རྣམ་ཐར་གྱི་ཚོམས། (63)
སློབ་དཔོན་དབྱིག་གཉེན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སློབ་དཔོན་དབྱིག་གཉེན་ནི། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་[ངང་ཚུལ་མ་]ཞེས་པའི་བསམ་པ་ལ། བསྟན་པའི་རྩ་བ་མངོན་པ་ལ་དགྲ་ལན་གསུམ་གྱིས་ནུབ་པས། འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས་ཀྱི། ལུས་ལ་བུ་བསྐྱེད་ལ། དར་བར་བྱེད་དུ་གཞུག་གོ་སྙམ་སྟེ་རྒྱལ་རིགས་དང་འདུས་པས་འཕགས་པ་ཐོགས་མེད་དང་། བྲམ་ཟེ་དང་འདུས་པ་ལས་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོར་སློབ་དཔོན་དབྱིག་གཉེན་འཁྲུངས་པར་བཤད་ལ། འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་སྐུ་མཆེད་དོ། །[སློབ་དཔོན་འདི་དང་བོད་ཀྱི་གོང་མ་ལྷ་ཐོ་ཐོ་རི་གཉན་བཙན་དུས་མཉམ་པར་བཤད།]
སྐྱེ་མ་ཐག་ནས་ལྕེ་ལ་གི་ཧང་གིས་ཡི་གེ་ཨ་འདྲི་བ་ལ་སོགས་བྲམ་ཟེའི་རིག་བྱེད་ལས་འབྱུང་བ་ལྟར་གྱི་བློ་རྣོ་བའི་ཆོ་ག་བྱས་ཤིང་ཁྲུས་དང་གཙང་སྦྲ་ལ་གནས་པའི་སྒོ་ནས་སྐྱེད་སྲིང་བྱས་ཏེ་ཡི་གེ་དང་། རྩིས་དང་། རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་རྣམས་ཡུམ་ཉིད་ཀྱིས་བསླབས། ཆེར་སྐྱེས་པའི་ཚེ། ཕའི་ལས་གང་ཡིན་ཞུས་པས། མ་ན་རེ། ཁྱོད་རིགས་སྤེལ་བ་སོགས་འཇིག་རྟེན་གྱི་བྱ་བའི་ཕྱིར་མ་བསྐྱེད་ཀྱི། རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་བསྐྱེད་པ་ཡིན་པས་རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ལ་སྦྱངས་ཏེ་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག །ཅེས་བསྐུལ་ནས་ན་ལེནྡྲར་རབ་ཏུ་བྱུང་། དེར་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་སྦྱངས། དེ་ནས་ཆོས་མངོན་པའི་དགོངས་དོན་རྟོགས་པའི་ཕྱིར་དང༌། སྡེ་པ་བཅོ་བརྒྱད་སོ་སོའི་ལུགས་ངེས་པ་སོགས་ཀྱི་ཆེད་དུ༑ ཁ་ཆེར་བྱོན་ནས་སློབ་དཔོན་འདུས་བཟང་གཙོ་བོར་བསྟེན་ཏེ། བྱེ་བྲག་ཏུ་བཤད་པ་དང༌། སྡེ་པ་སོ་སོའི་མདོ་སྡེ་འདུལ་བ་མི་འདྲ་བའི་ཁྱད་པར་སོགས་ལ་སྦྱངས་ཤིང་། ཡུལ་དེ་ཉིད་དུ་ཡང་གདུལ་བྱ་མང་པོར་ཆོས་སྟོན་པར་མཛད།
སླར་ཡུལ་དབུས་སུ་བྱོན་པའི་ལམ་དུ་ཆོམ་རྐུན་སོགས་ཀྱིས་སློབ་དཔོན་གྱི་ལྷ་རྟེན་དང་གླེགས་བམ་ལ་སོགས་པ་ཡོ་བྱད་ཐམས་ཅད་ཕྲོགས། ཡང་གླེགས་བམ་ལ་སོགས་པ་གསར་དུ་བཞེངས་ནས་ཕེབས་པར་ལན་གསུམ་གྱི་བར་དུ་ཕྲོགས་པ་ན་སློབ་དཔོན་གྱི་ཐུགས་ལ་ད་ནོར་ནི་མེད་གླེགས་བམ་མེད་ཀྱང་ཆོས་ཐམས་ཅད་ནི་བློ་ལ་ཡོད་པ་སུས་ཀྱང་དབྲོག་ཏུ་མི་བཏུབ་པས་ཡོ་བྱད་གང་ཡང་མེད་པར་འགྲོའོ་སྙམ་དུ་དགོངས་ནས་ཕེབས་ཏེ་ན་ལེནྡྲར་བྱོན། དེར་སྡེ་སྣོད་འཛིན་པ་མང་པོ་ལ་ཆོས་སྟོན་ཅིང་བཞུགས་པ་ན། གཅེན་འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་མང་དུ་བརྩམས་པ་གསན་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་ཐེག་ཆེན་གྱི་གང་ཟག་དང་ཆོས་ལ་སྐུར་འདེབས་བྱེད་པ་གཅེན་གྱིས་གསན་ནས། དེ་བཟློག་པའི་ཕྱིར་སློབ་མ་གཅིག་ལ་ས་བཅུ་པའི་མདོ་དང་། གཞན་གཅིག་ལ་བློ་གྲོས་མི་བཟད་པས་བསྟན་པའི་མདོ་འཛིན་དུ་བཅུག་ནས། བྱང་བ་ན་ཐོག་མར་བློ་གྲོས་མི་ཟད་པ་ཐོན། དེ་ནས་ས་བཅུ་པ་ཐོན་ཅིག་ཅེས་གསུངས་ནས་གཅུང་གི་དྲུང་དུ་བཏང་བས། དེ་གཉིས་ཀྱིས་ཀྱང་སྲོད་ལ་བློ་གྲོས་མི་ཟད་པ་བཏོན་པས། ཐེག་ཆེན་འདི་རྒྱུ་ལ་བཟང་སྟེ། འབྲས་བུ་ཁ་གཡེལ་བ་འདྲ་དགོངས། ཐོ་རངས་ས་བཅུ་པ་བཏོན་པས། རྒྱུ་འབྲས་གཉིས་ཀར་བཟང་བར་འདུག་པ་ལ་ངས་སྐུར་པ་བཏབ་པས་སྡིག་པ་ཆེན་པོ་བསགས། སྐུར་པ་བཏབ་པའི་ལྕེ་གཅད་པར་བྱའོ་དགོངས་ཏེ། སྤུ་གྲི་བཙལ་བས། དགེ་སློང་དེ་གཉིས་ན་རེ། འདིའི་དོན་དུ་ལྗགས་བཅད་པར་ག་ལ་འཚལ། སྡིག་པ་བཤགས་པའི་ཐབས་གཅེན་ལ་མངའ་བས་འཕགས་པའི་དྲུང་དུ་གཤེགས་པར་ཞུ་ཞུས་པས། སློབ་དཔོན་དབྱིག་གཉེན་འཕགས་པ་ཐོགས་མེད་ཀྱི་སར་བྱོན་ཏེ་འཕགས་པ་ཐོགས་མེད་ལ་ཉེས་པ་བཤགས་ཤིང་། འཕགས་པས་སྡིག་པ་སྦྱོང་བའི་ཐབས་སུ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་ཤོད། མདོ་སྡེ་མང་པོ་ལ་འགྲེལ་པ་གྱིས། གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཐོན་ཅིག་གསུངས། གཅེན་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་རིམ་གྱིས་གསན་པ་དང་། སློབ་དཔོན་དབྱིག་གཉེན་གཅེན་ལ་ལྷག་པར་དད་དེ། ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་སྡོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་གྲེ་བར་སོང་བ་མེད། །ཅེས་ཀྱང་གསུངས་སོ། །
དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལས་མདོ་ལྔ་བརྒྱ་ཤློ་ཀ་འབུམ་ཕྲག་གསུམ། འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་ཞེ་དགུ་གཅིག་ཏུ་བསྡོམས། ཕལ་པོ་ཆེ་དང༌། འདུས་པ་རིན་པོ་ཆེ་ཡང་རེ་རེར་བགྲངས། ལྷག་མ་ཤེར་ཕྱིན་འབུམ་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཆེ་ཆུང་ཀུན་བསྡོམས་པ་ལྔ་བརྒྱ་དང༌། གཟུང་སྔགས་ལྔ་བརྒྱ་སྟེ། དེ་དག་གི་ཚིག་དོན་རྣམས་ཐུགས་སུ་བཞུགས་ཤིང་། ལོ་རེའི་ནང་དུ་ལན་རེ་ཞལ་འདོན་དུ་མཛད་དེ། ལྕགས་ཀྱི་གཞོང་རིང་ཏིལ་མར་གྱིས་བཀང་བའི་ནང་དུ་ཞུགས་ནས་ཉིན་མཚན་སྦྲེལ་མ་ཞག་བཅོ་ལྔ་རེའི་རིང་ལ་གོང་དུ་སྨོས་པའི་མདོ་དེ་རྣམས་ཚར་རེ་ཁ་ཏོན་དུ་འགྲོ་བར་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ནི་ཉིན་རེ་བཞིན་ཁ་ཏོན་དུ་མཛད་དོ། །
སློབ་དཔོན་འདི་ཐེག་པ་ཆེན་པོ་ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཐེག་ཆེན་ལ་ཞུགས་ཤིང༌། འཕགས་པ་ཐོགས་མེད་མྱ་ངན་ལས་འདས་པའི་འོག་ཏུ་ན་ལེནྡྲའི་མཁན་པོ་མཛད་དེ་ཉིན་རེ་བཞིན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མང་པོའི་མཁན་པོ་མཛད་པ་དང་། ཆོས་ཀྱི་རྣམ་གྲངས་དུ་མ་བཏོན་པར་མཛད་པ་ལས། ཉིན་རེ་བཞིན་མོས་པ་ཐ་དད་པ་རྣམས་ཀྱི་ངོར་རབ་བྱུང་བསྙེན་རྫོགས་གཞན་ལ་གཏོད་པ་དང༌། རང་ཉིད་ཀྱིས་རབ་ཏུ་བྱུང་བ༑ དགེ་སློང་གི་མཁན་པོ་དང་སློབ་དཔོན་དུ་མཛད་པ། སོ་སོའི་ལྟུང་བ་ཕྱིར་འཆོས་སུ་འཇུག་པ། བདག་ཉིད་ཆོས་སྤྱོད་བཅུ་མ་ཆག་པར་མཛད་པ། གཞན་སྟོང་ཕྲག་རེ་ཉིན་རེར་ཆོས་སྤྱོད་བཅུ་ཚང་བ་ལ་སྦྱོར་བ་དང༌། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་ཆག་མེད་དུ་གསུང་བ། སྲོད་ཀྱི་དུས་སུ་ཆོས་རྣམས་ཀྱི་སྙིང་པོ་བསྡུས་ཏེ་གལ་བཟུང་བ། གཞུང་གཟུགས་པར་མཛད་ཅིང༌། གུང་ཐུན་ལ་ཅུང་ཟད་ཙམ་མནལ་བ་དང་། ཐོ་རངས་ཡང་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ། བར་བར་དུ་བསྟན་བཅོས་རྩོམ་པ་དང༌། མུ་སྟེགས་ཀྱི་སྨྲ་བ་ངན་པ་བྱུང་ན་ཟློག་པར་མཛད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་དང༌། བློ་གྲོས་མི་ཟད་པས་བསྟན་པ༌། ས་བཅུ་པ། དཀོན་མཆོག་རྗེས་དྲན། ཕྱག་རྒྱ་ལྔའི་མདོ། རྟེན་འབྲེལ་གྱི་མདོ། མདོ་རྒྱན། འབྱེད་གཉིས་སོགས་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཆེ་ཆུང༌། དགོངས་འགྲེལ་གྱི་བསྟན་བཅོས་སོགས་ལ་གཞན་འགྲེལ་དུ་བརྩམས་པ་ལྔ་བཅུ་ཙམ་དང༌། རང་རྐང་དུ་པྲ་ཀ་ར་ཎ་སྡེ་བརྒྱད་མཛད། གཙུག་ཏོར་རྣམ་རྒྱལ་འབུམ་བཟླས་སོ། །
སློབ་དཔོན་འདིས་མཐའ་འཁོབ་ཐག་རིང་པོ་རྣམས་སུ་མ་གཤེགས། ཕལ་ཆེར་མ་ག་དྷ་ཉིད་དུ་བཞུགས། དེར་ཆོས་གཞིས་རྙིང་པ་ཉམས་པ་རྣམས་ཞིག་གསོ་དང༌། ཐེག་པ་ཆེན་པོའི་ཆོས་གཞིས་མང་པོ་གསར་འཛུགས་གནང་། ཤར་ཕྱོགས་གཽ་རིའི་ཡུལ་དུ་བྱོན་ནས་དེར་གྲོང་ཁྱེར་གྱི་སྐྱེ་བོ་མང་དུ་འདུས་པ་ལ་ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་གསུངས། ཡུལ་དེར་ཡང་རྒྱལ་བའི་བསྟན་པ་རིང་དུ་གནས་པའི་ཕྱིར་ཆོས་གཞིས་མང་པོ་འཛུགས་པར་མཛད་དོ། །
