དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

དབྱངས་ཅན་གྲུབ་པའི་རྡོ་རྗེ།

དྲ་འཇུག་པ།
ཚད་གཞི།
(21 འོས་འཕེན།)

དབྱངས་ཅན་གྲུབ་པའི་རྡོ་རྗེའམ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནི། ཕྱི་ལོ་༡༨༠༩ལོར་གཙང་གཡས་རུའི་བྱེ་བྲག་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འདབས་སྔོན་དུས་འཇད་ཅེས་གྲགས་ཀྱང་། ཕྱིས་སུ་སློབ་དཔོན་རིན་པོ་ཆེས་ཡུལ་དེའི་ཆེ་བའི་དགེ་མཚན་ལ་ཞལ་འཛུམ་ལན་གསུམ་གྲོལ་བས་བཞད་ཅེས་ཐོགས་པའི་ཡུལ་དུ་ཡབ་བཀྲ་ཤིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་འཇམ་དབྱངས་རྡོ་རྗེར་གསོལ། དགུང་ལོ་ལྔའི་སྟེང་ནས་ཁུ་བོ་དངུལ་ཆུ་དྷརྨ་བྷ་དྲའི་དྲུང་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་པར་ཐོབ་རྒྱལ་བླ་མ་ངག་དབང་སྙན་གྲགས་ཀྱི་དྲུང་ནས་རྩིས་ཀྱི་ས་རིས་དང་སྙན་ངག་བཅས་ལ་སྦྱངས་ཏེ་ཞོར་དུ་མངོན་བརྗོད་སྣ་ཚོགས་བློ་ལ་བཟུང་། དགུང་ལོ་བཅུ་གཅིག་པར་བཀྲ་ཤིས་དགེ་འཕེལ་དགོན་པར་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་གྱི་མདུན་དུ་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ལ་བློ་བཟང་ཆོས་འཕེལ་གསོལ། དགུང་ལོ་བཅུ་གཉིས་པར་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་བཟུང་རྗེ་མི་ལའི་རྣམ་མགུར་དང་། ཐིག་ཚད་བློས་བཀོད། འདོན་རྟ་དབྱངས་རོལ་མོ་བཅས་ལ་སྦྱངས་པ་མཛད། དབང་ལུང་སོགས་ཀྱང་མང་པོ་ཐོབ། དགུང་ལོ་བཅུ་དགུ་པ་ནས་དངུལ་ཆུ་དྷརྨ་བྷ་དྲའི་ཞབས་ཞུ་བ་མཛད་དེ། སྒྲ་དང་། རྩིས་དང་། སྙན་ངག་སུམ་རྟགས་སོགས་ཐུན་མོང་གི་རིག་གནས་དང་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་གནང་། དགུང་ལོ་སོ་བཞི་པར་བླ་མའི་མདུན་དུ་སྙན་ངག་དང་སྒྲ་ཀཱ་ལ་པའི་རྒྱུགས་ཕུལ་སྐབས་སློབ་འབྲས་བཟང་བས་བླ་མ་དགྱེས་ནས་ཀུན་བཤད་ཀྱི་མཚན་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་གནང་། ལོ་དེའི་ཟླ་བཞི་པར་བླ་མ་དེ་ཉིད་ཀྱི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། དེ་ནས་བཟུང་དགེ་སློང་གི་བསླབ་བྱ་སོགས་འདུལ་བའི་སྐོར་རྒྱ་ཆེར་གསན། བླ་མ་དེ་ཉིད་ལ་མངའ་བའི་ཟབ་ཆོས་ཀུན་ཞུས་ཤིང་བླ་མའི་གསུང་རྩོམ་རེ་འགའི་ཡི་གེ་པའང་མཛད། དགུང་ལོ་ཞེ་གསུམ་པར་བླ་མ་སྐུ་གཤེགས་པས་དགོངས་རྫོགས་ཀྱི་བྱ་བ་ལེགས་པར་བསྒྲུབས། དེ་ནས་གདན་ས་རྒྱ་བསྐྱེད་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་ཞིང་། བླ་མའི་གསུང་འབུམ་པར་དུ་བརྐོས། དགུང་ལོ་རེ་གཅིག་པར་ས་སྐྱ་དང་། བཀྲ་ཤིས་ལྷུན་པོ། གདན་ས་གསུམ་སོགས་སུ་ཕེབས་ཏེ། དགོན་གནས་དང་རྟེན་ལ་མཆོད་འབུལ། བླ་ཆེན་སོགས་ལ་ཟབ་ཆོས་གང་མང་ཕུལ། དགུང་གྲངས་རེ་གཉིས་པར་ཕྱིར་གདན་སར་ཕེབས། སློབ་མ་གྲགས་ཆེ་བ། ངག་དབང་ཚུལ་ཁྲིམས་དང་། སྒོ་མང་ལྷ་རམས་པ་དགེ་འདུན་རྒྱ་མཚོ། བླ་མ་ཡེ་ཤེས་ཆོས་འཕེལ། སྨིན་གྲོལ་ནོ་མོན་ཧན། ཆབ་མདོ་འཕགས་པ་ལྷ་སོགས་མང་དུ་བྱོན། དགུང་ལོ་དོན་དགུ་པ་༡༨༨༧ ལོར་སྐུ་གཤེགས། གསུང་རྩོམ་ལ་པོ་ཏི་གསུམ་བཞུགས། འཇམ་དབྱངས་རྡོ་རྗེ་དང་། བློ་བཟང་ཆོས་འཕེལ་ནི་ཁོང་གི་མཚན་གྱི་རྣམ་གྲངས་ཡིན་ཞིང་། དངུལ་ཆུ་དྷརྨ་བྷ་དྲའི་ཚ་བོ་ཡིན་པས་དངུལ་ཆུའི་དབོན་པོ་ཞེས་ཀྱང་འབྱུང་།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས། 

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

ཤོག་ངོས་འདི་ལ་ཐེངས་ 5781 གཟིགས་འདུག
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com