རྣམ་ཐར་གྱི་ཚོམས། (63)
རྒྱལ་སྲས་ཐོགས་མེད་བཟང་པོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།རྒྱལ་སྲས་ཐོགས་མེད་བཟང་པོ་ནི། ཕྱི་ལོ་ ༡༢༩༥ ལོར་ས་སྐྱའི་ཕུལ་བྱུང་བྲག་སྐྱར་ཡབ་དཀོན་མཆོག་དཔལ་གྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དཀོན་མཆོག་བཟང་པོ་ཞུ།
དགུང་ལོ་དགུ་པར་ཕྱུགས་འཚོ་ས་ནས་བྲོས་ཏེ་བསམ་གླིང་དུ་ཕེབས་ཏེ་ཤིང་སྟོན་པ་རིན་ཆེན་བཀྲ་ཤིས་ལས་ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བཅུ་བཞིའི་སྐབས་བསམ་གླིང་པ་དཔལ་འབར་དང་། མཁན་པོ་རིན་ཆེན་དཔལ་བཟང་གི་དྲུང་ནས་རབ་ཏུ་བྱུང་། མཚན་ལ་བཟང་པོ་དཔལ་དུ་གསོལ།
དགུང་ལོ་བཅོ་ལྔའི་སྐབས་བོ་དོང་ཨེར་ཆོས་གྲྭར་ཕེབས་ཏེ་སློབ་དཔོན་ཀུན་དགའ་རྒྱལ་མཚན་ལས་མངོན་པ་ཀུན་བཏུས་དང་། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་སོགས་ལ་ཐོས་བསམ་མཛད། དེ་ནས་ས་སྐྱར་ཕེབས་ཏེ་བླ་མ་གཞོན་ནུ་རྒྱལ་མཚན་ལས་ཚད་མ་སྡེ་བདུན་དང་བཅས་པར་སྦྱངས།
དགུང་ལོ་ཉེར་གསུམ་གྱི་སྐབས་གཙང་ཕྱོགས་ཀྱི་ཆོས་གྲྭ་རྣམས་སུ་གྲྭ་སྐོར་མཛད། འཇམ་དབྱངས་ཉི་མ་རྒྱལ་མཚན་གྱིས་མངོན་པའི་སྐོར་ལ་དྲི་བ་གནང་བར་ལན་ཐོགས་མེད་དུ་གནང་བས། ཐོགས་མེད་བཟང་པོ་དཔལ་ཞེས་གྲགས། དགུང་ལོ་ཉེར་གཅིག་ནས་གཞུང་ཆེན་འཆད་ཁྲིད་ཀྱི་དབུ་བཙུགས།
དགུང་ལོ་སུམ་ཅུའི་སྐབས་མཁན་པོ་བྱང་སེམས་རིན་ཆེན་དང་། བླ་མ་ནམ་མཁའ་སངས་རྒྱས་སོགས་ལས་བསྙེན་པར་རྫོགས།
དགུང་ལོ་སོ་གཉིས་ཀྱི་སྐབས་རྟ་རའི་གདན་སར་ཕེབས་ཏེ་ལོ་བདུན་གྱི་རིང་དུ་བླ་བྲང་རྟ་རའི་གདན་ས་མཛད་ཅིང་འཆད་ཉན་སྤེལ། ཁོང་གིས་ཡོངས་གྲགས་སུ་དགེ་བའི་བཤེས་གཉེན་བཞི་བཅུ་ཐམ་པ་བསྟེན་ནས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལ་ཐོས་བསམ་དང་འཆད་ཉན་མཛད།
དགུང་ལོ་རེ་བདུན་གྱི་སྐབས་དབུས་སུ་བྱོན། སློབ་མའི་གཙོ་བོ་ལ་རེད་འདའ་བ་གཞོན་ནུ་བློ་གྲོས་སོགས་བྱུང་།
དགུང་ལོ་དོན་ལྔའི་སྐབས་ཏེ་ཕྱི་ལོ་༡༣༦༩ ལོར་སྐུ་གཤེགས། གསུང་རྩོམ་ལ། རྒྱལ་སྲས་ལག་ལེན་སོགས་ཆོས་ཚན་བརྒྱ་དང་བཅོ་ལྔ་བཞུགས།
༢༠༡༦.༡༠.༠༥སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
ཚེ་ཏན་ཞབས་དྲུང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ཚེ་ཏན་ཞབས་དྲུང་ནི། ཕྱི་ལོ་ ༡༩༡༠ ལོའི་ཧོར་ཟླ་བཞི་པའི་ཚེས་ཉེར་གཉིས་ཀྱི་མཚན་མོའི་ཐུན་སྟོད་ཀྱི་ཆར་མཚོ་སྔོན་པོའི་ཉེ་འགྲམ་ཡ་རྫི་ཞེས་པར་ཡབ་གཡང་ཙེ་འམ་བློ་བཟང་བཀྲ་ཤིས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་ལ་ཕེབས་སྐབས་ཞྭ་དམར་པཎྜི་ཏས་མར་མེའི་བརྟག་པ་ལ་བརྟེན་ནས་ཚེ་ཏན་ཞབས་དྲུང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ་མཚན་བློ་བཟང་ཆོས་འཕེལ་དུ་གསོལ།
རྗེ་ངག་དབང་ཆོས་འཛིན་ལས་ཀློག་བསླབ། དགུང་ལོ་བདུན་ལ་ཕེབས་པའི་སྐབས་མཐུ་བ་དགོན་པའི་མཚམས་ཁང་བསམ་གཏན་ཕོ་བྲང་དུ་གསེར་རིའི་མ་ཎི་པཎྜི་ཏ་སྐུ་ཕྲེང་ལྔ་པ་དགེ་འདུན་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་། བར་མ་རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་དུས་གཅིག་ཏུ་ཞུས་ཤིང་མཚན་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ཞེས་གསོལ།
དགུང་ལོ་དགུ་པ་ནས་དབུ་བཙུགས་ཏེ་དགེ་བའི་བཤེས་གཉེན་བློ་བཟང་ཟླ་བའི་དྲུང་ནས་རྒྱན་འཇུག་སོགས་རིམ་གྱིས་གསན་སྦྱོང་མཛད། ལོ་དེར་གློ་བུར་དུ་ཡབ་བསྙུན་ཏེ་སྐུ་ཚེ་མ་ཟིན་པས་ཡུམ་ལ་ཐུགས་གསོའི་ཆེད་དུ་ཕེབས་ཏེ་སྐབས་ཤིག་རིང་གཟིམ་ཁང་དུ་བཞུགས།
དེ་ནས་རིམ་བཞིན་ཀློག་པའི་སློབ་དཔོན་ངག་དབང་ཆོས་འཛིན་གྱི་དྲུང་ནས་བསྡུས་གྲྭའི་ཁ་དོག་དཀར་དམར་སོགས་ཀྱི་རྟགས་གསལ་ཁྱབ་བརྡ་གཏོང་ལུགས་ཀྱི་རིག་པ་རྣམས་བསླབ་པའི་དབུ་ཚུགས། ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་ལམ་གཙོ་རྣམ་གསུམ་སོགས་མདོ་སྔགས་ཀྱི་ཁྲིད་གང་མང་ཐོབ།
དགུང་ལོ་བཅུ་བཞིར་ཕེབས་སྐབས་ཡོངས་འཛིན་རིན་པོ་ཆེ་དྲུང་ནས་སྙན་ངག་སོགས་རིག་གནས་ཀྱི་སྐོར་དང་། གཞུང་ཆེན་མངོན་མཛོད་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་དང་། སྔགས་ཕྱོགས་ཀྱི་དབང་ལུང་བཤད་ཁྲིད་སོགས་ལེགས་པར་གསན། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲུང་ནས་སྒྲ་རིག་པ་གསན་ཏེ་ཀུན་བཤད་ཀྱི་མཚན་ལ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་གནང་།
དགུང་ལོ་ཉི་ཤུར་ཕེབས་སྐབས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཁན་སློབ་སྦྲགས་མ་དང་། ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་གིས་གསང་སྟོན་མཛད་དེ་དགེ་བའི་བཤེས་གཉེན་གྲངས་བཅུ་ཚོགས་པའི་དབུས་སུ་དགེ་སློང་གི་སྡོམ་པ་མནོས་ཏེ་མཚན་ལ་འཇིགས་མེད་རིག་པའི་བློ་གྲོས་ཞེས་གསོལ།
དགུང་ལོ་ཉེར་ལྔའི་སྐབས་ཡོངས་འཛིན་རིན་པོ་ཆེའི་གསུང་པོད་རྣམས་ཤིང་པར་དུ་བརྐོ་རྒྱུར་པར་རྐོའི་གྲྭ་ཚང་ཞིག་གསར་འཛུགས་གནང་། དགུང་ལོ་སོ་བརྒྱད་ནས་བླ་མ་རྡོ་རྗེ་འཆང་གི་བཀའ་འབུམ་སོགས་ཀྱི་བཤད་ལུང་གི་ཆོས་རྒྱུན་སྤེལ་གནང་མཛད། དེ་ནས་རིམ་བཞིན་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་བསྐྱངས།
དགུང་ལོ་ཞེ་གསུམ་པ་ཕྱི་ལོ༡༩༥༣ལོར་མཚོ་སྔོན་ཞིང་ཆེན་རྩོམ་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་གནང་ཞིང་ཡིག་བསྒྱུར་གྱི་བྱ་བ་མང་དུ་མཛད།
ཀྲོའུ་ཙུང་ལིས་ཆོག་མཆན་གནང་བའི་གོ་གནས་ཀྱི་ཡི་གེ་དང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པར་བཞུགས།
དགུང་ལོ་ཞེ་དགུ་ནས་ང་བཞིའི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་བཞུགས་ཏེ་དགེ་སློབ་མང་པོ་ལ་སློབ་ཁྲིད་གནང་། དེ་རྗེས་གེ་སར་སྒྲུང་གི་བསྟན་བཅོས་པར་འགོད་ལེགས་སྒྲིག་ཞུས་དག་དང་ཞིང་ཆེན་མི་རིགས་སློབ་གྲྭར་སྐྱེས་རབས་སོ་བཞི་པའི་སྟེང་ནས་སྟོན་པའི་རྣམ་ཐར་རྣམས་སྙན་ངག་གི་གཞུང་འགྲེལ་དང་འབྲེལ་ཏེ་སློབ་ཁྲིད་གནང་།
དགུང་ལོ་ལྔ་བཅུར་ཕེབས་པའི་སྐབས་ཡིག་ཆ་འགའ་རེ་སྒྱུར་རྩོམ་དང་ཞུས་དག་གི་དོན་དུ་མི་རིགས་དཔེ་སྐྲུན་ཁང་གིས་རེ་འདུན་བཞིན་པེ་ཅིང་དུ་ཕྱག་ལས་གནང་བར་ཕེབས་ཏེ་དེར་མཁས་དབང་དམུ་དགེ་བསམ་གཏན་དང་ལྷན་དུ་ཁང་མིག་གཅིག་ནང་ཟླ་གསུམ་ཙམ་བཞུགས།
དགུང་ལོ་ང་དྲུག་གི་སྐབས་རྒྱ་མིའི་བཙོན་ཁང་དུ་ལོ་བཅུ་གཉིས་ལྷག་བཞུགས་དགོས་བྱུང་། དགུང་ལོ་རེ་དགུའི་སྐབས་བཙོན་གྲོལ་ཐོབ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གནང་།
༡༩༨༡ ལོར་ནུབ་བྱང་མི་རིགས་སློབ་གྲྭའི་བོད་ཡིག་ཞིབ་འཇུག་འཛིན་གྲྭའི་སློབ་མ་རྣམས་ལ་སྣེ་ཁྲིད་དེ། དབུས་གཙང་ཕྱོགས་ཀྱི་གནས་གྲགས་ཆེ་བ་རྣམས་སུ་ཕེབས་ནས། རིག་གཞུང་རྟོགས་ཞིབ་དང་སྙན་སྒྲོན་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས།
སྔ་ཕྱིར་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་གོ་གནས་བཞེས་མྱོང་།
སྐུ་ཚེ་གཅིག་རིང་མི་རིགས་ཀྱི་སློབ་གསོའི་བྱ་གཞག་ལ་ཞུགས་ཏེ་སློབ་མ་མང་པོ་གསོ་སྐྱོང་གནང་ཞིང་། དེང་སྐབས་བོད་དུ་བོད་ཡིག་མ་ཤི་བར་གནས་ཡོད་པ་འདི་ཡང་ཁོང་ཉིད་ཐེ་བའི་མཁས་དབང་དམ་པ་ཁ་ཤས་ཤིག་གིས་སྐུ་སྲོག་བློས་གཏོང་གི་དྲིན་ལས་བྱུང་བ་ཡིན།
༡༩༨༥ ལོའི་ཟླ་༦ ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ དང་སྐར་མ་ ༥༠ ཐོག་སྒོར་ཁྲི་ཕྲག་དུ་མ་སློབ་གྲྭ་དང་དགོན་པར་འབུལ་རྒྱུའི་ཞལ་ཆེམས་བཞགས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐུ་གཤེགས།