ཨོ་ཊི་བི་ཤར་བྲམ་ཟེ་མཀྵི་ཀ་ཞེས་བྱ་བས་སྤྱན་དྲངས་ཏེ། དེར་ཐེག་པ་ཆེན་པོའི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་དུ་དུས་སྟོན་བྱས། གཞན་ཡང་ལྷོ་ཕྱོགས་ཀྱི་རྒྱུད་ལ་སོགས་པ་མང་པོར་ཡང་སློབ་དཔོན་ཉིད་ཀྱིས་བཀའ་བསྒོས་ཏེ་ཆོས་གཞིས་བཙུགས།
སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་དུས་ལས་ཀྱང་ཐེག་པ་ཆེན་པོའི་འཆད་ཉན་རྒྱས་པར་བྱུང་སྟེ་ཡུལ་ཐམས་ཅད་བསྡོམས་ན་ཐེག་པ་ཆེན་པོའི་དགེ་སློང་དྲུག་ཁྲི་ལོངས་པ་ཡོད་སྐད། སློབ་དཔོན་རང་ཉིད་དང་ལྷན་ཅིག་ཏུ་རྒྱུ་ཞིང་གནས་པའི་དགེ་སློང་སྡེ་སྣོད་འཛིན་པའང་སྟོང་ཙམ་རེ་ཡོད་པར་བཤད།
སྔ་ཕྱིར་མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་ཙམ་སུན་ཕྱུང་ཞིང༌། སྤྱིར་བྲམ་ཟེ་དང་མུ་སྟེགས་ཅན་སྟོང་ཕྲག་ལྔ་ཙམ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག །དེ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བའི་བར་དུ་རྒྱ་གར་དུ་བསྟན་པ་ལ་བྱ་བ་མཛད།
ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་བརྩམས་ཏེ་སྐྱེས་དང་བཅས་པ་སློབ་དཔོན་འདུས་བཟང་ལ་སྤྲིངས་པ་དང་། དེའི་སློབ་མ་དག་གིས་ལོ་དང་གྲགས་ལ་སོགས་པ་འདི་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ། །ཞེས་སྨྲས་པ་དང་། ཁོང་བསྟན་བཅོས་རྩོམ་པ་ལ་མཁས་པས་ཚིག་རྒྱན་ཡིན་གསུངས་ཤིང་། འདི་ལ་རང་འགྲེལ་ཞིག་མཛོད་ཅེས་བསྐུལ་མ་མཛད། དུས་ཕྱིས་འགྲེལ་པ་མཛད་དེ་བསྐུར་བ་དང་། རྩ་བ་སུན་འབྱིན་གྱི་འགྲེལ་པ་འདི་ལུང་དང་རིགས་པས་ཚར་བཅད་ཅིང་ཕམ་པར་བྱས་ལ། ཁོང་ཉིད་ཀྱིས་ལག་པས་བསུབ་ཏུ་གཞུག་དགོས་གསུང་སྟེ། བསྟན་བཅོས་ལན་གྱི་ཕུང་པོའང་བརྩམས་ཏེ། རྒྱ་གར་དུ་འབྱོན་བར་ཆས་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་གསན་ནས། སློབ་དཔོན་འདུས་བཟང་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་བྱང་བ་ཡིན་པས། ཟློག་པར་དཀའ་ལ། དེ་ཕམ་ཡང་དགོས་པ་མེད་པས་རང་བྱུང་གི་མཆོད་རྟེན་བལྟར་འགྲོ་ཞེས་བསྒྲགས་ལ་བལ་ཡུལ་དུ་འགྲོའོ་སྙམ་ནས་སློབ་མ་སྡེ་སྣོད་འཛིན་པ་སྟོང་དང་བཅས་བལ་ཡུལ་དུ་བྱོན་ཏེ་དེ་ན་གནས་པའི་དགེ་འདུན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་ཅིང་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ཕྱོགས་དེར་ཆོས་གཞིས་ཡང་མང་པོ་འཛུགས་པར་མཛད།
སློབ་མ་མང་དུ་བྱུང་ཞིང་། མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་རང་ལས་མཁས་པ་སློབ་དཔོན་རྣམ་གྲོལ་སྡེ་ཞེས་གྲགས་སོ། །
དེ་ནས་རང་བྱུང་གི་མཆོད་རྟེན་དུ་གྲགས་པ་ལ་ཞབས་བསྐོར་མཛད་ཅིང་བཞུགས་པ་ན་རབ་བྱུང་གི་ཆ་བྱད་འཛིན་པའི་ཁྱིམ་བཙུན་ཞིག་གིས་ཞིང་རྨོ་བ་དང་ཆང་གི་བུམ་པ་ཐོགས་པ་གཟིགས་པས་རྒྱལ་བའི་བསྟན་པ་ཉམས་དམས་སོ་སྙན་དུ་ཐུགས་ཕྱུང་ནས་དགེ་འདུན་རྣམས་ལ་ཐ་མའི་གསུང་ཆོས་སྩལ་ཏེ་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་འགོ་ཞབས་བཟློག་པ་ལན་གསུམ་བཟླས་ཏེ། དེ་ཉིད་དུ་མྱ་ངན་ལས་འདས་སོ། །སློབ་དཔོན་དབྱིག་གཉེན་གང་དུ་མྱ་ངན་ལས་འདས་པའི་ས་དེར་སློབ་མ་དག་གིས་སྐུ་གདུང་བཞུགས་པའི་མཆོད་རྟེན་བརྩིགས་པ་ད་ལྟའང་ཡོད་པར་བཤད། གསུང་རྩོམ་ལ། ཆོས་མངོན་པ་མཛོད་སོགས་ཆོས་ཚན་མང་དུ་བཞུགས། རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་སློབ་དཔོན་འདི་ལས་ཐོས་པ་རྒྱ་ཆེ་བ་མ་བྱུང་བས་ཀུན་མཁྱེན་གཉིས་པ་ཞེས་གྲགས་སོ། །
སློབ་དཔོན་འདི་འཕགས་པ་ཐོགས་མེད་དང་མཚེ་མའི་སྐུ་མཆེད་དུ་འདོད་མཁན་ཡོད་པ་དང་། ཆོས་འབྱུང་སོགས་སུ་སློབ་དཔོན་འདིའི་རྣམ་ཐར་བསྡུས་པ་རེ་མཇལ་རྒྱུ་ཡོད་ལ། དོར་ཞི་རིན་པོ་ཆེས་རྒྱ་ཡིག་ལས་བསྒྱུར་བའི་སློབ་དཔོན་འདིའི་རྣམ་ཐར་བསྡུས་པ་རྒྱ་འགྱུར་མ་ཞིག་ཀྱང་མཇལ་རྒྱུ་འདུག་ནའང་། བོད་ལ་ཡོངས་གྲགས་སུ་ཡོད་པ་དེ་དང་ཅུང་མི་འདྲ་བ་ཞིག་འདུག
༢༠༡༩།༠༦།༡༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི། རྒྱ་གར་གྱི་རྒྱལ་པོ་དགེ་བའི་དཔལ་ཞེས་བྱ་བའི་སྲས་སུ་སྐུ་བལྟམས། ཡབ་ཡུམ་གཉིས་ལ་གནང་བ་ནན་གྱིས་ཞུས་ཏེ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་བླ་མ་ཨ་ཝ་དྷུ་ཏི་པའི་ཞབས་ལ་གཏུགས།
དགུང་ལོ་ཉེར་གཅིག་ནས་དགུང་ལོ་ཉེར་དགུའི་བར་དུ་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་མཐའ་དག་ལ་སྦྱངས། བླ་མ་ཤཱི་ལ་རཀྴི་ཏ་ལས་རབ་ཏུ་བྱུང་། མཚན་དཱི་པཾ་ཀ་ར་ཤྲཱི་ཛྙ་ན་ཞེས་བཏགས།
མངོན་པ་སྡེ་བདུན་གྱི་གནད་ཀུན་བསྡུས་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་བརྒྱད་བརྒྱ་ཙམ་ཡོད་པའི་བསྟན་བཅོས་དེ་ལ་ལོ་བཅུ་གཉིས་ཀྱི་བར་དུ་གསན་ནས་མཐའ་ཆོད་པར་སྦྱངས། བླ་མ་གསེར་གླིང་པ་ལས་ལོ་བཅུ་གཉིས་ཀྱི་རིང་དབུ་སྔས་སྦྲེལ་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་སྤྱི་དང་། ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བའི་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན།
བོད་ཀྱི་མངའ་རིས་ཆོས་རྒྱལ་ཡེ་ཤེས་འོད་ཁུ་དབོན་གྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་བོད་དུ་གདན་དྲངས་ཤིང་། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལ་གསོལ་བ་བཏབ་པར། བྱང་ཆུབ་ལམ་གྱི་སྒྲོན་མ་མཛད།
འབྲོམ་གྱིས་བོད་དབུས་སུ་གདན་དྲངས་ཏེ། ཇོ་བོས་སྐལ་ལྡན་མང་པོ་ལ་ཆོས་འཁོར་རྒྱ་ཆེར་བསྐོར། ཇོ་བོ་བོད་དུ་བྱོན་ནས་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ་བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ།།
ཕྱི་ལོ་ ༡༠༥༤ སྐུ་གཤེགས། ཇོ་བོ་ལ་རྒྱ་བོད་གཉིས་ཀར་སློབ་མ་མང་དུ་ཡོད་ཅིང་། གཙོ་བོ་རྒྱ་གར་དུ། པཎྜིཏ་བི་ཏོ་པ། དྷརྨཱ་ཨ་ཀ་ར་མ་ཏི། དབུ་མ་སེངྒེ། སའི་སྙིང་པོ་སོགས་དང་། བོད་དུ། ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ། ལྷ་བླ་མ་བྱང་ཆུབ་འོད། རྣལ་འབྱོར་པ་ཆེན་པོ། དགོན་པ་བ། ཁུ་རྔོག་འབྲོམ་གསུམ་སོགས་མཐའ་ཡས་སོ། །
༢༠༡༦.༠༨.༡༡.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ། སྤྱི་ལོ་ ༡༥༧༠ ལོར་གཙང་རོང་གི་མཚམས་ལྷན་གྱི་ནང་དྲུག་བརྒྱ་ཞེས་པའི་ཡུལ་དུ་ཡབ་དྲུང་འཚོ་བ་ཀུན་དགའ་འོད་ཟེར་རམ་འཚོ་བྱེད་ཚེ་རིང་དཔལ་འབྱོར་དང་ཡུམ་འཚོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་ཆོས་རྒྱལ་དཔལ་ལྡན་བཟང་པོ་གསོལ།
དགུང་ལོ་གསུམ་པར་ཡབ་ཀྱིས་འཇམ་དཔལ་མཚན་བརྗོད་ཞལ་འདོན་འཆག་མེད་མཛད་པ་ཐོས་པས་རྣ་བྱང་དུ་སོང་ནས་བློར་འོངས་ཏེ། དགུང་ལོ་ལྔ་ལོན་དུས་ཉིན་རེར་མ་ཆག་པར་ཞལ་འདོན་གནང་།
དགུང་ལོ་ལྔ་ལ་ཕེབས་སྐབས་དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་སློབ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་འཇམ་དཔལ་མཚན་བརྗོད་རྒྱུགས་འབུལ་གནང་བ་དང་། དམ་པ་དེ་ལས་ཚེ་དབང་། མགོན་པོ་ཕྱག་དྲུག་པའི་བཀའ་རྫོགས་པ་སོགས་རྗེས་གནང་དང་དབང་ལུང་མང་དུ་གསན།
