དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Aug ཚེས། 14 རེས་གཟའ། Wed

དཔལ་ལྡན་ཟླ་བ་གྲགས་པ།

དྲ་འཇུག་པ།
ཚད་གཞི།
(14 འོས་འཕེན།)

དཔལ་ལྡན་ཟླ་བ་གྲགས་པའམ་ཨཱཙཱརྱ་ཙནྡྲ་ཀཱིརྟི། རྒྱ་གར་ལྷོ་ཕྱོགས་ས་མནྟར་ཞེས་བྱ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། མཚན་མཁན་རྣམས་ཀྱིས་བསྟན་པར་ཞུགས་ནས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་རོ་ཞེས་ལུང་བསྟན། ཡབ་ཡུམ་གཉིས་ཀྱིས་གནང་སྟེ་རབ་ཏུ་བྱུང༌། དཔལ་ནཱ་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་བཏགས།
   དེ་ནས་རིམ་གྱིས་བསྙེན་པར་རྫོགས་ཤིང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ། མདོ་སྔགས་ཀྱི་མན་ངག་རྣམས་གསན། ཇི་ལྟར་གསན་པ་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ལ་སྒྲུབ་པར་གཞོལ་བར་མཛད།
   ཕྱི་ནང་གི་སྤྲོས་པ་ཐམས་ཅད་དོར་ནས་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་བཞུགས་པས་ཐ་མལ་པ་དག་གི་སྣང་བ་ལ་བཟའ་བཏུང་བྱེད་པ་དང༌། བཤང་གཅི་འདོར་བ་ཙམ་མ་གཏོགས་བྱ་བ་གཞན་གང་ཡང་མི་བྱེད་པར་ཉལ་བ་འབའ་ཞིག་ལྷུར་མཛད་པ་ཞིག་ཏུ་མཐོང་ནས་དེ་དག་མ་རངས་ཏེ། ཟླ་བ་གྲགས་པ་འདི་ཐོས་བསམ་སྒོམ་པ་དང༌། དགེ་འདུན་གྱི་ལས་གང་ཡང་མི་བྱེད་པར་ཟོས་ཀྱིན་ཉལ་སྡོད་པ་ཞིག་བྱུང་བས། དགེ་འདུན་རྣམས་ཀྱིས། འདི་སྔར་མུ་སྟེགས་པ་ཡིན་པས། ད་དུང་མུ་སྟེགས་པར་ལྡོག་པར་འདུག །འདི་སྒྱུ་ཐབས་སུ་གནས་ནས་ད་བཟོད་འོ་སྐོལ་ལ་གནོད་ནས་འོང༌། འདི་ནི་ལས་ངན་སྨེ་ཤ་ཅན། །མུ་སྟེགས་ཉིད་ཀྱང་མ་དོར་བས། །དགེ་འདུན་བྱ་བ་མི་བྱེད་དེ། །འདི་ཡིས་གནོད་སྐྱེལ་འདོན་པར་རིགས། །བྱས་པས། ནཱ་ལེནྡྲའི་མཁན་པོ་ཟླ་བ་མགོན་པོས་འདིའི་ངང་ཚུལ་རྟོགས་པས་དཔལ་ལྡན་ཟླ་བར་ཐ་མལ་པ་མང་པོ་ཞིག་གིས་སྡིག་གསོག་པར་འདུག་པས། ཁྱོད་ཀྱིས་སྤྱི་གཉེར་ཅིག་གྱིས། ཉི་མ་གྲགས་པ་རོགས་ལ་བཏང་གི་གསུངས་པས་གཉེར་མཛད་ནས་མ་ཧེ་དང་བ་ལང་ཐམས་ཅད་རི་ལ་ཡན་དུ་བཅུག་སྟེ་རི་མོའི་བ་ཞིག་བྱས་ནས་ཡོད་པ་ལ། དགེ་འདུན་རྣམས་ཀྱིས་མ་ཧེ་ལ་སོགས་པ་ནགས་ལ་བརྒྱབ་ནས། ད་འདིས་ཅི་བྱེད་བལྟའོ་བྱས་པས། ཉི་མ་གྲགས་པས་གཡོག་བྱས་ནས་ཞོ་དང་འོ་མ་མང་པོ་ཁྱེར་བྱུང་བས་ཉི་མ་གྲགས་ཀྱིས་མ་ཧེ་སོགས་རི་ལ་བརྒྱབ་ནས་ཞོ་དང་འོ་མ་འདི་ཙམ་འོང་བ་ཅི་ཡིན་བྱས་ནས་ཇི་ལྟར་བྱེད་བལྟས་པས། རི་མོའི་བ་ལས་བཞོས་ནས་འོང་བ་མཐོང་བ་གསང་ནས་བསྡད་པས། དེ་ནས་གཉེར་ཐོན་ནས་འབྲས་ལ་སོགས་པ་མང་པོ་གཏད་པས། ཁྱོད་ཀྱིས་མ་ཧེ་སོགས་རི་ལ་བརྒྱབ་ནས། འབྲས་དང་མར་ལ་སོགས་པ་མ་ཟད་པ་ཅི་ལས་བྱུང་ཟེར་བ་ལ། ཉི་མ་གྲགས་ན་རེ། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །རི་མོའི་བ་ལས་ཞོ་བཞོས་ནས། །དགེ་འདུན་འཚོ་བ་ལེགས་པར་བསྒྲུབས། །བྱས་པས། མཁན་པོ་ན་རེ། སེམས་ལ་དབང་ཐོབ་པས་རི་མོའི་བ་ལས་ཞོ་འཇོ་བ་ངོ་མཚར་ཆེ་གསུངས།
   ཡང་ལན་ཅིག ཏུ་རུ་ཥྐའི་དམག་བྱུང་ནས་ནཱ་ལེནྡྲར་ཟླ་བ་ཕྱེད་ཀྱི་ལམ་ན་སླེབས་ཟེར་ནས། པཎྜི་ཏ་དང༌། ནུས་པ་ཅན་ཐམས་ཅད་ལ་དམག་བཟློག་པའི་ཐབས་ཡོད་དམ་ཞུས་པས། ཐབས་མ་བྱུང་བའི་ཚེ། ནཱ་ལེནྡྲའི་ཆོས་སྐྱོང་གི་ཐུགས་ཀ་ནས། བྱ་རོག་ཅིག་བྱུང་ནས། ཟླ་བ་གྲགས་པ་ལ་ཟློག་ཐབས་ཞུས་ཟེར་བ་ལྟར་ཞུས་པས། ཟླ་བའི་ཞལ་ནས་ཐབས་ཡོད་ཀྱིས། རྡོའི་སེང་གེ་གཅིག་གྱིས་ལ། སངས་རྒྱས་པ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་གསོལ་བ་ཐོབས། མུ་སྟེགས་པ་རྣམས་ཀྱིས་ཀྱང་དབང་ཕྱུག་ཆེན་པོ་ལ་གསོལ་བ་ཐོབས་ཤིག་གསུངས་ནས། དེར་རྡོའི་སེང་གེ་བཅོས་ཟིན་པ་དང༌། དེ་གས་ཤིང༌། དེའི་ནང་ནས་མི་གཅིག་བྱུང་ནས། ངས་བྱ་དགོས་ཟེར་ལེགས་པ་ཞིག་བཅོལ་ཟིན་པ་དང༌། ཟླ་བ་གྲགས་པ་ཕེབས་ནས། ནཱ་ལེནྡྲའི་བྱང་ཕྱོགས་སུ་དཔག་ཚད་བཅོ་ལྔ་པའི་བར་གྱི་རྡོའི་སེང་གེ་བཞག་པ་ཅན་དུ་དམག་རྣམས་སླེབས་བྱུང་བ་ན། དམག་རྣམས་སླེབས་བྱུང་ངོ་བྱས་ཀྱང་སེང་གེ་འགྲོར་མ་འདོད་པ་ལ། དགེ་འདུན་རྣམས་ན་རེ་འདིས་བསླུས། འོ་སྐོལ་ཕུང་ངོ་ཟེར་བ་ལ། སློབ་དཔོན་ཟླ་བ་གྲགས་པ་ཀོག་གིས་བཞེངས་ནས་ཙན་དན་གྱི་དབྱུག་པ་འདོམ་གང་པ་ཞིག་ཁྱེར་ནས་སེང་གེའི་མགོ་ལ་ཐེངས་གསུམ་བརྒྱབ་པས་གཡུ་རལ་ལན་གསུམ་སྤྲུགས་དམག་ཐམས་ཅད་བསྐྲད་ནས་སེང་གེའི་གདོང་པ་ཁྲག་ཏུ་སོང་ནས་འདུག་པས། དེའི་དུས་རྒྱལ་པོ་སྟོབས་ལྡན་གཞོན་ནུས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སེང་གེ་བསྐུལ། །ཏུ་རུ་ཥྐ་ཡི་དམག་བཟློག་ཀྱང༌། །ཤི་རྨས་མེད་པ་ངོ་མཚར་ཆེ། །ཞེས་ཟེར་རོ། །དེ་ནས་དགེ་འདུན་རྣམས་ན་རེ། འདི་ཟླ་བ་གྲགས་པའི་ནུས་པ་མིན། དགེ་འདུན་རྣམས་ཀྱིས་རབ་གནས་བྱ་དགོས་ཟེར་ནས། རབ་གནས་བྱས་པས་སེང་གེ་སའི་ནང་དུ་ནུབ་པས། མཁན་པོ་ན་རེ། འདི་ཟླ་བ་གྲགས་པ་སེམས་ལ་དབང་ཐོབ་པའི་བྱིན་རླབས་ཡིན་གསུངས།
