སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun

མཁན་ཆེན་ངག་དབང་ལེགས་ལྡན།

སེར་བྱེས་མཁན་རབས་རེ་དགུ་པ་ངག་དབང་ལེགས་ལྡན་མཆོག་ནི། ཕྱི་ལོ་༡༩༡༤ ལོར་བོད་དུ་ཉམས་མཆོ་ཞེས་པའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་ཟེར་དཀར་དགོན་གྱི་སྒྲིག་ཁོངས་སུ་ཞུགས་ནས་དགེ་སློང་བཟོད་པ་དོན་ལྡན་ཀློག་གི་སློབ་དཔོན་དུ་བཀུར་ཏེ་ཡི་གེ་སྦྱོར་ཀློག་དང་། ཆོས་སྤྱོད་རབ་གསལ། རྒྱན་འཇུག་སོགས་བློ་འཛིན་གནང་སྟེ་རྒྱུགས་འབུལ་ཞུས།
དགུང་ལོ་དགུའི་སྟེང་མཚེར་སྤྲུལ་སྐུ་བློ་བཟང་དགེ་ལེགས་བསྟན་པའི་ཉི་མ་ལས་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅོ་བརྒྱད་པར་དབུས་སུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས། དགེ་བཤེས་བྱམས་པ་མཁས་གྲུབ་དང་། དགེ་བཤེས་བརྩོན་འགྲུས་རྒྱལ་མཚན། བརྒྱ་དཔོན་ཆོས་མཛད་ངག་དབང་རྡོ་རྗེ། ༧རྒྱལ་བའི་མཚན་ཞབས་སོག་པོའི་དགེ་བཤེས་དངོས་གྲུབ་ཚོགས་གཉིས་སོགས་བསྟེན་ནས་རིགས་ལམ་ཆུང་བ་ནས་དབུ་བཙུགས་ཏེ་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་གནང་།
དགུང་ལོ་ཉེར་བཞིའི་སྐབས་ཕུར་ལྕོག་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གཞུང་གསར་གྱི་སྐབས་རིགས་ཆུང་ཚོགས་ལངས་གནང་། སློབ་གཉེར་གྱི་སྐབས་ནས་དོན་གཉེར་ཅན་མང་པོར་དཔེ་ཁྲིད་གནང་བ་དང་། དགུང་ལོ་ཞེ་གཉིས་ཀྱི་སྐབས་སེར་བྱེས་མཁན་རིན་པོ་ལྷུན་གྲུབ་ཐབས་མཁས་ཀྱིས་ལྷ་རམས་པའི་མཚན་རྟགས་སྩལ་བ་ལྟར་ལོ་དེར་ལྷ་རམས་འཛིན་གྲྭར་ཞུགས་ཏེ་འདུལ་མཛོད་གཙོ་བོར་བྱས་ཏེ་གསན་བསམ་གནང་།
༡༩༥༦ལོ་སྟེ་དགུང་ལོ་ཞེ་གཉིས་ཀྱི་སྐབས་སུ་ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་དམ་འཇོག་འཕར་མ་མཛད། ༡༩༥༩ ལོ་དགུང་ལོ་ཞེ་ལྔའི་སྐབས་འཕགས་ཡུལ་དུ་ཕེབས། དགུང་ལོ་ཞེ་དྲུག་གི་སྐབས་རྒྱ་གར་གྱི་ས་གནས་ཌ་ལ་ཧོོལ་སེར་ཡི་དམ་ཁག་གི་བསྙེན་མཚམས་སོགས་སྒྲུབ་པ་སྙིང་པོར་མཛད་ནས་བཞུགས།