རང་ལོ་བཅུ་གསུམ་གྱི་སྟེང་ཕ་ཡུལ་གཙང་རོང་དང་ཁ་བྲལ་ཏེ་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕེབས། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་མཁན་སློབ་ཟུང་དུ་འབྲེལ་ཏེ་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་། མཚན་ལ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བཏགས། དམ་པ་དེ་ལས་གསང་བ་འདུས་པའི་དབང་ཡང་ཞུས།
དགུང་ལོ་བཅུ་བཞིའི་སྐབས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དབེན་ས་པའི་སྤྲུལ་སྐུར་ངོས་འཛིན་གནང་བ་དང་། རྗེ་དེ་ཉིད་དང་དབེན་དགོན་པ་རྣམས་ཀྱིས་ཀྱང་ནན་ཞུས་ལ་བརྟེན་འདུས་མང་ཚོགས་པའི་དབུས་སུ་ཁྲིར་བཀོད། སྐབས་དེར་དབྱངས་ཅན་མ་བསྒྲུབས་པ་དང་། སྔོན་སྙན་ངག་སྦྱངས་མ་མྱོང་ཡང་བསྟོད་པ་གཟིགས་སྣང་མ་བརྩམས་ཤིང༌། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བཞིན་ལམ་རིམ་འབྲིང་ཐུགས་འཛིན་གནང་བ་དང་། དེ་ཐུགས་ལ་བཟུང་སྟེ་ཞག་བཅུ་སྐོར་སོང་མཚམས། ལམ་རིམ་ཆེ་བ་བཀླགས་པས་ཐུགས་ལ་འགྲོ་བ་བྱུང་ཞིང་། མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་རྒྱུགས་འབུལ་ཡང་གནང་།
དགུང་ལོ་བཅུ་དྲུག་གི་སྟེང་། མགོན་པོ་ཞི་བ་ལྷའི་རྟོགས་བརྗོད་བརྩམས། དགུང་ལོ་བཅུ་བདུན་པར་བཀྲ་ཤིས་ལྷུན་པོར་གཞུང་ཆེན་སློབ་གཉེར་ལ་ཕེབས། དགུང་ལོ་བཅུ་བཞི་ནས་བཅོ་བརྒྱད་ཀྱི་བར་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལས། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་རྣམས་ཀྱི་ལུང་དང་། བློ་སྦྱོང་གི་རིམ་པ་མང་པོའི་ལུང་། དཔེ་ཆོས་རིན་སྤུངས་རྩ་འགྲེལ། བེའུ་བུམ་སྔོན་པོ་རྩ་འགྲེལ་སོགས་ཀྱི་ལུང་དང་། རྗེ་ཡབ་སྲས་སོགས་དམ་པ་མང་པོའི་གསུང་འབུམ་གྱི་ལུང་། སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་རྗེས་གནང་གི་སྐོར་དང་། རྡོ་རྗེ་ཕྲེང་བ། མི་ཏྲ་བརྒྱ་རྩའི་དབང་སོགས་དབང་ལུང་ཁྲིད་སོགས་གང་མང་ཞུས།
དགུང་ལོ་ཉེར་གཉིས་པར་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་བཞི་པ་དམ་ཆོས་ཡར་འཕེལ་གྱིས་མཁན་པོ་གནང་ཞིང་། སློབ་དཔོན་དཔལ་འབྱོར་རྒྱ་མཚོས་ལས་སློབ། པཎ་ཆེན་ལྷ་དབང་བློ་གྲོས་ཀྱིས་གསང་སྟོན་གནང་སྟེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
དགའ་ལྡན་དུ་ཁྲི་གདན་ཟུར་རྒྱུད་པ་སོགས་འཚོགས་པའི་དབུས་སུ་དབུ་ཚད་གཙོ་བྱས་བཀའ་ཆེན་གཞན་རྣམས་ལ་དམ་བཅའ་ཡང་བཞག །དེར་སློབ་དཔོན་མཁྱེན་རབ་དབང་ཕྱུག་དང་རྗེ་བཙུན་ནམ་མཁའི་མཚན་ཅན་ལས་དུས་འཁོར་གྱི་དབང་ཡོངས་རྫོགས་དང་བསྡུས་རྒྱུད། འགྲེལ་ཆེན། དབང་མདོར་བསྟན་སོགས་ཀྱི་ལུང་། བདེ་མཆོག་དྲིལ་བུ་ཕྱི་ནང་གི་དབང་། ཀྱཻ་རྡོར་ཐོད་པ་ཅན་དང་མཚོན་ཆ་ཅན་གཉིས་ཀྱི་དབང་སོགས་དང་། དམར་པོ་སྐོར་གསུམ་སོགས་ཀྱི་རྗེས་གནང་། བཀའ་གདམས་གཞུང་དྲུག་སོགས་ཀྱི་ལུང་། སློབ་དཔོན་དགེ་འདུན་རྒྱལ་མཚན་ལས། འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་ལུང་བཤད། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ལུང་དང་། རྣམ་སྲས་སེར་ཆེན་སོགས་ཀྱི་རྗེས་གནང་སོགས་དམ་པ་མང་པོའི་མདུན་ནས་དབང་ལུང་ཁྲིད་རྗེས་གནང་སོགས་ཟབ་ཆོས་མང་པོ་ཞུས། དབེན་དགོན་དུ་བླ་མ་སློབ་དཔོན་དང་བཀའ་བཅུ་རབ་འབྱམས་སོགས་དགེ་བའི་བཤེས་གཉེན་ཆོས་ཉན་པ་མང་པོ་ལ་ལམ་རིམ་འབྲིང་ཁྲིད་དང་སྦྱར་ཏེ་གཟབ་བཤད་གནང་བ་སོགས་དབང་ཁྲིད་ལུང་རྗེས་སོགས་ཀྱི་ཆོས་སྦྱིན་ཡང་མང་དུ་སྩལ།
མངོན་རྟོགས་རྒྱན། རྩ་ཤེ །རིན་ཕྲེང་སོགས་རིགས་ཚོགས་རྣམས་དང་། བསླབ་བཏུས། འདུས་པའི་རྩ་རྒྱུད། དུས་འཁོར་བསྡུས་རྒྱུད་བསྡུས་པ་སོགས་གཞུང་ཆེན་མང་པོ་རེ་མོས་སུ་ཞལ་འདོན་གནང་།
