སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Nov ཚེས། 13 རེས་གཟའ། Sun

མཁན་ཆེན་བློ་བཟང་དབང་ཕྱུག

སེར་བྱེས་མཁན་རབས་རེ་དྲུག་པ་བློ་བཟང་དབང་ཕྱུག་མཆོག་ནི། ཕྱི་ལོ་༡༩༠༡ ལོར་བོད་དུ་དཀར་མཛེས་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་བདུན་ཀྱི་སྐབས་དཀར་མཛེས་བཤད་སྒྲུབ་ནོར་གླིང་དུ་ཆོས་ཞུགས་གནང་ཞིང་། ཡི་གེ་སྦྱོར་ཀློག་སོགས་ལ་སྦྱངས།

དགུང་གྲངས་བཅོ་ལྔའི་སྐབས་དཀར་མཛེས་མཚན་ཉིད་གྲྭ་ཚང་གི་ཚོང་པ་ཞིག་དང་ལྷན་དུ་དབུས་སུ་ཕེབས་ཏེ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་ཞིང་། དགེ་བཤེས་རྡོ་རྗེ་གནས་སྐྱབས་བསྟེན་ནས་བསྡུས་གྲྭ་ནས་དབུ་བཙུགས་ཏེ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་དང་། ཡང་དག་མཐའ་རྩོད་སྐབས་རིགས་ཆུང་ཚོགས་ལངས་གནང་།
དགུང་གྲངས་ཉེར་གཉིས་ཀྱི་སྐབས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། འཛིན་གྲྭ་མཛོད་རྙིང་དུ་ཕེབས་པ་ན་རིགས་ཆེན་ཚོགས་བཞེངས་དང་། ༡༩༣༩ ལོ་དགུང་གྲངས་སོ་དགུའི་སྐབས་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ། སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་ལྷ་རམས་པའི་དམ་འཇོག་མཛད་དེ། ལྷ་རམས་ཨང་རིམ་དང་པོའི་མཚན་གནས་བཞེས།
དེ་ནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལ་སྦྱང་བརྩོན་གནང་ཞིང་། སྔགས་ཀྱི་རྩོད་རྒྱུགས་ཨང་དང་པོ་བཞེས་ཏེ། ཊཱི་ཀ་སྐྱོར་དཔོན་དང༌། ཁྲིད་དཔོན་བཅས་མཛད། གཞན་ཡང་སྐབས་སྐབས་སུ་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སོགས་ལས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ཀྱི་ཁྲིད་དང་། ཡི་དམ་ཁག་གི་དབང་སོགས་དབང་ལུང་ཁྲིད་མན་ངག་གང་མང་གསན།
དགུང་ལོ་ཞེ་གཅིག་གི་སྐབས་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་དང་། དེའི་ཕྱི་ལོར་སེར་བྱེས་གྲྭ་ཚང་གི་དབྱར་ཁའི་དགེ་བསྐོས་གནང་། དགུང་གྲངས་ཞེ་བདུན་གྱི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སེ་རར་ཆོས་ཞུགས་གནང་སྐབས་ཚོགས་ཆེན་དུ་ཚོགས་བཞེངས་གནང་།
དགུང་གྲངས་ལྔ་བཅུའི་སྐབས་འཁྲུངས་ཡུལ་ཕྱོགས་སུ་ཕེབས་ཏེ་དེར་ལོ་བཞི་ལྷག་ཙམ་བཞུགས་རིང་སྒྲུབ་པ་ཉམས་བཞེས་གཙོ་བོར་གནང་བ་དང་སྐབས་སྐབས་སུ་དད་ལྡན་གྱི་སློབ་མ་རྣམས་ལ་མྱུར་ལམ་དམར་ཁྲིད་ཀྱི་ཉམས་ཁྲིད་སོགས་ཁྲིད་དང་དབང་ལུང་རྗེས་གནང་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང་བ་སོགས་ཀྱིས་བསྟན་འགྲོའི་དོན་མཛད་པ་དང་། རོང་ཚ་རི་ཁྲོད་སོགས་སུ་ཕེབས་ནས་ཀྱང་ཆོས་མང་དུ་གསུངས། དཀར་མཛེས་སྔགས་པ་གྲྭ་ཚང་གི་མཁན་པོའི་མཛད་ཁུར་ཡང་ལོ་གཅིག་ལ་བཞེས། དགུང་གྲངས་ང་གསུམ་གྱི་སྐབས་སུ་སྔགས་པ་གྲྭ་ཚང་གི་མཁན་ཁྲིར་ཕེབས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོར་དམིགས་བསལ་གྱིས་བསྐོ་བཞག་སྩལ་བའི་བཀའ་ཡིག་རིན་པོ་ཆེ་ཕེབས་པར་བརྟེན། དབུས་སུ་ཕེབས། ཕེབས་ལམ་དུ་ཆབ་མདོར་སྔགས་ཀྱི་འཛིན་གྲྭའི་དབུ་འབྱེད་མཛད་དེ། སྔགས་རིམ་ཆེན་མོའི་དབུ་ནས་བརྩི་བཞག་ལན་གསུམ་གནང༌།