ཁོང་གི་གསུང་རྩོམ་ལ། རྣམ་ཐར་དང་། ལོ་རྒྱུས། དམ་ཆོས། བསླབ་བྱ། སྐར་རྩིས། སྙན་ངག །སུམ་རྟགས་དག་གསུམ། ལཉྫདང་ཝ་རྟུའི་མ་ཕྱི་ལ་སོགས་ཡོད་པ་དག་ཕྱོགས་བསྡུས་ཀྱིས་ ༡༩༨༧ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ལྕགས་དཔར་མ་དེབ་ལྔར་དཔར་བསྐྲུན་བྱས་ཡོད།
དམ་པ་འདིའི་རྣམ་ཐར་ལ་རང་རྣམ་[མཉམ་མེད་ཤཱཀྱའི་དབང་པོའི་རྗེས་ཞུགས་པ་འཇིགས་མེད་རིག་པའི་བློ་གྲོས་རང་གི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བདུད་རྩི་ཞེས་བྱ་བ་]གསུང་རྩོམ་པོད་དང་པོར་བཞུགས།
༢༠༡༨།༠༢།༠༡ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
མཁས་གྲུབ་ནོར་བཟང་རྒྱ་མཚོ་
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཁས་གྲུབ་ནོར་བཟང་རྒྱ་མཚོ་ནི། ཕྱི་ལོ་ ༡༤༢༣ ལོར་གཙང་རྟ་ནག་རང་བྱུང་དུ་ཡབ་ནམ་མཁའ་དཔལ་བཟང་དང་། ཡུམ་ཆོས་སྐྱབས་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུ་བྱིས་པའི་དུས་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས།
དགུང་ལོ་བཅུ་གསུམ་པ་ ༡༤༣༥ ལ་བྲག་དམར་ཆོས་སྡིངས་སུ་ཕེབས་ཏེ་ཆོས་རྗེ་བློ་གྲོས་མགོན་པོས་མཁན་པོ་དང་། བྱང་སེམས་ཆོས་འཕེལ་རྒྱལ་མཚན་གྱིས་ལས་སློབ་མཛད་དེ་རབ་བྱུང་བསྒྲུབས་ཤིང་བཀའ་ཆོས་ཀྱང་གསན།
དེ་ནས་རི་ཁུད་ཆོས་སྡེར་ཕེབས་ཤིང་སློབ་དཔོན་གྲགས་པ་བཟང་པོའི་ཞབས་ལ་གཏུགས་ཏེ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་། རི་ཁུད་ཆོས་སྡེར་བཞུགས་པའི་དུས་སུ་མཁས་གྲུབ་ཤེས་རབ་སེངྒེ་དང༌། རྒྱལ་བ་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ་རྣམས་ཀྱང་ཆོས་རྗེ་གྲགས་པ་བཟང་པོ་དང་ཡོན་བདག་དགེ་སྦྱོང་དཀར་པོ་སོགས་ཀྱིས་གདན་དྲངས་ཏེ་ཞལ་འཛོམས་ནས་སྡེ་སྣོད་གསུམ་དང་དེ་དག་གི་དགོངས་འགྲེལ་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ཀྱི་ཆོས་སྒྲ་སྒྲོག་པར་མཛད། དེ་དུས་རི་ཁུད་ཆོས་སྡེ་ན་མཁས་གྲུབ་ཆེན་པོ་གོང་དུ་སྨོས་པ་དེ་དག་དང་དེ་དག་གི་ཐུགས་སྲས་སེམས་དཔའ་ཆེན་པོ་མང་པོ་འཚོགས་ཏེ་ཐམས་ཅད་ཀྱང་ཚུལ་ཁྲིམས་རྣམ་པར་དག་ཅིང་ཚེ་འདིའི་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པ་སྡེ་སྣོད་གསུམ་གྱི་ཆོས་སྒྲ་བརྒྱུད་མར་སྒྲོག་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་འདྲ་བ་ཞིག་ཡོད་ཅེས་དམ་པ་སྐུ་ཉིད་ཀྱིས་གསུང་ཞེས་འབྱུང་།
འཆུམས་བདེ་ཆེན་དང་ཆོས་འཁོར་སྒང་སོགས་སུ་བྱོན་ཏེ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་བཤེས་གཉེན་དུ་མ་ལས་དབང་ལུང་མན་ངག་མང་དུ་གསན།
དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་རྗེ་དགེ་འདུན་གྲུབ་པ་ལས་བྱང་ཆུབ་ལམ་རིམ་དང་། བསྐྱར་དུ་ཕར་ཕྱིན། དབུ་མ། འདུལ་བ། མངོན་པ་མཛོད། ཚད་མ་རྣམ་འགྲེལ་བཅས་ལ་སྦྱངས་ཤིང་གསང་ཕུ་སོགས་དབུས་ཀྱི་གདན་ས་འགའ་ཞིག་ཏུ་གྲྭ་སྐོར་མཛད།
དགུང་ལོ་སོ་ལྔ་པ་ ༡༤༥༧ ལ་དགའ་ལྡན་དུ་ཕེབས་ཏེ་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་གིས་མཁན་པོ་དང་། ཆོས་རྗེ་གྲགས་པ་འོད་ཟེར་གྱིས་ལས་སློབ། རོང་པོ་བློ་བཟང་པས་གསང་སྟོན་མཛད་དེ། བསྙེན་པར་རྫོགས་ཤིང་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་སོགས་ལས་རྗེ་ཙོང་ཁ་པའི་གསུང་རྣམས་ཀྱི་ལུང་སོགས་མདོ་སྔགས་ཀྱི་ཆོས་རྒྱུན་གང་མང་གསན།
དགུང་ལོ་སོ་བདུན་པ་ ༡༤༥༩ ལ་དབེན་གནས་རིན་ཆེན་སྒང་དང་། ཨེའི་ཏེའུ་[ ཏིའུ། རྟེའུ ]ར། འོལ་ཁ་ཆོས་ལུང་། རྒྱ་སོག་ཕུ། ལྷ་སྡིངས་སོགས་དབེན་གནས་རྣམས་འགྲིམས་ནས་ལོ་བཞི་བཅུ་ཙམ་གྱི་རིང་ལ་སྒྲུབ་པ་ཉམས་ལེན་གནང་ཞིང་། ཞར་དང་ཞོར་ལ་དད་ལྡན་དོན་གཉེར་ཅན་གང་མང་ལ་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་སྩལ་བས་རྒྱུད་འཛིན་གྱི་སློབ་མ་ཡང་གྲགས་ཅན་གང་མང་བྱུང་ཞིང་། སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པའི་ཐུགས་སྲས་ནི་རྒྱལ་བ་དགེ་འདུན་རྒྱ་མཚོ་ཡིན།