དགུང་ལོ་ཉེར་དགུ་པར་ལྷ་མཆོད་ཆེན་མོའི་ཉིན་གངས་ཅན་ཆོས་འཕེལ་གྱི་ཁྲིར་ཕེབས། ༡༦༠༡ ལོ་སྟེ་དགུང་ལོ་སོ་གཅིག་པར་བཀྲ་ཤིས་ལྷུན་པོའི་ཁྲིར་ཕེབས། དགུང་ལོ་ཞེ་བཞི་པ་ ༡༦༡༣ ལོ་ནས་ལོ་དྲུག་ལྷག་གི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང་། སེ་འབྲས་དགེ་གསུམ་གྱི་སློབ་གཉེར་ཐོན་པའི་དགེ་བཤེས་དྲག་གྲས་རྣམས་ཀྱིས་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་རྒྱུ་དང་། ཨང་རིམ་བྱ་དགའ་གནང་རྒྱུ་སོགས་དགེ་བཤེས་ལྷ་རམས་པའི་ལུགས་སྲོལ་ཐོག་མར་གསར་གཏོད་གནང་། སྐབས་དེར་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད།
དགུང་ལོ་ཞེ་བདུན་གྱི་སྐབས་སེ་འབྲས་གཉིས་ཀྱི་མཁན་པོ་ལོ་ལྔ་རེ་མཛད། དགུང་ལོ་ལྔ་བཅུ་པར་ལྷ་སའི་ལྕགས་པོ་རིའི་མཚམས་སུ་བོད་སོག་དམག་འཁྲུག་ལངས་སྐབས་ཆིངས་ཞུ་ནན་ཆེན་མཛད་པས་དམག་མཚམས་བཞག །
༡༦༢༢ དགུང་ལོ་ལྔ་བཅུ་ང་གཉིས་པར་༧གོང་ས་༧རྒྱལ་བའི་དབང་པོ་སྐུ་ཕྲེང་ལྔ་པ་ངོས་འཛིན་དང་མཚན་གསོལ་མཛད་དེ་འཕྱོང་རྒྱས་ནས་འབྲས་སྤུངས་སུ་གདན་དྲངས་ཤིང་སྐུ་གོང་མའི་བཞུགས་ཁྲིར་མངའ་གསོལ་སོགས་ཀྱི་མཛད་འགན་བཞེས།
དགུང་ལོ་ང་ལྔ་པར་རྒྱལ་དབང་ལྔ་པའི་རབ་བྱུང་གི་མཁན་པོ་མཛད། དགུང་ལོ་རེ་བརྒྱད་པར་རྒྱལ་དབང་ལྔ་པར་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ། དགུང་ལོ་དོན་གཉིས་ནས་བཟུང་ཞྭ་ལུ་དགོན་གྱི་མཁན་པོ་ལོ་ཉི་ཤུར་མཛད།
དགུང་ལོ་དོན་བཞིའི་སྐབས་རྒྱ་ནག་དབང་དུ་བསྒྱུར་བའི་སོག་པོའི་གོང་མས་པཎ་ཆེན་ཞེས་པའི་མཚན་ཕུལ་ཏེ་གཙུག་ཏུ་བཀུར།
སློབ་མ་གྲགས་ཆེ་པ། རྒྱལ་བ་ཡོན་ཏན་རྒྱ་མཚོ་དང། རྒྱལ་དབང་ལྔ་པ། རིན་པོ་ཆེ་སངས་རྒྱས་ཡེ་ཤེས་དང་སེ་ཆེན་ཆོས་རྗེ། སྟོང་འཁོར་སྤྲུལ་སྐུ། སྐྱིད་ཤོད་ཞབས་དྲུང་ཆོས་རྗེ་སོགས་མང་དུ་བྱུང་།
དགུང་ལོ་གོ་གསུམ་པ་སྤྱི་ལོ་ ༡༦༦༢ ལོར་སྐུ་གཤེགས། གསུང་རྩོམ་ལ་གསང་འདུས་རིམ་ལྔའི་འགྲེལ་པ་སོགས་པོད་ལྔ་བཞུགས།
༢༠༡༩.༡༠.༡༧.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
མཁན་ཆེན་ཞི་བ་འཚོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཁན་ཆེན་ཞི་བ་འཚོ་ནི། ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། མཚན་གྱི་རྣམ་གྲངས་ལ། མཁན་པོ་ཡང་དག་རྣམ་སྣང་མཛད། བོ་ངྷི་ས་ཏྭ། ཤནྟཱ་རཀྵི་ཏ། ཞི་བ་འཚོ་ཞེས་ཀྱང་བྱ་ལ། བོད་དུ་ཡོངས་གྲགས་སུ་མཁན་ཆེན་ཞི་བ་འཚོ་ཞེས་འབོད།
རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུ་བགྲངས། གཞོན་ནུ་ནས་རྒྱལ་སྲིད་ཀྱི་དཔལ་འབྱོར་ལ་མ་ཆགས་པར་རྩ་བའི་སྡེ་པ་བཞི་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སློབ་དཔོན་མཁན་པོ་ཡེ་ཤེས་སྙིང་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་སྡོམ་པ་བཞེས།
མཁན་པོ་དེ་ཉིད་ལ་བརྟེན་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་འདུལ་བ་ལུང་སྡེ་བཞི་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་པ་ཆེ་ཕྲ་མཐའ་དག་ཐུགས་སུ་ཆུད་པར་མཛད་ནས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་སྡེ་སྣོད་གསུམ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད།
སློབ་དཔོན་དུལ་བའི་སྡེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་མངོན་པར་རྟོགས་པའི་རྒྱན་གསན་ཏེ། ཤེར་ཕྱིན་གྱི་མདོ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་པར་མཛད།
བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་བཀྲལ་བའི་མན་ངག་མཐར་ཐུག་པ་དབུ་མའི་གཞུང་རྣམས་ལ་ལེགས་པར་སྦྱངས་ཏེ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་སྟོན་པའི་བསྟན་བཅོས་དབུ་མ་རྒྱན་འགྲེལ་པ་དང་བཅས་པ་མཛད་དེ་གདུལ་བྱ་མཐའ་ཡས་པ་ལ་རྒྱ་ཆེར་སྤེལ་ཏེ་འཕགས་ཡུལ་དུ་ཤེར་ཕྱིན་གྱི་མན་ངག་ཉིན་མོ་ལྟར་གསལ་བར་མཛད།
