གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ།
སེར་བྱེས་མཁན་རབས་གསུམ་པ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་མཆོག་ནི། ཕྱི་ལོ་ ༡༤༢༧ ལོར་སྐུ་འཁྲུངས། གསང་ཕུར་ཆོས་རྗེ་རིན་ཆེན་བྱང་ཆུབ་དང་། འབྲས་སྤུངས་ཟུར་ཁང་དུ་ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཆེན་སེངྒེ། དགའ་ལྡན་དུ་བ་སོ་ཆོས་རྗེ་དང་ཤེར་འབྱུང་བ་སོགས་བསྟེན་ནས་མདོ་སྔགས་ལ་སྦྱངས་པ་མཛད།
གྱེ་རེ་དཀའ་བཞི་པ་སོགས་ལས་བསྙེན་པར་རྫོགས་ཤིང་ཟབ་ཆོས་གང་མང་གསན། བྱང་རྩེ་མཚན་ཉིད་གྲྭ་ཚང་གི་འཆད་ཉན་པ་མཛད། དེ་ནས་གསང་ཕུར་སྦེ་སེར་གྱི་འཆད་ཉན་མཛད་ཅིང་། ཁྱད་པར་དུ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེ་ལས་སྤྱིར་ཆོས་བཀའ་གང་མང་དང་རྟ་མགྲིན་ཡང་གསང་གི་ཆོས་སྐོར་ཡོངས་སུ་གསན་ཏེ་ལྷག་ལྷར་མཛད།
སེར་བྱེས་གྲྭ་ཚང་གི་སློབ་དཔོན་ལོ་བཅོ་ལྔ་ཙམ་མཛད་ཅིང་། སྤྱི་ཁང་བརྩིགས་པ་སོགས་བྱེས་པ་གྲྭ་ཚང་གི་གཞི་འཛུགས་པར་མཛད། དེ་ནས་དོན་ཡོད་དཔལ་ལྡན་གྲྭ་ཚང་གི་སློབ་དཔོན་དུ་བསྐོས་ཏེ་གཉལ་སྟོན་པ་ཉིད་དགུང་ལོ་ང་ལྔ་པ་ ༡༤༨༡ ལོར་སེ་ར་ཐེག་ཆེན་གླིང་གི་ཁྲིར་ཕེབས་ཏེ་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ཀྱི་བར་དུ་སེ་རའི་ཁྲི་པ་མཛད།
སེ་ར་ཐེག་ཆེན་གླིང་གི་གདན་སའི་མཁན་རབས་བརྒྱད་པ་ཡིན། དཀའ་འགྲེལ་བསྟན་པའི་སྒྲོན་མེ་སོགས་བསྟན་བཅོས་གང་མང་མཛད། ༡༥༡༤ ལོ་དགུང་གྲངས་གྱ་བརྒྱད་ཀྱི་སྐབས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།