དགུང་ལོ་གོ་གཅིག་པ་ཕྱི་ལོ་ ༡༥༡༣ ལོར་སྐུ་གཤེགས། སྐུ་གདུང་རིལ་པོར་བཞུགས་པའི་འདྲ་སྐུ་འོལ་ཁ་རིན་ཆེན་སྒང་སྒྲུབ་སྡེའི་རྟེན་གྱི་གཙོ་བོར་བཞུགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་བདུན་པ་ཡིན།
ཁོང་གི་གསུང་རྩོམ་ལ། དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་དང་། རྩིས་གཞུང་པད་དཀར་ཞལ་ལུང་། [འདི་ཕུག་པ་ལྷུན་གྲུབ་རྒྱ་མཚོས་མཛད་ཅེས་ཀྱང་བརྗོད་སྲོལ་ཡོད།] དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་དོན་གསལ་བར་བྱེད་པའི་སྒྲོན་མེ། རིམ་པ་ལྔའི་དོན་ཡང་གསལ་སྒྲོན་མེ། ལེགས་པར་བཤད་པ་པདྨ་དཀར་པོའི་ཞལ་ལུང་ལས་རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ། ཞལ་ལུང་ལས་གཟའ་རྣམས་སྟོང་པ་ལ་འཇུག་པའི་ལྷན་ཐབས་བློ་གསལ་ཡིད་ཀྱི་མུན་སེལ། ཞལ་ལུང་ལས་རྩིས་ལ་ལོག་རྟོག་ཀུན་སེལ་སྒྲོན་མེ། ཞལ་ལུང་ལས་དུས་བཞི་གཡོན་སྐོར་བ་འགོག་ཅིང་གཡས་སྐོར་སྒྲུབ་པར་བྱེད་པའི་བསྟན་བཅོས་གཡས་སྐོར་རབ་ཏུ་གསལ་པའི་སྒྲོན་མེ། ཞལ་ལུང་ལས་གཟའ་ཉིའི་སྤྱི་ནོར་གསལ་བ་བྱེད་པའི་སྒྲོན་མེ། ཞལ་ལུང་ལས་ས་དུམ་བུ་བཅུ་གཉིས་སུ་དབྱར་དགུན་གྱི་ཉི་སྡོག་གསལ་བར་བྱེད་པ། ཞལ་ལུང་ལས་ཉི་ཤུ་བཅོ་ལྔ་འཆར་བའི་ས་ཆ་གང་ཡིན་དཔྱད་པ། ཞལ་ལུང་ལས་དུས་བཞི་གཡས་སྐོར་དག་པའི་ཡི་གེ །ཞལ་ལུང་གི་ལྷན་ཐབས་སྒོ་བརྒྱ་འབྱེད་པའི་ལྡེ་མིག །ཞལ་ལུང་ལས་བྱེད་པ་དང་གྲུབ་མཐའི་རྩིས་ཀྱི་ཚུལ་དལ་པར་འབྱེད་པ་རྩིས་ལ་མུན་པ་སེལ་པའི་སྒྲོན་མེ། ཞལ་ལུང་ལས་རང་ལུགས་རྣམ་པར་དག་པའི་བསྟན་རྩིས་དང༌། རྒྱུད་ཀྱི་དངོས་བསྟེན་ཉུང་ངུའི་བྱེད་པ་མདོ་ཙམ་བཤད་པའི་ལེགས་བཤད་མཛེས་རྒྱན་རྣམས་ཡོད།
༢༠༡༩.༠༣.༡༧ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
རྒྱལ་བ་དགེ་འདུན་གྲུབ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།རྒྱལ་བ་དགེ་འདུན་གྲུབ་ནི། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་དང་པོ། ཕྱི་ལོ་ ༡༣༩༡ ལོར་གཙང་རུ་ལག་གི་སའི་ཆ་དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལག་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་མགོན་པོ་རྡོ་རྗེ་དང་། ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཕྲ་དུས་ཀྱི་མཚན་ལ་པདྨ་རྡོ་རྗེར་གསོལ། དགུང་ལོ་ལྔ་བཞེས་སྐབས་གྲོང་པ་གཞན་གྱི་ར་རྫི་མཛད་སྐབས་རྡོ་ལ་མ་ཎྀ་མང་པོ་བྲིས་གནང་བ་མཇལ་རྒྱུ་ཡོད་པར་གྲགས།
དགུང་ལོ་བདུན་ལ་ཕེབས་པའི་ཚེ་ཡབ་འདས་པ་དང་དེ་མུར་སྣར་ཐང་དུ་ཕེབས། དཔལ་སྣར་ཐང་གི་མཁན་རབས་བཅུ་བཞི་པའི་སྤྲུལ་སྐུ་རྗེ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས།
བརྒྱ་སྟོན་ཙནྡྲ་དང་ཤཱཀྱ་དཔལ་ལས་བོད་ཡིག་དང༌། ལཉྫ་ཝརྟུལ། ཧོར་ཡིག་སོགས་གསན་སྦྱོང་མཛད། དགུང་ལོ་བཅོ་ལྔ་པ་ ༡༤༠༥ ལོར་དཔལ་སྣར་ཐང་གི་མཁན་ཆེན་གྲུབ་པ་ཤེས་རབ་དང་ཆེན་པོ་བློ་ལྡན་གཉིས་ཀྱི་དྲུང་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་དགེ་འདུན་གྲུབ་པ་དཔལ་ཞེས་གསོལ། དེ་རྗེས་སྣར་ཐང་གི་པཎྚི་ཏ་སངྒྷ་ཤྲཱི་ལ་སྙན་ངག་མེ་ལོང་དང༌། མངོན་བརྗོད་འཆི་མེད་མཛོད། སྒྲ་མཚམས་སྦྱོར་ལྔ་པ་སོགས་དང༌། གཏུམ་པོ་དཀར་པོའི་རྗེས་གནང་སོགས་ཆོས་བཀའ་དུ་མ་གསན།