དགུང་ལོ་ཞེ་དགུ་པར་སློབ་བུ་འགས་ནན་བསྐུལ་བྱས་པ་ལ་བརྟེན་སྦག་སར་ཕེབས་ཏེ་རིས་མེད་ཀྱི་སློབ་གཉེར་བ་གང་མང་ལ་དཔེ་ཁྲིད་རྒྱུན་ཆགས་སུ་གནང་། དགུང་ལོ་ལྔ་བཅུའི་སྐབས་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བསྐོས་གནང་། དགུང་ལོ་ང་གཅིག་གི་སྐབས་སློབ་དཔོན་འོས་སྦྱོང་ཟླ་བ་དྲུག་རིང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གི་དྲུང་ནས་སྙན་སུམ་གྱི་དཔེ་ཁྲིད་ཞུས།
དགུང་ལོ་ང་གཉིས་ཀྱི་སྐབས་ཝཱ་རཱ་ཎ་སཱིའི་མཐོ་རིམ་སློབ་གྲྭར་དགེ་རྒན་དུ་ཕེབས་ཏེ་ལོ་དགུའི་རིང་ལ་སློབ་དགེ་གནང་། སྐབས་དེར་གཞུང་ཆེན་སློབ་གཉེར་བ་རྣམས་ལ་ལྟ་ཀློག་གི་དཔེ་ཆ་དཀོན་པར་གཟིགས་ཏེ། སློབ་གྲྭའི་ཕོགས་དངུལ་གང་ཡོད་གྲོན་ཆུང་དང་། རང་གི་འཚོ་གོས་སོགས་སྤྱོད་མཁས་གནང་སྟེ། སེར་བྱེས་གྲྭ་ཚང་དུ་རྗེ་བཙུན་པའི་ཕར་ཕྱིན་སྤྱི་དོན་སྐབས་བཞི་པ་མ་གཏོགས་པའི་སྐབས་བརྒྱད་ཀ་དང་། དྲང་ངེས། རྟེན་འབྲེལ། དགེ་འདུན་ཉི་ཤུའི་སྤྱི་དོན་བཅས་པར་ཤིང་བརྐོ་བའི་ཕྱོགས་སུ་བཏང་སྟེ། ལོ་དྲུག་རིང་པར་ཤིང་ལེགས་པར་གྲུབ་སྟེ་སློབ་གཉེར་བ་རྣམས་ལ་དཔེ་ཆ་དཀོན་པའི་དཀའ་ངལ་སེལ།
དགུང་ལོ་རེ་གཅིག་གི་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་ཕེབས་དོན་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཁྲིར་བཞུགས་ཏེ། ཁོམ་སྐབས་ནམ་ཡོད་ལ་དོན་གཉེར་ཅན་མང་པོར་དཔེ་ཁྲིད་དང་། འདུ་ཁང་རྙིང་པ་ཧ་ཅང་ཆུང་སྟབས་དགེ་འདུན་པའི་སུམ་ཆ་གཉིས་འདུ་ཁང་གི་ཕྱི་རོལ་ཏུ་བཞུགས་དགོས་པ་སོགས་ཀྱིས། འདུ་ཁང་གསར་བཞེངས་གནང་ཞིང་། ༧གོང་ས་མཆོག་གིས་འདུ་ཁང་གསར་པའི་ནང་དུ་མངོན་རྟོགས་རྒྱན་དང་། འགྲེལ་པ་དོན་གསལ། ལེགས་བཤད་གསེར་ཕྲེང་བཅས་ཀྱི་བཤད་ཁྲིད་ཀྱང་གནང་།
མཁན་པོ་དགོངས་ཞུ་གནང་རྗེས་བོད་དུ་ཕེབས་ཏེ། ཟེར་དཀར་དགོན་སོགས་སུ་དཔེ་ཁྲིད་དང་། དབང་ལུང་སོགས་ཀྱིས་སྐལ་ལྡན་མང་པོ་ཚིམ་པར་མཛད། ཕྱིར་སེ་རར་ཕེབས་ཏེ་དཔེ་ཁྲིད་སོགས་རྒྱུན་བསྐྱངས་པ་དང་། རྟ་མགྲིན་ཡང་གསང་གི་དབང་ལན་མང་དང་། དགེ་ཚུལ་གྱི་སྡོམ་པ་གང་མང་གནང་ཞིང་། ༢༠༠༠ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 115 ནས་ 689