མཁན་ཆེན་ཞི་བ་འཚོས་རྒྱ་བོད་ཐམས་ཅད་དུ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་ཡིན་ཞིང་། ལྷག་པར་བྱང་ཕྱོགས་བོད་ཡུལ་དུ་བྱོན་ནས་ལོ་མང་པོར་རྒྱལ་བསྟན་དར་ཞིང་རྒྱས་པར་མཛད།
མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་རིན་པོ་ཆེ་གཉིས་ཀྱིས་ས་ཆོག་མཛད་དེ་ཨོ་ཏཱནྡ་པཱུ་རིའི་གཙུག་ལག་ཁང་དཔེ་བླངས་ནས་རབ་གླིང་བཅུ་གཉིས། ཉི་ཟླ་ཟུང་གཅིག་མཐའ་ལྕགས་རིས་བསྐོར་བ་མཛད་དེ་རྣམ་པ་གཉིས་ཀྱིས་རབ་གནས་ཀྱང་མཛད། ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་བོད་ལ་རབ་བྱུང་བཏུབ་མི་བཏུབ་སད་པའི་ཕྱིར་ཡེ་ཤེས་དབང་པོ་ལ་སོགས་པ་མི་བདུན་རབ་ཏུ་བྱུང་། བདུན་པོ་དེ་ལ་སད་མི་མི་བདུན་ཞེས་གྲགས་སོ། །
གོང་མ་ཁྲི་སྲོང་ལྡེ་བཙན་གྱིས་གངས་རིའི་ཁྲོད་འདིར་མཁན་ཆེན་ཞི་བ་འཚོའི་མཁན་རྒྱུད་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ། མཁན་རྒྱུད་འཕགས་པ་ཤཱ་རིའི་བུ། སྒྲ་གཅན་ཟིན། ཀླུ་སྒྲུབ། ལེགས་ལྡན། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་བོ་དྷི་ས་ཏྭ་རྣམས་ཀྱི་སྣང་བརྙན་བསམ་ཡས་ཀྱི་གྱང་རིས་ལ་འགོད་པར་མཛད་དོ། །
དེ་ནས་རྒྱལ་པོའི་བཀས་བསྐུལ་ཏེ་སློབ་དཔོན་བི་མ་ལ་མི་ཏྲ་དང་སློབ་དཔོན་སངས་རྒྱས་གསང་བ་སོགས་མཁས་ཤིང་གྲུབ་པའི་པཎྡི་ཏ་མང་པོ་སྤྱན་དྲངས་པ་རྣམས་དང་ལྷན་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་མཐའ་ཡས་པ་བོད་ཡིག་ཏུ་བསྒྱུར།
དེ་ནས་མཁན་ཆེན་ཞི་བ་འཚོས་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་དེ་སྐུའི་བཀོད་པ་བསྡུ་བ་ལ་ཕྱོགས་པ་ན་གོང་མ་ཁྲི་སྲོང་ལྡེ་བཙན་ལ། བོད་དུ་མུ་སྟེགས་ནི་མི་འབྱུང་གི །སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་ཅིག །རྩོད་པ་བྱས་པས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ་ཞི་བར་གཤེགས་སོ། །
རྗེས་སུ་མཁན་ཆེན་ཞི་བ་འཚོས་ཇི་ལྟར་ལུང་བསྟན་པ་བཞིན་རྒྱ་ནག་གི་ཧྭ་ཤང་ལྟ་བ་ལོག་པར་འཛིན་པ་ཞིག་བྱུང་ནས་དེའི་ལུགས་དར་ཏེ་བོད་ཕལ་ཆེར་དེ་ལ་དགའ་སྟེ་དེའི་ལུགས་བྱེད་པས་ལྟ་སྤྱོད་མ་མཐུན་པ་བྱུང་བ་ལ། བཙན་པོས་མཁན་ཆེན་ཞི་བ་འཚོའི་ལུང་བསྟན་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཏེ་རྩོད་པ་ཞི་བར་བྱས་སོ། །
མཁན་ཆེན་ཞི་བ་འཚོའི་སྐུ་གདུང་ནི་ཁོང་གི་ཞལ་ཆེམས་ལྟར་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་བཞེངས་པའི་ཞལ་བོད་ཡུལ་དུ་ཕྱོགས་ནས་བཞུགས་སུ་གསོལ་ལོ། །
བདག་ཉིད་ཆེན་པོ་འདི་ནི་དགུང་ལོ་བརྒྱ་ཕྲག་ལྷག་བཞུགས་པར་གྲགས་པས། སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་སློབ་མ་མང་དུ་ཡོད་ཅིང་། སྲས་ཀྱི་ཐུ་བོ་འགྲན་ཟླ་དང་བྲལ་བ་ནི་སློབ་དཔོན་སེང་གེ་བཟང་པོ་དང་། མཁས་མཆོག་ཀ་མ་ལ་ཤཱི་ལ་གཉིས་སོ། །གསུང་རྩོམ་ལ་དབུ་མ་རྒྱན་རྩ་འགྲེལ་སོགས་ཡོད།
༢༠༡༦.༠༨.༡༡.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ནི། ཕྱི་ལོ་ ༡༤༠༥ ལོར། ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས། མཚན་དཀོན་མཆོག་སྐྱབས་སུ་གསོལ། དགུང་ལོ་བདུན་པ་ལ་ཡི་གེ་འབྲི་ཀློག་མཁས་པར་མཁྱེན།
དགུང་ལོ་ཉི་ཤུ་བར་ཡབ་ཡུམ་གྱི་དགོངས་པ་བསྐང་ཕྱིར་ཕྲལ་ཕྲལ་རབ་ཏུ་མ་བྱུང་ན་ཡང་། དེའི་ལོ་མཇུག་སེང་གེ་རྒྱལ་མཚན་ལས་རབ་ཏུ་བྱུང་།
ཀ་རི་ཀ་ལྔ་བཅུ་པ་སོགས་མདོ་ཕྱོགས་ལ་སྦྱངས་པ་མཛད་དེ་བཤད་པ་ཡང་བརྩམས། ཆོས་འཁོར་བ་ཡབ་སྲས་ཀྱི་དྲུང་དུ་མདོ་ཕྱོགས་ཀྱི་ཆོས་གང་མང་གསན།