དགུང་ལོ་ཉི་ཤུ་པ་ ༡༤༡༠ ལོར་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་མཛད་དེ་བསྙེན་པར་རྫོགས། མཁན་རིན་པོ་ཆེ་ལས་ཀྱཻ་རྡོར་དང༌། དོན་ཞགས་སོགས་མང་དུ་ཞུས། རྣམ་འགྲེལ་དང་ཊཱིཀྐ་ཐུགས་འཛིན་མཛད། སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀཱིརྟི་ཞེས་པས་སློབ་དཔོན་མཛད་དེ་ཉ་དཔོན་པའི་ཚད་མའི་འགྲེལ་པའི་སྟེང་ནས་སྣར་ཐང་དུ་གྲྭ་སྐོར་མཛད།
དགུང་ལོ་ཉེར་ལྔ་པ་༡༤༡༥ ལོར་དབུས་ལ་ཕེབས་ཏེ་ཁྲ་འབྲུག་ཏུ་སེམས་པ་ཆེན་པོ་ཀུན་བཟང་དང༌། ཐང་པོ་ཆེར་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་དབུ་མ་དང་ཕར་ཕྱིན་གསན། འོན་བཀྲ་ཤིས་དོ་ཁར་རྗེ་ཙོང་ཁ་པ་དང་མཇལ་ཏེ་ཚད་མ་རྣམ་ངེས་སོགས་མང་དུ་ཞུས། རྗེ་ཙོང་ཁ་པའི་བཀའ་ལ་བརྟེན་ནས་ཐང་པོ་ཆེར་ཉི་མ་རྒྱལ་མཚན་དང་། གསང་ཕུ་པ་རྗེ་ཤེས་རབ་སེང་གེ་གཉིས་ལས་གསང་འདུས་མི་བསྐྱོད་པ་སོགས་གསན། གསང་ཕུ་ནེའུ་ཐོག་དང་རི་བོ་དགའ་ལྡན་དུ་ཕར་བྱོན་ཚུར་བྱོན་མཛད་ནས་ལོ་གསུམ་ཙམ་བཞུགས།
དགུང་ལོ་ཉེར་བདུན་བཞེས་པ་ནས་འབྲས་སྤུངས་དགོན་དང་སེ་ར་ཆོས་སྡིངས། ཕན་ཡུལ་གྲོ་པ་སོགས་སུ་བྱོན། དམར་སྟོན་དཔལ་ལྡན་རིན་ཆེན་དང༌། རྒྱ་མཚོ་རིན་ཆེན་གཉིས་ལས་ལོ་གཉིས་རིང་མདོ་རྩ་བ་དང་མངོན་པ་ལེགས་པར་གསན།
དགུང་ལོ་སོ་ལྔ་པ་ ༡༤༢༥ ལོར་གསང་ཕུའི་འཆད་ཉན་མཛད། དེ་ལྟར་དབུས་ལ་ལོ་བཅུ་གཉིས་བཞུགས། སོ་དྲུག་པ་ ༡༤༢༦ ལོར་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་ལ་ཕེབས། བྱང་ཆེན། རི་ཁུད། བྲག་དམར་སོགས་སུ་བཞུགས། འཆད་ཉན་སྨར་ཞིང་གྲྭ་ཚོགས་འཕེལ་བར་མཛད། རྒྱལ་ཚབ་ཆོས་རྗེ་ལས་སྤྱིར་ཆོས་མང་པོ་དང་མངོན་པ་ཀུན་བཏུས་ཀྱི་ཊཱིཀྐ་དེ་གསན། མཁས་གྲུབ་རྗེ་ལས་ཀྱང་ཆོས་འབྲེལ་ཙམ་གསན། དགུང་ལོ་བཞི་བཅུར་འཇུག་ཊཱིཀྐ་བརྩམས། ལ་སྟོད་ལྷོ་བྱང་རྣམས་སུ་བྱ་བྲལ་འཆད་ཉན་མཛད།
དགུང་ལོ་ཞེ་གཅིག་པ་ ༡༤༣༡ ལོར་ཆོས་སྡིངས་སུ་གཡུལ་རྒྱལ་བ་ཡོན་འབྱུང་ཞེས་པ་གདན་དྲངས་ཏེ་ཁོང་ལ་དབྱངས་འཆར་གྱི་རྒྱུད་ཆ་ལག་དང་བཅས་པའི་བཤད་པ། ལག་ལེན་གྱི་ས་རིས་སོགས་ཞུས་ཏེ་ལེགས་པར་སྦྱངས།
དགུང་ལོ་ཞེ་གཉིས་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་མཇལ་ཏེ་སྒྲོལ་མ་ཉེར་གཅིག་པ་དང༌། བཅུ་བདུན་མ། དཀར་སྔོ་སོགས་ཆོས་གང་མང་གསན། དྲི་བ་དུ་མ་མཛད་པར་ལན་བདེ་བླག་ཏུ་ཕུལ་བས་ཐུགས་ཤིན་ཏུ་མཉེས་ཏེ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་གསོལ།
དགུང་ལོ་ཞེ་དྲུག་པ་ ༡༤༣༦ ལོར་བྱང་ཆེན་དུ་ཐེག་ཆེན་ཕོ་བྲང་བཏབ། དེ་ནས་སྔར་བཀྲ་ཤིས་དོ་ཁར། རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལས་ཚད་མ་རྣམ་ངེས་ཀྱི་དོགས་གཅོད་གསན་པའི་ཟིན་བྲིས་རྣམས་དང་། དགེ་ལྡན་དུ་རྒྱལ་ཚབ་རྗེ་ལ་རྣམ་འགྲེལ་གསན་པའི་གསུང་རྒྱུན་རྣམས་ལ་གཞི་བྱས་ཏེ། ཚད་མའི་བསྟན་བཅོས་ཆེན་པོ་རིགས་པའི་རྒྱན་བཀའ་རྩོམ་གནང་།
དགུང་ལོ་ཞེ་བརྒྱད་པ་ ༡༤༣༨ ལོར་དབུས་སུ་ཕེབས། བྱང་རྩེ་ཆོས་རྗེ་ནམ་མཁའ་དཔལ་བ་དང༌། ཟུར་ཁང་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་ཆེན་འཕེལ་སོགས་ལས་ཆོས་མང་དུ་ཞུས། དེ་ནས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལས་དུས་ཀྱི་འཁོར་ལོའི་དབང་རྫོགས་པ་དང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་སོགས་དང་། ལྔ་བསྡུས་ཀྱི་རི་མོ་ས་བྲིས་བཀའ་རྗེས་གནང་སོགས་མང་པོ་ཞུས།
དགུང་ལོ་ལྔ་བཅུ་པ་ ༡༤༤༠ ལོར་ཤེས་རབ་སེང་གེ་དང་ལྷན་དུ་གཙང་ལ་ཕེབས་ཏེ་སྣར་ཐང་དང་བྱང་ཆེན་སོགས་སུ་འདུལ་བའི་འཆད་ཉན་གཙོ་བོར་མཛད། དེ་ནས་རྗེ་ཤེས་རབ་སེང་གེའི་དགོངས་རྫོགས་སུ་ནང་རྟེན་ཐུབ་ཆེན་བཞེངས། དགུང་ལོ་ང་བདུན་པ་ ༡༤༤༧ ལོར་འཕྱོངས་རྒྱས་པ་དཔལ་འབྱོར་བཟང་པོས་རོགས་སྐྱོར་བྱས་པར་བརྟེན་ནས་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་ཅིང་། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས།
