་དང་། ཞ་ལུ། རི་ཕུག་གཙོ་བོར་མཛད་ཡོད་པ་དང་། དགུང་གྲངས་དོན་བཞི་པའི་མཇུག་ནས་སྐུ་མཚམས་བཅད་དེ་ཉིན་མཚན་ཁོར་མོ་ཡུག་ཏུ་ཙོག་པུར་བཞུགས་པ་ལས་དབུ་སྔས་ལ་མི་རེག་པར་ཉམས་བཞེས་ལ་གཅིག་ཏུ་གཞོལ་མུར་དགུང་གྲངས་དོན་ལྔ་ལ་ཕེབས་པ་ ༡༣༦༤ ལོར་ཞ་ལུ་རི་ཕུག་ཏུ་སྐུ་གཤེགས། གསུང་རྩོམ་པོད་ཉི་ཤུ་རྩ་དྲུག་ཙམ་པོ་ཏཱ་ལའི་ཞོལ་པར་ཁང་དུ་ཡོད་པར་བཤད། བསྒྱུར་རྩོམ་ཡང་དུ་མ་བཞུགས། བོད་གངས་ཅན་གྱི་མཁས་པའི་ཁྲོད་དུ་ཆོས་རྗེ་བུ་སྟོན་ནམ། བུ་སྟོན་ཐམས་ཅད་མཁྱེན་པ་ཞེས་གྲགས་ཤིང་། ཅི་ཡོད་བུ་ལ་དྲིས་[དོན་ནི། བཀའ་བསྟན་སོགས་གཞུང་ཆེན་མོ་རྣམས་སུ་ཅི་ཞིག་ཡོད་མེད་བུ་སྟོན་ཐམས་ཅད་མཁྱེན་པ་ལ་དྲིས་ཞེས་པ་ཡིན། གཟིགས་རྒྱ་ཆེ་བའི་དོན་ནོ། །]ཞེས་པའི་མཁས་པའི་གསུང་རྒྱུན་ཡང་ཡོད་དོ། །
རྣམ་ཐར་རྒྱས་པ་ཁྲོ་ཕུ་བ་བསོད་ནམས་སེང་གེས་མཛད་པའི་[བུ་སྟོན་གྱི་རྟོགས་བརྗོད་ངོ་མཚར་གཏམ་གྱི་རོལ་མོ་ཉེར་གཅིག་པ་]དང་། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་[ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བའི་རྣམ་པར་ཐར་པ་སྙིམ་པའི་མེ་ཏོག] བླ་མ་མགོན་པོ་དཔལ་བས་མཛད་པའི་[ཆོས་རྗེའི་རྣམ་ཐར་རིན་ཆེན་ཕྲེང་བ།] ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ཀྱིས་མཛད་པའི་[ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོ་]སོགས་ཡོད།
༢༠༡༩.༠༤.༠༨.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com