   ཡང་སློབ་དཔོན་ནགས་ན་སྒོམ་གྱིན་བཞུགས་སྐབས་ཤིག་ནགས་ལ་མེ་ཤོར་བས་ཡུལ་མི་རྣམས་བལྟ་རུ་ཕྱིན་པ་ན། ཤིང་གི་ལྷ་མོ་ཞིག་གིས་རོ་སྟོད་བཏོན་ནས། བྱམས་མགོན་སྙིང་རྗེའི་བློ་ཅན་ཉིད། །མེ་ཡིས་མི་འཚིག་ཆུས་མི་འཁྱེར། །རླུང་གིས་འཐོར་བར་ག་ལ་ནུས། །ཞེས་ཟེར། མི་རྣམས་ཕྱིན་པས། སློབ་དཔོན་གྱི་རྩྭའི་སྤྱིལ་བུའི་འདོམ་གང་ཚུན་ཆད་མེས་མ་ཚིག་པར་འདུག་ཅིང༌། སློབ་དཔོན་གྱི་ཞལ་ནས། ང་ཡི་བླ་མ་ཀླུ་སྒྲུབ་ཀྱིས། །སྐྱེ་བ་མེད་པའི་མེས་དངོས་པོའི། །བུད་ཤིང་ཐམས་ཅད་བསྲེགས་པ་ཡིན། །མཁན་པོ་ཡིས་ཀྱང་བསྲེགས་པ་ཡིན། །ངས་ཀྱང་སྐྱེ་བ་མེད་པའི་མེས། །དངོས་པོའི་བུད་ཤིང་བསྲེགས་པ་ཡིན། །དངོས་པོའི་མེ་ཡིས་ག་ལ་ཚིག །ཅེས་གསུངས་སོ། །
   ནཱ་ལེནྡྲ་ན་པཎྜི་ཏ་མང་པོ་ཡོད་ཀྱང༌། མུ་སྟེགས་ཀྱི་རྒོལ་བ་ཚར་གཅོད་མི་ནུས་ན་ཕྱིར་ཆོས་འཆད་མི་ནུས་ལ། སློབ་དཔོན་འདི་ཉིད་ཕྱིར་ཆོས་འཆད་པ་ན། ལྷོ་ཕྱོགས་ཀྱི་མཁས་པ་ཆེན་པོ་ཙནྡྲ་གོ་མི་སློབ་དཔོན་ཆོས་འཆད་པའི་སར་འོངས་ཏེ་འདུད་པ་མི་བྱེད་པར་འགྲེངས་ཏེ་གནས་པ་ན་སློབ་དཔོན་ཟླ་བ་གྲགས་པའི་དགོངས་པ་ལ་རྩོད་དམ་བགྲོ་བར་འདོད་པ་ཞིག་འོངས་པ་ཡིན་སྙམ་ནས་དེ་ལ། ཕྱོགས་གང་ནས་འོངས། ཆོས་ཅི་ཤེས་དྲིས་པས། ལྷོ་ཕྱོགས་ནས་འོངས། སྒྲ་པ་ཎི། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། འཇམ་དཔལ་མཚན་བརྗོད་ཤེས་ཟེར། སྒྲ་དང༌། མཚན་ཉིད་ཀྱི་རྩ་བ་དང༌། སྔགས་ཀྱི་རྩ་བ་སྨོས་པས། ལུང་རིགས་ལ་མཁས་པར་ཁས་བླངས་ཀྱང༌། ཚིག་ཁེངས་བསྐྱུངས་པར་འདུག་པས། ཙནྡྲ་གོ་མི་མིན་ནམ་དྲིས་པས། དེ་ལྟར་འཇིག་རྟེན་པ་རྣམས་འདོགས་སོ་གསུངས། འོ་ན་པཎྜི་ཏ་ཆེན་པོ་ཐོག་བབས་སུ་ཕེབས་པ་མ་ལེགས། བསུ་བ་བྱ་དགོས་པས་རེ་ཤིག་ཕྱིར་གཤེགས་ཤིག་བསུ་བ་བྱའོ་གསུངས།
   ཙནྡྲ་གོ་མིས་བདག་དགེ་བསྙེན་ལ་དགེ་འདུན་གྱིས་བསུ་བ་བྱར་ག་ལ་རུང༌། ཟླ་གྲགས་ན་རེ། འདི་ལ་ཐབས་ཡོད་དེ་འཕགས་པ་འཇམ་དཔལ་གྱི་སྐུ་ཞིག་སྤྱན་འདྲེན་པ་ཡིན་པས། དེ་ལ་རྔ་ཡབ་གཡོབ་ཅིང་བྱོན་ཅིག །དགེ་འདུན་གྱིས་འཇམ་དཔལ་གྱི་སྐུ་ལ་བསུ་བ་བྱས་པར་འགྱུར་རོ་གསུང༌།