དགུང་ལོ་ང་དགུ་པ་ ༡༤༤༩ ལོའི་དགུན་ཆོས་ནས་བརྩམས་ཏེ་དཔོན་སློབ་ཐམས་ཅད་བཀྲ་ཤིས་ལྷུན་པོར་གཞིས་ཆགས་ཏེ་བཞུགས་ཤིང་དགོན་པ་བཞེངས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་འཆད་ཉན་རྒྱུན་མ་ཆད་པར་མཛད། པཎ་ཆེན་དགེ་འདུན་གྲུབ་པ་ཞེས་མཚན་སྙན་བྱུང་ཞིང་། དེ་ནས་བཟུང་བཀྲ་ཤིས་ལྷུན་པོའི་གདན་ས་པ་སུས་མཛད་ལ་མཚན་དབུར་པཎ་ཆེན་ཞེས་པ་མཉམ་སྦྱོར་བྱེད།
དགུང་ལོ་དྲུག་ཅུ་པ་ ༡༤༥༠ ལོའི་དགུན་ཆོས་གྲོལ་མཚམས་ཤིག་ཏུ། རྗེ་འདི་རི་བོ་དགེ་ལྡན་གྱི་གསེར་ཁྲིར་བཞུགས་རྒྱུའི་གདན་འདྲེན་དུ། བླ་མ་དཀའ་བཅུ་བ་སྦྱིན་པ་དཔལ་བ་དང་དགེ་བསྙེན་དཔལ་ལྡན་པ་རིན་པོ་ཆེ་གཉིས་སོགས་སླེབས་ནས། དགའ་ལྡན་གྱི་གདན་ས་ལ་འབྱོན་དགོས་པའི་ཞུ་བ་ཕུལ་ཀྱང་། བཀྲ་ཤིས་ལྷུན་པོ་བཏབ་མ་ཐག་ཏུ་སོང་བར་བརྟེན་དགའ་ལྡན་ཁྲི་ལ་ཕེབས་པ་མ་མཛད།
དགུང་ལོ་དོན་དྲུག་པ་ ༡༤༦༦ ལོར་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལྟར། སྒྲོལ་མ་ལྷ་ཁང་གསར་དུ་བཞེངས། དགུང་ལོ་དོན་བརྒྱད་པ་ ༡༤༦༨ ལོར་གོས་སྐུ་ཆེན་མོ་བཞེངས་པ་ལེགས་པར་གྲུབ་པ་དང་། གོས་སྐུའི་ཐུགས་ཀར་རྗེ་རང་ཉིད་ཀྱིས་མཛད་པའི་བསྟན་པ་རྒྱས་པའི་སྨོན་ལམ་གྱི་ཚིགས་བཅད་མང་པོ་བྲིས་གནང་མཛད། དེ་ནས་རྗེ་ཙོང་ཁ་པས་ལྷ་སར་སྨོན་ལམ་ཆེན་མོ་བཙུགས་པ་དང་མཐུན་པར། ཤིང་ཕོ་རྟ་ལོའི་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ། བུ་སློབ་བསྟན་འཛིན་ཆེན་པོ་རྣམས་ཀྱང་སྤྱན་དྲངས་ནས་ཚོགས་པ་སྟོང་གཅིག་དྲུག་བརྒྱ་ཙམ་གྱིས་སྨོན་ལམ་བཙུགས། སྐུ་ཚེའི་གང་པོར་མཁས་བཙུན་བཟང་གསུམ་གྱི་བླ་མ་དྲུག་ཅུ་ལྷག་ཙམ་ལ་བསྟེན་པ་དང་། ཁྱད་པར་བཀའ་དྲིན་མཚུངས་མེད་ཀྱི་བླ་མ་གསུམ་སྟེ། བཀའ་དྲིན་མཚུངས་མེད་མཁན་ཆེན་གྲུབ་པ་ཤེས་རབ་དང་། རྗེ་ཤེས་རབ་སེང་གེ་གཉིས། སྐྱེ་བ་ཐམས་ཅད་དུ་བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ་ཞེས་གསུངས།
སློབ་མ་གྲགས་ཆེ་བ་ནི་འདུལ་འཛིན་དཔལ་ལྡན་བཟང་པོ་དང་། རྡོ་རྗེ་སློབ་དཔོན་བཟང་པོ་བཀྲ་ཤིས། འཇམ་དབྱངས་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། རབ་འབྱམས་པ་བསྟན་པའི་ཉི་མ། སྨོན་ལམ་དཔལ་ལེགས་བློ་གྲོས། མཁན་ཆེན་བཟོད་པ་དཔལ་གྲུབ། མཁན་ཆེན་ཤེས་རབ་རྒྱལ་མཚན་མང་དུ་བྱུང་།
དགུང་ལོ་གྱ་བཞི་པ་ ༡༤༧༤ ལོའི་དགུན་ཟླ་འབྲིང་པོ་ལ་བཀྲ་ཤིས་ལྷུན་པོར་སྐུ་མྱ་ངན་ལས་འདས་སོ། །རྒྱལ་བ་བསོད་ནམས་རྒྱ་མཚོའི་རྗེས་ནས་རྗེ་དགེ་འདུན་གྲུབ་པ་རྒྱལ་བ་སྐུ་ཕྲེང་དང་པོར་ངོས་འཛིན་བྱས་པ་རེད། ཁོང་གི་གསུང་རྩོམ་ལ། འདུལ་བའི་གླེང་འབུམ། མདོ་ཊཱིཀ །ཚད་མའི་ཊཱིཀྐ །རྩ་འཇུག་གི་ཊིཀྐ །སོགས་པོ་ཏི་བདུན་ཙམ་བཞུགས།
༢༠༡༦.༠༨.༡༡.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
སྦྲ་ཆེན་བློ་བཟང་ཕུན་ཚོགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྦྲ་ཆེན་བློ་བཟང་ཕུན་ཚོགས་ནི། རྫ་སེར་ཤུལ་འབྲོག་སྡེའི་དཔོན་ཚང་སྦྲ་ཆེན་ཚང་ཞེས་པར་དུས་རབས་བཅུ་དགུ་པའི་ནང་དུ་སྐུ་འཁྲུངས། སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་ཆོས་ཞུགས་བྱས།
སྐུ་ན་ཆུང་ངུའི་སྐབས་སློབ་གཉེར་ལ་ཐུགས་སྣང་དེ་ཙམ་མེད་ནའང་། ཕྱིས་སུ་ཉིན་མཚན་དབྱེར་མེད་ཀྱི་སློབ་གཉེར་ལ་འབད་པ་ལྷོད་མེད་གནང་བ་དང་། ཆོས་གྲོགས་ཤིག་གིས་ཧ་ཅང་དཀའ་སྤྱད་གནང་བགྱི་མེད་པའི་བསྐུལ་འདེབས་གནང་སྐབས། ཁོང་གིས་རྒྱལ་སྲས་ཞི་བ་ལྷས། མ་བརྩམས་པ་ཉིད་མཆོག་ཡིན་གྱི། །བརྩམས་ནས་ལྡོག་པར་མི་བྱ་འོ། །ཞེས་གསུངས་པ་དྲངས་པའི་ལོ་རྒྱུས་ཡོད་པ་དང་། གཞན་དཔོན་ཚང་གི་ཐོབ་དང་རྒྱུ་འབྱོར་སོགས་གང་ཡང་དང་དུ་མ་བླངས་པར་རང་དགོན་གྱི་རྒྱབ་རིའི་ངོས་ཀྱི་རི་ཁྲོད་དུ་བཞུགས་ནས་ཉམས་བཞེས་གནང་སྟེ་དུས་འདའ་བར་མཛད་ཅིང་། ཞོར་དུ་རང་དགོན་གྱི་སློབ་གཉེར་བ་རྣམས་དང་ཕྱོགས་མཐའ་ནས་ཕེབས་པའི་དོན་གཉེར་ཅན་གང་མང་ལ་གཞུང་ཆེན་ཁག་སློབ་ཁྲིད་གནང་།