༡༩༥༤ ལོར་དགུང་གྲངས་ང་བཞིའི་སྐབས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་ཆོས་སྲིད་གཉིས་ཐད་ནས་དྲིན་གྱིས་བསྐྱངས་ཤིང་། ༡༩༥༨ལོར་གྲྭ་ཚང་ནས་༧གོང་ས་༧སྐྱབས་མགོན་མཆོག་ལ་བརྟན་བཞུགས་དང༌། ༧སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ལའང་ལྷ་ལྡན་གཟིམ་ཤག་སོ་སོར་བརྟན་བཞུགས་འབུལ་བར་མཛད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སེ་རའི་ཚོགས་ཆེན་དུ་ལྷ་རམས་མཚན་རྟགས་མཛད་སྒོའི་ཉིན་དམ་པ་ཁོང་དམ་བཅར་བཞུགས་ཏེ་༧གོང་ས་མཆོག་ལ་གསུང་ལན་འབུལ་བར་མཛད། ༧གོང་ས་༧སྐྱབས་མགོན་ཆེན་པོས་རབ་འབྱམས་པའི་མཚན་བཞེས་བཀའ་དྲིན་བསྐྱངས་གྲུབ་པའི་རྗེས། མཁན་པོའི་དགོངས་ཞུ་ཕུལ་བས་དགོངས་འཁྲོལ་ཐོབ་སྟེ་མཁན་པོ་གསར་པ་དགེ་བཤེས་བློ་བཟང་དོན་ཡོད་ལ་ཕྱག་རྟགས་ཕེབས།
༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་བཞུགས་རིང་མཁན་པོ་གསར་པ་མ་ཕེབས་བར་མཁན་པོ་གནང་། ཡུལ་གྱི་ཚ་བ་དང་སྐུའི་འཕྲོད་བསྟེན་སོགས་དང་། སྐུའི་ངལ་བར་མ་ལྟོས་པར་རིས་མེད་ཀྱི་དགེ་འདུན་རྣམས་ལ་དཔེ་ཁྲིད་སོགས་ཆག་མེད་དུ་གནང་ཞིང་། ཕ་ཡུལ་གྱི་དགོན་པ་ཁག་དང་དབུས་ཀྱི་གདན་ས་ཁག་ནས་གཞུང་ཆེན་མཐའ་དག་ལ་སྦྱངས་ཟིན་པ་འགའ་ཞིག་ཀྱང་གཞུང་ཆེན་མོ་ལྟ་ཅི། བསྡུས་གྲྭ་ཁྲིད་སྐབས་སུ་ཡང་ཆག་མེད་དུ་བཅར་བ་བྱུང༌།
༡༩༦༩ ལོར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་ཀྱི་གཞིས་ཆགས་སུ་ཕེབས་ནས་ཀྱང་གསང་འདུས་རིམ་ལྔ་གསལ་སྒྲོན། སྔགས་ཀྱི་ས་ལམ། གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཡི་དམ་པདྨ་དབང་ཆེན་གྱི་བཀའ་དབང་དང༌། སློབ་གཉེར་བ་རྒན་གྲས་རྣམས་སྨོས་ཅི་གསར་ཞུགས་བློ་གསལ་བ་རྣམས་ལའང་བསྡུས་གྲྭ་ནས་བཟུང་རང་རང་འཛིན་གྲའི་སྐབས་དང་འཚམ་པའི་དཔེ་ཁྲིད་ཉིན་ལྟར་ཆག་མེད་གནང་བ་ལ་བརྟེན་སྐབས་དེར་འཛིན་གྲྭ་དྲུག་ཙམ་ཕྲ་ཚུགས།
མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་སུ་གྲྭ་ཚང་གི་བསྐང་གསོ་བ་རྙིང་པ་གྲྭ་ཟུར་ཞིག་ཡོད་པ་གདན་འདྲེན་གནང་སྟེ་ཡི་དམ་པདྨ་དབང་ཆེན་གྱི་བསྐང་གསོལ་སླར་གསོ་མཛད། གུར་སར་བཞུགས་སྐབས་ད་ལྟའི་མཁན་ཟུར་བཀའ་འགྱུར་བ་དང་དགེ་བཤེས་བཀྲ་ཤིས་འབུམ་སོགས་ཀྱིས་ཞུ་བསྐུལ་ལས་རིམ་ལྔ་སྙིང་པོ་སོགས་ཀྱི་ལུང་དང་། ༡༩༧༣ལོར་ད་ལྟའི་རྒྱུད་སྨད་མཁན་ཟུར་རྒན་ཨོ་རྒྱན་ཚེ་བརྟན་མཆོག་གིས་གསོལ་འདེབས་ཞུ་བ་བཞིན་སེར་བྱེས་གྲྭ་ཚང་གི་འདུས་མང་ཡོངས་ལ་ཡི་དམ་རྟ་མགྲིན་ཡང་གསང་གི་བཀའ་དབང་ཐེངས་དང་པོ་གནང་།
༡༩༧༩ ལོར་དགུང་གྲངས་དོན་དགུར་ཕེབས་པ་ན་ཕྱི་ཟླ་ ༦ པའི་ཚེས་ཤར་ཙམ་ལ་གྲྭ་ཚང་མཁན་ལས་འདུས་མང་ཡོངས་ནས་ཞབས་རིམ་སྨིན་སྒྲུབ་ཞུས་དང་ཞུ་མུར། ཕྱི་ཟླ་ ༧ ཚེས་ ༢༡ གི་ཉིན་གུང་ཡོལ་ཙམ་ལ་མའི་སོར་སྨན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 118 ནས་ 689