   ཆོས་འཆད་འཕྲོ་བཅད་དེ། གཎྜི་བརྡུངས་པཎྜི་ཏ་རྣམས་བསགས་ཏེ། འདིར་མཁས་པ་ཆེན་པོ་ཙནྡྲ་གོ་མི་བྱོན་གྱིས། བསུ་བ་བྱ་དགོས་པས་ཤིང་རྟ་འཆོས་ལ་ཙནྡྲ་གོ་མི་མཆོད་པའི་ཚོགས་ཀྱིས་སྤྱན་དྲོངས་ཤིག་ཅེས་བསྒོས་ཏེ། ཤིང་རྟ་གསུམ་ལས། དབུས་མ་ལ་ནི་འཕགས་པ་འཇམ་དཔལ་བཞུགས། གཡས་ན་ཟླ་གྲགས་ཀྱིས་རྔ་ཡབ་གཡོབ། གཡོན་ན་ཙནྡྲ་གོ་མིས་རྔ་ཡབ་གཡོབ། མདུན་ནས་དགེ་འདུན་གྱིས་བསུས། སྐྱེ་བོ་དཔག་ཏུ་མེད་པ་བལྟ་བའི་ཕྱིར་འོངས། སློབ་དཔོན་ཙནྡྲ་གོ་མིས། འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་བ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད་དེ་ལྟ་ནའང༌། ཞེས་སོགས་བསྟོད་པ་ན། འཇམ་དཔལ་གྱི་སྐུ་བརྙན་ཞལ་ཕྱིར་ལོག་གིས་བསྟན་ནས་གསན་པ་བྱུང་བས་སྐྱེ་བོ་རྣམས་ཀྱིས་སྐུ་གཟུགས་ཕ་གི་འདི་ལྟར་བྱེད་དོ་བྱས་པས་དེ་ཁ་ལ་ལུས་ཏེ་འཕགས་པ་འཇིང་ཡོན་མར་གྲགས།
   དེ་ནས་ཙནྡྲ་གོ་མི་ནཱ་ལེནྡྲར་བྱོན་པ་ལ་བསྙེན་བཀུར་ཞིང༌། སློབ་དཔོན་ཟླ་བ་གྲགས་པ་དང་གདན་འཛོམ། ཕན་ཚུན་ཆོས་ཀྱི་བགྲོ་བ་མཛད་པས། སློབ་དཔོན་ཟླ་བ་གྲགས་པས་གང་དྲིས་པའི་ལན་ཐོགས་མེད་དུ་བཏབ། ཙནྡྲ་གོ་མིས་སྤྱན་རས་གཟིགས་ལ་དྲིས་ཤིང་ལན་ཐོགས་བཅས་སུ་འདེབས། དེའི་ཚེ་དཔལ་ལྡན་ཟླ་བས་གཟིགས་པས། སྤྱན་རས་གཟིགས་ཀྱི་རྡོ་སྐུ་བཞུགས་པའི་ཁང་པ་ནས་བྱུང་བས། ལན་ཅིག་དེར་སོང་སྟེ་རྒྱབ་ནས་ཉན་པས་འཕགས་པ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེས་ཆོས་འཆད་ཅིང་འདུག་པ་དང༌། དཔལ་ལྡན་ཟླ་བས་འཕགས་པ་ལ་ཉེ་རིང་མི་མངའ་འམ་ཞེས་སྒོ་ཕྱེ་བས་དེ་ཉིད་དུ་རྡོ་སྐུར་གྱུར་ཏེ། ཆོས་སློབ་བཞིན་པའི་ཕྱག་སོར་ཀེར་རེ་པ་ལ་ལུས་པས་འཕགས་པ་འཛུབ་ཀེར་མར་གྲགས། དེ་སྐབས་ནས་རྩོད་པ་རང་ཞི།
   སློབ་དཔོན་གྱིས་སྤྱན་རས་གཟིགས་ལ་གསོལ་བ་དྲག་ཏུ་བཏབ་པས། མནལ་ལམ་དུ་ཁྱོད་ནི་འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་མཁས་པ་ཆེན་པོ་ཡིན་པས་ངས་བྱིན་གྱིས་རློབ་མི་དགོས་ཀྱིས། ཙནྡྲ་གོ་མི་ལ་ཅུང་ཟད་ཅིག་བྱིན་གྱིས་བརླབས་པ་ཡིན་གྱིས་དེ་སྐད་མ་ཟེར་གསུངས། མནལ་སད་ཚེ་དེ་ལྟར་ལགས་ཀྱང་ཞལ་སྟོན་པར་ཞུ་ཞུས་པས་ཞལ་མངོན་སུམ་དུ་བསྟན་ཏོ། །