དགོངས་པ་རྫོགས་ཁར། སྐུ་མཆེད་གྲྭ་པ་ཞིག་ཡོད་པ་དེར། ང་འཆི་བ་ལ་མི་སྐྲག །གང་ཡིན་ཞེ་ན། ང་དཔོན་ཚང་གི་བུ་ཡིན་བསམས་ནས་དཔོན་ཐོབ་མ་བཟུང་། མི་ལ་མཐོང་ཆུང་མ་བྱས། ཐུབ་ཚོད་མ་བཏང་། འཚོ་བ་དཀའ་ཐུབ་ལ་བརྟེན་ནས་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་དུས་འདའ་ནས་མི་ཚེ་མཇུག་བསྒྲིལ་བ་ཡིན། འགྱོད་པ་གང་ཡང་མེད་གསུངས་ནས་སྐུ་གཤེགས།
གསུང་རྩོམ་ལ། དྲང་ངེས་ཟིན་བྲིས་ཟབ་དོན་གསལ་བའི་སྒྲོན་མེ། རིམ་ལྔའི་མཐའ་དཔྱོད་གསང་ཆེན་ཀནྡ་བཞད་པའི་ལེགས་བཤད་རྒྱུ་སྐར་བདག་པོ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་ངོས་འཛིན་ཚུལ་གསལ་བར་བཤད་པ་མཁས་དབང་དགོངས་རྒྱན། བདག་མེད་གཏན་ལ་འབེབས་པའི་གཏམ་ཐར་པའི་ཁང་བཟང་དུ་བགྲོད་པའི་ཐེམ་སྐས། དབུ་མ་བཞི་བརྒྱ་པའི་འགྲེལ་པ་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་པོད་གཅིག་སོགས་པོ་ཏི་བཞི་ལྷག་ཙམ་ཡོད་པ་སེར་ཤུལ་དགོན་དུ་ཤིང་པར་བཞུགས། མཚན་གྱི་རྣམ་གྲངས་ལ། སེར་ཤུལ་བློ་བཟང་ཕུན་ཚོགས། བསོད་ནམས་དཔལ་འབྱོར།
༢༠༡༩.༠༣.༠༨ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
ཀུན་མཁྱེན་འཇིགས་མེད་དབང་པོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ཀུན་མཁྱེན་འཇིགས་མེད་དབང་པོ་ནི། ཕྱི་ལོ་༡༧༢༨ ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཐུགས་བཀོད་ལྟར་བཞེངས་ཤིང་རབ་གནས་གནང་བའི་གནས་ཆེན་སྣང་རའི་གསེར་ཁང་དང་ཉེ་བའི་སྡེ་ཆེན་གྲམ་པ་ནང་དུ། རུས་ལྡོང་རིགས་དང་ཡབ་གཅན་ཚའི་དཔོན་པོ་ངག་དབང་རྣམ་རྒྱལ་དང་ཡུམ་གནམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཁའ་སྤྱོད་གྲུབ་ཆེན་པ་བྱོན་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་ཀྱི་སྤྲུལ་པ་ཡིན་པར་ལུང་བསྟན་ཅིང་སྐུ་སྲུང་མཛད།
དགུང་ལོ་ལྔའི་སྟེང་ཏོག་ནོར་བུ་རྒྱལ་མཚན་ལས་དགེ་བསྙེན་དང་། དྲུག་པ་ལ་དགེ་ཕྱུག་ཆོས་རྗེ་ལས་རབ་ཏུ་བྱུང་། དགུང་ལོ་བདུན་ནས་བཟུང་ཁུ་བོ་སྟོང་འཁོར་རིན་པོ་ཆེའི་དྲུང་དུ་བཅར་ཏེ་ཟབ་ཆོས་མང་དུ་གསན། མཚན་ལ་སྒོ་བླ་ཞེས་བཏགས། སྐུ་ཞང་དགེ་སློང་བློ་གྲོས་རྒྱ་མཚོ་ལས་ཡི་གེ་འབྲི་ཀློག་དང་། སུམ་རྟགས། སྔགས་ཀྱི་བཀླགས་ཐབས་སོགས་སྦྱངས།
དགུང་ལོ་བཅུ་གསུམ་པར་སྟོང་འཁོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ལས་དགེ་ཚུལ་བསྒྲུབས། མཚན་འཇམ་དབྱངས་འཕྲིན་ལས་སུ་གསོལ། དགུང་ལོ་བཅུ་བཞི་པར་མཆོད་རྟེན་ཐང་དུ་བཞུགས་སྐབས་རྒྱན་དྲུག་མཆོག་གཉིས་དང་འཇམ་དབྱངས་སྨྲ་སེང་གི་བསྟོད་པ་ལྗགས་རྩོམ་མཛད་པ་དང་། སྐུ་ན་ཕྲ་དུས་དམ་ཅན་ཆོས་རྒྱལ་གྱི་བསྟོད་པ་དང་། ལམ་ཁྲིད་ཟིན་བྲིས་སོགས་བརྩམས།
དགུང་གྲངས་བཅུ་དྲུག་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུས་ཤིང་། ཚོགས་དབུས་སུ་རྗེ་གོང་མའི་ཁྲི་ལ་མངའ་གསོལ་བ་དང་ཁྲི་སྟོན་མཛད།
དགེ་བའི་བཤེས་གཉེན་འགྱང་རོ་སྤྲུལ་བའི་སྐུ་ངག་དབང་བསྟན་འཛིན་དགེ་རྒན་དང་། མཁས་དབང་རབ་བརྟན་རྒྱ་མཚོ། རོང་པོ་མེ་རྒན་ཆོས་རྗེ་ལ་སོགས་བཤེས་གཉེན་བཅུ་ཕྲག་ལྷག་ནས་བསྡུས་གྲྭ། ཕར་ཕྱིན། ཚད་མའི་དཀའ་གནད་བཅས་དང་། སྒྲ་སྙན་ངག་སོགས་སྦྱངས། མཁན་ཆེན་དགེ་འདུན་རྒྱ་མཚོ། རྗེ་ཀུན་སྤངས་བློ་བཟང་བཀྲ་ཤིས། གྲུབ་དབང་སྟོབས་ལྡན་རྒྱ་མཚོ་སོགས་ཀྱི་དྲུང་དུ། རྒྱུད་སྡེ་བཞིའི་དབང་ཆེན་དང་། དཔལ་བདེ་གསང་འཇིགས་བྱེད་རིམ་གཉིས་སོགས་ཀྱི་བཀའ་ཆོས་གསན།