འབྲས་སྤུངས་དགོན་དུ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ལས་ཀྱང་མདོ་ཕྱོགས་མང་དུ་གསན་ཅིང་གྲྭ་སྐོར་གཞུང་ཤིན་ཏུ་མང་བ་མཛད། གྲྭ་སྐོར་གྱི་ཚེ་ཡང་ཆོས་འབྲེལ་ཞུ་མཁན་མང་དུ་བྱུང་། རྗེ་བྱང་སེམས་པའི་དྲུང་དུ་ལམ་འབྲས་དུས་འཁོར་སོགས་གསང་སྔགས་ཀྱི་ཆོས་ཚུལ་མང་དུ་གསན།
སེམས་དཔའ་ཆེན་པོ་སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ་བཟང་པོའི་དྲུང་དུ་ཕེབས་ནས་ཀ་ལཱ་པ་སོགས་ཐ་སྙད་རིག་གནས་ལྔ་ཆར་ལེགས་པར་སྦྱངས། བོ་དོང་པཎ་ཆེན་ལས་ཆོས་མང་དུ་གསན།
ཡོངས་གྲགས་སུ་ཁོང་གིས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ཕུལ་དུ་བྱུང་བ་མཛད་ཅིང་མཁས་པའི་ཚད་མར་འཛིན་སར་གྱུར་ཏེ། [དུ་ཀུ་ལའི་གོས་བཟང་]ལས། རིག་པའི་གནས་ཐམས་ཅད་ལ་འཁྲུལ་བའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ། ཞེས་ཚད་མཐོན་པོས་གདེང་འཇོག་གནང་ཡོད། ལྷག་པར་དུ་གསོ་བ་རིག་པའི་སྐོར་ལ་མཛད་རྗེས་ཆེ།
དུས་ཕྱིས་སུ་ཡར་སྟག་ལུང་དུ་ས་སྐྱའི་དགོན་ལག་ཏུ་གྱུར་པ་ཐར་གླིང་ཆོས་སྡེ་གསར་དུ་བཏབ་སྟེ་དགེ་འདུན་སྟོང་ཕྲག་ལྷག་གི་ཚོགས་པ་བསྐྱངས། ༡༤༥༥ ལོར་[དུས་འཁོར་སྤྱི་དོན་]ལྗགས་རྩོམ་མཛད། མདོ་སྔགས་སོགས་ཀྱི་བསྟན་བཅོས་མང་དུ་མཛད།
ཁོང་གིས་ཐོག་མར་རྗེ་ཙོང་ཁ་པ་ལ་མ་མཉེས་པའི་ཚུལ་ཅུང་ཟད་མཛད་ཀྱང་རྗེས་སུ་འགྱོད་བཤགས་ཕུལ་ཞིང་བསྟོད་པ་མཛད་ཡོད། འདས་ལོ་མི་གསལ། སློབ་མ་ལ། ཞ་ལུ་ལོ་ཆེན་དང་། འུག་ཚང་རིན་པོ་ཆེ་སོགས་མང་དུ་བྱུང་།
༢༠༡༦.༠༨.༡༡.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
མཉམ་མེད་ཤེས་རབ་རྒྱལ་མཚན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཉམ་མེད་ཤེས་རབ་རྒྱལ་མཚན་ནི། ཕྱི་ལོ་ ༡༣༥༦ ལོར་ཤར་རྒྱལ་མོ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ཡབ་བོན་རིགས་བཞི་ལ་མཁས་པ་ཀླུ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས།
སྐུ་ན་ཆེས་ཕྲ་མོ་ཉིད་ནས་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང་སྨན་དཔྱད་སོགས་རྒྱུའི་བོན་ལ་སྦྱངས་པ་མཛད། དགུང་ལོ་བཅུའི་སྐབས་བྱ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་དང་པོ་བསྙེན་གནས་དགེ་བསྙེན་གྱི་སྡོམ་པ་བཞེས།
ཁྲོ་ཀློང་རྣམ་གསུམ་དང་། ཡར་མེ་བའི་བཀའ་རྟེན་རྣམ་པར་མཛོད་གབ་པ། རྩ་བརྒྱུད་གཞུང་ཆེན་སོགས་རྒྱུན་མཁོའི་སྔོན་འགྲོའི་ཕྱག་ལེན་གྱི་གཞུང་རྣམས་ཐུགས་འཛིན་མཛད།
བཤེས་གཉེན་དེས་རབ་ཏུ་བྱུང་བའི་མཚན་ཤེས་རབ་རྒྱལ་མཚན་དུ་གསོལ་ཞིང་། ཤ་ཆང་སྒོག་ཙོང་སྤངས་ནས་བསླབ་ཁྲིམས་ཚུལ་བཞིན་བསྲུངས་ཏེ་བོན་གྱི་ཆོས་སྒོ་ཁག་གསན་སྦྱོང་དང་། བོད་ཡུལ་ཀུན་འགྲིམས་ཏེ་བོན་གྱི་སྐོར་ལ་མཁས་པའི་མཁས་གྲུབ་ཡོད་དོ་ཅོག་གི་ཞབས་ལ་གཏུགས་ནས་ཀྱང་གསན་སྦྱོང་མཛད།
ཁྱད་པར་དུ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་དྲུང་ནས་ཕར་ཕྱིན་དང་། འདུལ་བ། དབུ་མ་གསན་སྦྱོང་གིས་མཁས་པར་གྱུར་ཏེ་རབ་འབྱམས་ཆེན་པོའི་མཚན་རྟགས་ཐོབ་པ་དང་འབྲེལ་དྲང་སྲོང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
སླར་ཡང་བཤེས་གཉེན་གང་གི་དྲུང་ནས་ཕྱི་ནང་གསང་གསུམ་གྱི་ལུང་དུ་མ་དང་། མཚན་ཉིད་སྡེ་ལྔ་སོགས་ལུང་རིག་གི་རྣམ་གཞག་ཇི་སྙེད་གསན་སྦྱོང་མཐར་ཕྱིན་མཛད། ༡༤༠༦ ལོར་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་སྨན་རི་དགོན་ཕྱག་བཏབ།
སློབ་མ་ལ། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། རྒྱལ་རིགས་བྲུ་ཤའི་གདུང་འཛིན་ཀུན་དགའ་དབང་ལྡན། ཤེས་རབ་སེང་གེ་སོགས་བྱུང་། ཕྱི་ལོ་ ༡༤༡༥ ལོར་སྐུ་གཤེགས། གསུང་རྩོམ་ལ། མཛོད་ཀྱི་འགྲེལ་པ་འཕྲུལ་གྱི་སྒྲོན་མེ་སོགས་ཧ་ཅང་མང་།
༢༠༡༦.༠༨.༡༡.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།