   དེའི་ཚེ་བདག་གི་སྤྱི་གཙུག་ཏུ་བཞུགས་ལ་སེམས་ཅན་ཐམས་ཅད་ཀྱི་མཐོང་བར་མཛོད་ཅིག་ཅེས་གསོལ་བས། སྤྱན་རས་གཟིགས་ཀྱི་ཞལ་ནས་ངས་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་སོང་ཡང༌། དེ་རྣམས་ལས་ཀྱིས་བསྒྲིབས་པས་ང་མཐོང་བར་མི་འགྱུར་གསུངས། ཅིས་ཀྱང་བཞུགས་ཤིག་ཅེས་གསོལ་བ་བཏབ་ནས། འཕགས་པ་སྤྱི་བོར་ཁྱེར་ནས་ཐམས་ཅད་དུ་ཕེབས་ནས་བདག་གི་སྤྱི་བོ་ན་འཕགས་པ་བཞུགས་སོ། །ཕྱག་མཆོད་གྱིས་བྱས་ཀྱང་ལ་ལས་ཅི་ཡང་མ་མཐོང༌། ལ་ལས་ཁྱི་རོར་མཐོང༌། ཕལ་ཆེ་བས་ཆོས་མང་དུ་བཤད་པས་རླུང་སྨྱོ་ཡིན་ཟེར། ཆང་ཚོང་མ་ཞིག་གིས་ཞབས་ཙམ་མཐོང་བས་ཀྱང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཞིག་བྱུང་ཞེས་གྲག་གོ །
   ནཱ་ལེནྡྲའི་མཁན་པོའང་མཛད་པར་བཤད་ཅིང་། སློབ་དཔོན་འདིས་འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡོད་མེད་ལ་ཕྱོགས་གཉིས་ཡོད་ཀྱང་སྔོན་གྱི་ཆོས་འབྱུང་མང་པོར། འཕགས་པ་ཀླུ་སྒྲུབ་ཀྱིས་འཛམ་བུའི་གླིང་དུ་ལོ་དྲུག་བརྒྱ་བཞུགས་ནས་བསྟན་པའི་དོན་རྒྱ་ཆེར་མཛད་པས་སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་སློབ་མ་རིམ་པ་མང་པོ་ཡོད་པ་ལས། སྐུ་ཚེའི་སྨད་ཀྱི་སློབ་མའི་གཙོ་བོ་བསྟན་འཛིན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ནི་སློབ་དཔོན་ཟླ་བ་གྲགས་པ་སྟེ། སློབ་མའི་མཐའ་མ་ཟླ་གྲགས་ལ། །ཆོས་ཀྱི་མཐའ་མ་སྐྱེ་མེད་བསྟན། །ཅེས་འཕགས་པ་ཀླུ་སྒྲུབ་བདེ་བ་ཅན་དུ་གཤེགས་ཁར་གསུངས་ཞེས་འབྱུང་ངོ་། །
   སློབ་དཔོན་འདིས་མདོ་སྔགས་གཉིས་ཀྱི་བསྟན་བཅོས་མང་དུ་བརྩམས་པ་ལས། དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་དང་། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་དང༌། དཔལ་གསང་བ་འདུས་པ་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་གསལ་བ་མཛད་པས་ཚིག་གསལ་དང་འདི་གཉིས་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་མཁའ་ལ་ཉི་ཟླ་གཉིས་ས་ལ་གསལ་བ་གཉིས་ཞེས་བསྔགས་པར་གྲགས། གཞན་ཡང་བཞི་བརྒྱ་པའི་འགྲེལ་པ་དང༌། རིག་པ་དྲུག་ཅུའི་འགྲེལ་པ་དང༌། དབུ་མ་ཕུང་པོ་ལྔ་པ། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། སྐྱབས་འགྲོ་བདུན་ཅུ་པ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་སུ་གསོལ་བ། གསང་བ་འདུས་པའི་སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ཁྲོ་བོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས། སྒྲོལ་མའི་བསྟོད་པ་སོགས་མཛད་དོ། །