དགུང་གྲངས་ཉེར་གཉིས་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་ལས་བསྙེན་པར་རྫོགས། མཚན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་གྲགས་པའི་སྡེར་གསོལ། དགུང་ལོ་ཉེར་ལྔའི་སྐབས་དབུས་སུ་ཕེབས།
རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་གཉིས་ལ་འབྱོར་ཕྱག་དང་དངོས་འབུལ་མཛད་དེ། འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཆོར་གྲྭར་ཞུགས། ཀླུ་འབུམ་བློ་བཟང་དར་རྒྱས་དང་རྒྱ་སེང་གེ་གཉིས་དགེ་རྒན་དུ་བསྟེན་པ་དང་། རྒྱལ་དབང་བདུན་པ་མཆོག་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་དང་། མེེ་ཏྲིའི་ཞབས། ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས། ཡིག་ཆའི་བློ་རྟགས། ཕར་ཕྱིན་ཐལ་ཕྲེང་ཟུར་བཀོལ་བཞི། འགྲེལ་ཆུང་དོན་གསལ། དགོངས་པ་རབ་གསལ། རྗེ་དགེ་འདུན་རྒྱ་མཚོའི་གྲུབ་མཐའ་སོགས་ཐུགས་འཛིན་གྱིས་བཀའ་པོད་རྣམས་ལ་སྦྱངས། དབུས་སུ་ལོ་བརྒྱད་བཞུགས་རིང་འཕགས་བོད་ཀྱི་ཡིག་ཆ་ཁག་ལ་སྦྱངས་པ།
དགུང་ལོ་སོ་གཉིས་པར་ཡུལ་མདོ་ཁམས་སྨད་དུ་ཆིབས་ཁ་བསྒྱུར་ཏེ་གདན་སར་ཕེབས། ཆོས་སྡེ་ཆེན་པོ་ལུགས་གཉིས་ཀྱིས་བསྐྱངས་པར་མཛད།
དགུང་ལོ་སོ་བཞི་པར་བཀྲ་ཤིས་འཁྱིལ་དུ་དཔར་བརྐོ་ཐོག་མར་བཙུགས་ཏེ་བློ་རྟགས་གཉིས་ཀྱི་དཔར་ཐོག་མར་བརྐོས། དགུང་ལོ་སོ་དྲུག་པར་གདན་སར་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་བཏབ། སྒྲ་ཡིག་རིགས་རྩིས་ཀྱི་སློབ་གཉེར་བཙུགས། གསོ་རིག་གྲྭ་ཚང་གསར་དུ་བསྐྲུན་ཏེ། གསོ་རིག་རྒྱུད་བཞིའི་འཆད་ཉན་སྤེལ། དེ་ནས་དགོན་ལུང་བྱམས་པ་གླིང་གི་ཁྲིར་བཞུགས། དགུང་ལོ་སོ་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་གི་ཆོས་ཁྲིར་བཞུགས།
དགུང་ལོ་ཞེ་གཉིས་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་ལས་ཆོས་ཞུ་བར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས། དགུང་ལོ་ཞེ་ལྔ་པར་ཕྱིར་གདན་སར་ཕེབས། གཙུག་ལག་ཁང་ཆེན་པོ་བཞེངས། བཀྲ་ཤིས་ལྷུན་པོའི་སྲོལ་ལྟར་སྲུང་མའི་གར་འཆམ་བཙུགས།
དགུང་ལོ་ང་བདུན་པར་ཡང་བསྐྱར་དབུས་སུ་བྱོན་ཏེ། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོགས་རིས་མེད་ཀྱི་དགོན་སྡེ་རྣམས་ལ་མཆོད་འབུལ་མཛད་ཅིང་། དཔེ་རྒྱུན་དཀོན་པ་གང་ཡོད་རྩད་བཅད་དེ་ཡོན་འབུལ་སོགས་ཀྱིས་པོ་ཏི་སུམ་སྟོང་ལྷག་ཙམ་བསྒྲིགས།
མེ་རྟ་ལོར་ཕྱིར་རང་ཡུལ་གྱི་གདན་ས་ཆིབས་ཁ་བསྒྱུར། དགུང་ལོ་རེ་གཅིག་པར་བྱམས་སྐུ་རྟེན་བརྟེན་པ་དང་་འདུ་ཁང་ཆེན་མོ་གསར་དུ་བསྐྲུན། གསེར་བཟང་གིས་བྲིས་པའི་བཀའ་འགྱུར་སོགས་བཞེངས། གནས་མཆོག་སྐུ་འབུམ་དུ་རྗེའི་གསུང་འབུམ་ལྗགས་ལུང་ཡོངས་རྫོགས་གནང་། ས་བྱ་ལོར་བྱ་ཁྱུང་ཐེག་ཆེན་བཤད་སྒྲུབ་གླིང་གི་ཁྲིར་བཞུགས།
སློབ་མ་གྲགས་ཆེ་བ་མཁན་ཆེན་དགེ་འདུན་རྒྱ་མཚོ། ཀློང་རྡོལ་གྲུབ་དབང་ངག་དབང་བློ་བཟང་། རྟ་ཚག་རྗེ་དྲུང་། ས་སྐྱའི་བདག་ཆེན་ངག་དབང་ཀུན་དགའ་ཆོས་སྐྱོང་། དགའ་ལྡན་ཁྲི་ཆེན་བློ་བཟང་སྨོན་ལམ། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས། ཡོངས་འཛིན་བློ་བཟང་ཆོས་འཕེལ། གུང་ཐང་བསྟན་པའི་སྒྲོན་མེ། ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ། ཨ་ཀྱཱ་ཞབས་དྲུང་། ཨ་ལག་ཤ་དྭགས་པོ་ཀུན་གྲོལ་ཆོས་རྗེ་སོགས་བྱུང་།
དགུང་ལོ་རེ་བཞི་པ་ཕྱི་ལོ་༡༧༩༡ ལོར་ཀ་རིང་གདོང་དམར་དགོན་བཀྲ་ཤིས་ཆོས་སྡེར་སྐུ་གཤེགས། སྐུ་གདུང་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཤིང་། ཕྱི་ལོ་༡༧༩༣ ལོའི་དཔྱིད་དུས་སུ་བྱང་ཆུབ་མཆོད་རྟེན་ལེགས་འགྲུབ་བྱུང་སྟེ་སྐུ་གདུང་རིང་བསྲེལ་བཞུགས་སུ་གསོལ། གསུང་རྩོམ་ལ་པོད་བཅུ་ཕྲག་ལོངས་པ་བཞུགས།
༢༠༡༨།༠༥།༠༧ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།