- མདུན་ངོས།
- གཞུང་ཆེན་ཁག
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
དམ་བཅའ་མཉམ་ཚོགས་ཀྱིས་བགྲོ་གླེང་བྱས།
གྲྭ་ཚང་བྱེས་སྨད་གཉིས་ཀྱི་སློབ་གཉེར་པ་རྣམས་མཉམ་དུ་གཞུང་ཆེན་ཕར་ཕྱིན་གྱི་དམ་བཅའ་ཆེན་མོ་ཚོགས་སོང་།གྲྭ་ཚང་གཉིས་ཀྱི་ནང་དོན་རིག་པའི་གཞུང་ཆེན་ཁག་གི་སློབ་གཉེར་ཡར་རྒྱས་དང་ཚགས་ཚུད། སློབ་གཉེར་པ་རྣམས་ཕན་ཚུན་རྒྱུས་ལོན་དང་། རྩོད་རིགས་འཕེལ་ཐབས་སོགས་ལ་དམིགས་ཏེ། འཕགས་ཡུལ་ལྷོ་ཕྱོགས་ཀྱི་གདན་ས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་མཆོག་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་མཆོག་རྣམ་གཉིས་ཀྱིས་དགོངས་པ་རྒྱ་ཆེར་བཞེས་ཤིང་། དབུ་འཛིན་གནང་སྟེ། ཟླ་འདིར་གཞུང་ཆེན་ཕར་ཕྱིན་གྱི་དམ་བཅའ་ཐེངས་གཉིས་ཚོགས། ཕྱི་ལོ་༢༠༡༥ ལོའི་ཟླ་ ༦ པའི་ཟླ་སྟོད་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རར་གྲྭ་ཚང་གཉིས་ཀྱི་སློབ་གཉེར་པ་ཡོངས་རྫོགས་མཉམ་དུ་འཛོམས་ཏེ། ཕར་ཕྱིན་སྐབས་བཞི་པའི་གནད་ཡོད་གཞུང་ཚན་ཁ་ཤས་ལ་བགྲོ་གླེང་དམ་བཅའ་དང་། ཕྱི་ཟླ་ ༦ པའི་ཚེས་ ༢༩ ཉིན་གྲྭ་ཚང་གཉིས་ཀྱི་སློབ་གཉེར་པ་ཚང་མ་སེར་བྱེས་གྲྭ་ཚང་གི་ཆོས་རར་མཉམ་དུ་འཚོགས་ཏེ། གཞུང་ཆེན་ཕར་ཕྱིན་གྱི་དཀའ་གནས་སྐོར་ཞིག་ལ་དམ་བཅའ་དང་བགྲོ་གླེང་གནང་སོང་། ཁྲིམས་བདག་དགེ་བསྐོས་མཆོག་གིས་གསུངས་པ་ལྟར་ན། དབུ་མའི་དཀའ་གནད་སྐོར་ཞིག་ལ་ཡང་འདི་ལྟར་དམ་བཅའ་འཚོགས་ཐུབ་རྒྱུའི་ཐུགས་བཞེད་ཡོད་པར་གསུངས།
གྲྭ་ཚང་འདི་གཉིས་ནི་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་གྱི་གྲྭ་ཚང་གཉིས་ཡིན་ཞིང་། སེ་ར་ཐེག་ཆེན་གླིང་ནི། ༡༤༡༩ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ། དགོན་པ་ཐོག་མར་འདེབས་སྐབས་གནས་དེ་ཤིང་སེ་བས་ར་བ་བསྐོར་བ་ལྟར་ཡོད་པས་སེ་ར་ཞེས་བརྗོད། སེ་ར་དགོན་པ་མ་ཆགས་གོང་དུ་རྗེ་ཙོང་ཁ་པ་ཆེན་པོས་གནས་འདིར་ཟབ་རྒྱས་ཀྱི་ཆོས་འཁོར་མང་པོ་བསྐོར་ཞིང་། གནད་ཡོད་གཞུང་ཆེན་ཁ་ཤས་ཤིག་ཀྱང་གནས་འདིར་མཛད་ཡོད། ཕྱག་བཏབ་རྗེས་ཙམ་ལ། གྲྭ་ཚང་གསུམ། ཁམས་ཚན་སོ་གསུམ། རིམ་གྱིས་གྲྭ་ཚོགས་ཇེ་རྒྱས་སུ་སོང་ནས། རྒྱ། འབྲོང་སྟེང་། སྟོད་པ། སྨད་པ་བཅས་གྲྭ་ཚང་བཞིར་གྱེས་ཤིང་། ཡུན་རིང་མ་སོང་བར་རྒྱ་དང་འབྲོང་སྟེང་གཉིས་སྟོད་པ་གྲྭ་ཚང་དུ་ཟླ་སྒྲིལ་བཏང་ནས་རེ་ཞིག་གི་བར་སྟོད་སྨད་གྲྭ་ཚང་གཉིས་ལས་མེད། རྗེས་སུ་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ། ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དེ་ཉིད་འབྲས་སྤུངས་ནས་ཞལ་སློབ་མཁས་པ་བརྒྱ་ཕྲག་ལྷག་ཙམ་དང་ལྷན་ཅིག་ཏུ་ཕེབས་ཤིང་། སྟོད་པ་གྲྭ་ཚང་གི་ནང་གསེས་སྤོ་བོ་དང་གུང་རུ་ཁང་ཚན་གཉིས་མ་གཏོགས་ཡོངས་རྫོགས་དང་། རྒྱ་གྲྭ་ཚང་ཡོངས་རྫོགས། འབྲོམ་སྟེང་གྲྭ་ཚང་གི་ཁག་གཅིག་བཅས་ཚང་མ་སེར་བྱེས་གྲྭ་ཚང་དུ་འགྲིལ་ཞིང་། སྔགས་པ་གྲྭ་ཚང་གསར་དུ་བཙུགས་པས། སྟོད་པ། སྨད་པ། སེར་བྱེས། སྔགས་པ་གྲྭ་ཚང་བཅས་ད་ལྟའི་གྲྭ་ཚང་བཞི་བྱུང་ཞིང་། གྲྭ་རྒྱུན་ཡོང་ཁུངས་མི་འདྲ་བའི་དབང་གིས་ཁམས་ཚན་སོ་གསུམ་དུ་གྱེས། སྟོད་པ་གྲྭ་ཚང་རྗེ་ཙོང་ཁ་པའི་དངོས་སློབ་གུང་རུ་རྒྱལ་མཚན་བཟང་པོས་ཐོག་མར་བཏབ་ཅིང་། དེང་སང་ཁང་ཚན་སྤོ་བོ་དང་། གུང་རུ་གཉིས་ཙམ་མ་གཏོགས་གཞན་དག་མེད། སྨད་པ་གྲྭ་ཚང་རྗེ་ཙོང་ཁ་པའི་དངོས་སློབ་ཀུན་མཁྱེན་བྱང་ཆུབ་འབུམ་པས་ཕྱག་བཏབ་ཅིང་། གྲྭ་ཚོགས་ཇེ་རྒྱས་སུ་སོང་སྟེ། ༡ སྨར་ཉུང་། ༢ ཐེ་བོ། ༣ ཨ་ར། ༤ ཚ་རྡོར། ༥ གཞུང་པ་སྟེ་ཅོ་ནེ་ཁག་ལྔ་དང་། ༦ ཡེར་པ། ༧ རོང་པོ། ༨ སྤོ་བོ། ༩ གུང་རུ། ༡༠ ཚ་བ། ༡༡ སྤོ་འབོར། ༡༢ མི་ཉག །༡༣ ཏཱ་དབེན། ༡༤ རྒྱལ་རོང་། ༡༥ གཙང་པ། ༡༦ ཀོང་པོ་བཅས་ཁམས་ཚན་བཅུ་དྲུག་བྱུང་། བྱེས་གྲྭ་ཚང་ནི། ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེས་ཕྱག་བཏབ་ཅིང་། དེ་ཡང་འབྲས་སྤུངས་ནས་བྱེས་སུ་གྱེས་ཏེ་གྲྭ་ཚང་ཆགས་པས་བྱེས་པ་གྲྭ་ཚང་ངམ། ཐོག་མར་བཞུགས་ཡུལ་གཏན་འཇགས་མེད་པར་ཚལ་གུང་ཐང་དང་དབུས་སྟོད་སོགས་སུ་ཆོས་ཐོག་ལ་ཕེབས་པས་བྱེས་པ་གྲྭ་ཚང་ཡང་ཟེར། ཕྱོགས་སོ་སོ་ནས་ཕེབས་པའི་སློབ་གཉེར་པ་རྣམས་ལ་ལྟ་སྐྱོང་སོགས་ཀྱི་ཆེད་དུ་གྲྭ་ཚང་འདི་ལ་ཁམས་ཚན་ཉེར་གཅིག་བྱུང་སྟེ། ༡ ཧར་གདོང་། ༢ བསམ་བློ། ༣ བྱ་བྲལ། ༤ ཏྲེ་ཧོར། ༥ པྲ་སྟི། ༦ ཚྭ་བ། ༧ ལྷོ་པ། ༨ སྒོམ་སྡེ། ༩ ལྭ་བ། ༡༠ ལྡན་མ། ༡༡ མངའ་རིས། ༡༢ སྟག་མོ། ༡༣ གཙང་པ། ༡༤ རྒྱལ་བྱེད། ༡༥ ཨེ་པ། ༡༦ གཉལ་པ། ༡༧ དྭགས་པོ། ༡༨ རྩེད་ཐང་། ༡༩ གུ་གེ ། ༢༠ སྤེ་ཐུབ། ༢༡ ཟངས་དཀར་བཅས་ཡིན། ༡༩༥༩ ལོར་སེ་ར་ཐེག་ཆེན་གླིང་དུ་གྲྭ་གྲངས་༩༩༠༠ཡོད་ན་ཡང་། ༦༩ལོའི་ཟླ་བ་༡༡པའི་ནང་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀའི་ཁོངས་སྦེབ་ཀོལ་གྱི་ད་ལྟའི་གནས་འདིར་གཞིས་སྤོ་བྱེད་སྐབས། སེར་སྨད་གྲྭ་ཚང་དུ་གྲྭ་གྲངས་༡༠༧ སེར་བྱེས་གྲྭ་ཚང་དུ་༡༩༣བཅས་ཁྱོན་བསྡོམས་༣༠༠ ཙམ་ལས་མེད། ད་ལྟ་འཕགས་ཡུལ་དུ་གྲྭ་ཚང་གཉིས་ལས་མེད་ཅིང་། སེ་ར་ཐེག་པ་ཆེན་པོའི་གླིང་དུ་རྒྱུན་དུ་ཆོས་རར་ཕེབས་བཞིན་པའི་སློབ་གཉེར་པའི་གྲངས་སྟོང་ཕྲག་བཞི་ལྷག་ཡོད།