   བོད་འགྱུར་ལ། སྣར་ཐང་བསྟན་འགྱུར་གྱི་མདོ་ཕྱོགས་ཀྱི་པོད། [འ][ཡ] གཉིས་དང་། གསང་སྔགས་ཀྱི་སྐོར། སྣར་ཐང་བསྟན་འགྱུར་གྱི་པོད། [ཤ] རྣམས་སུ་ཡོད།
མཐར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ་གོངྐུ་ནའི་ཡུལ་དུ་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད། བྲམ་ཟེ་དང་ཁྱིམ་བདག་ཕལ་ཆེར་བསྟན་པ་ལ་བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ། སླད་ཀྱིས་མ་ནུ་བྷཾ་ག་ཞེས་བྱ་བའི་རི་ལ་སྔགས་ཀྱི་ལམ་ལ་བརྟེན་ནས་དངོས་གྲུབ་མཆོག་ཐོབ་པར་བཞེད་པས། ཡུན་རིང་དུ་བཞུགས་ནས་འཇའ་ལུས་སུ་སོང་བར་སྔགས་ཀྱི་སློབ་དཔོན་རྣམས་འདོད་དེ། བོད་ཀྱི་ལོ་རྒྱུས་ལྟར་ན་དགུང་ལོ་སུམ་བརྒྱ་བཞུགས་པར་བཤད།
སློབ་དཔོན་འདི། རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་ཡང་ཡིན་པར་བཤད་ཅིང་། བླ་མ་རྡོ་རྗེ་གདན་པས་གྲུབ་ཆེན་བརྒྱད་ཅུ་ལ་བསྟོད་པ་ལས། འཇམ་དཔལ་སྐུ་ཡི་སྤྲུལ་པར་འཁྲུངས། །ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད། །ཟླ་བ་གྲགས་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་མཛད་ཡོད།
སློབ་མ་ལ། རིགས་པའི་ཁུ་བྱུག་ཆེ་བ་[རྣམ་ཐར་ཁ་ཤས་སུ་འདི་ཇོ་བོ་ཨ་ཏི་ཤའི་བླ་མ་དང་། དཔལ་མགོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཤད་པ་སོགས་ལོ་ཚིགས་ཀྱི་ཆ་ནས་དཔྱད་དགོས་པ་དང་། ཟླ་བ་གྲགས་པ་ལ་སྔ་ཕྱི་གཉིས་འབྱུང་བ། སློབ་དཔོན་འདི་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་གྱི་བཤད་སྲོལ་མི་འདྲ་བར་འབྱུང་བ་སོགས་དཔྱད་དགོས་པ་མང་ནའང་འདིར་ཡོངས་གྲགས་ཀྱི་རྣམ་ཐར་ལས་བཏུས་ཏེ་བསྒྲིགས་པ་ཡིན་ནོ། །]སོགས་མང་དུ་བྱུང་།
སློབ་དཔོན་འདིའི་ལོ་རྒྱུས་སྐོར། བུ་སྟོན་ཆོས་འབྱུང་དང་། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་སོགས་རྣམ་ཐར་དང་ཆོས་འབྱུང་སོགས་མང་པོ་ན་རིང་ཐུང་མི་འདྲ་བ་སྣ་ཚོགས་མཇལ་རྒྱུ་ཡོད་དོ། །

༢༠༡༩.༠༧.༠༣.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 4149 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2019 ལོའི་ཟླ་བ། Aug ཚེས། 21 རེས་གཟའ། Wed
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com