རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2023 ལོའི་ཟླ་བ། Apr ཚེས། 22 རེས་གཟའ། Sat

དགེ་བཤེས་ཀྱི་མཚན་གནས་སྐོར་ངོ་སྤྲོད།

སྤྱིར་དགེ་བཤེས་ཅེས་པའི་མཚན་ཐོགས་སྟངས་ནི། བླངས་དོར་གྱི་གདམས་ངག་ཕྱིན་ཅི་མ་ལོག་པར་སྟོན་པའི་གང་ཟག་ཁྱད་པར་ཅན་ལ་དགེ་བའི་བཤེས་གཉེན་ཞེས་པའི་བསྡུས་ཚིག་ལ་དགེ་བཤེས་ཅེས་པའི་མཚན་དེ་བྱུང་བ་ཡིན། དེ་ཡང་དབུས་ཀྱི་གདན་ས་ཆེན་པོ་དྲུག་ལ་སོགས་པའི་བཤད་གྲྭ་དར་ཁྱབ་ཆེན་བའི་དགོན་སྡེ་ཁག་ཏུ་གཞུང་ཆེན་ཁག་ལ་སློབ་གཉེར་མཐིལ་ཕྱིན་གནང་མཐར་གྲྭ་སྐོར་དམ་འཇོག་དང་འབྲེལ་བའི་མཚན་གནས་ཀྱི་མིང་ལ། རབ་འབྱམས་པ། དཀའ་བཞི་པ། དཀའ་བཅུ་པ། དཀའ་ཆེན་བཅས་ཡོད།
དེ་ཡང་བདེ་གསང་གུང་གསུམ། དགའ་སྐྱོ་ཟུར་གསུམ་ཞེས་ཡོངས་སུ་གྲགས་པའི་དབུས་ཀྱི་གདན་ས་ཆེན་པོ་དྲུག་ནི།
དང་པོ། བདེ་བ་ཅན་ནམ་ར་བ་སྟོད་པ་ནི། དུས་རབས་བཅུ་གཅིག་པའི་ནང་དཔལ་མཉམ་མེད་ཇོ་བོ་རྗེའི་དངོས་སློབ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ། གསང་ཕུ་ཆོས་སྡེ་ཆེན་པོའི་ཡ་གྱལ་གླིང་སྨད་གྲྭ་ཚང་གི་ཆོས་རའི་སྟོད་དུ་རྡོའི་ར་བ་བསྐོར་ཏེ་སློབ་གཉེར་ཟུར་འཛུགས་བསྐྱངས་པ་ལས་ར་སྟོད་ཅེས་པའི་མཚན་ཐོགས་པ་ཡིན།
གཉིས་པ། གསང་ཕུ་ནེའུ་ཐོག་དགོན་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་ཚད་མ་རྣམ་འགྲེལ་གྱི་བཀའ་བཞིའི་གྲྭ་སྐོར་དམ་འཇོག་གནང་སའི་གནས་ཡིན། ཕྱི་ལོ་༡༠༧༣ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ། དེ་ཡང་དགོན་པ་འདེབས་སའི་ས་གནས་འདི་ཇོ་བོ་རྗེ་ཨ་ཏི་ཤས་ལུང་བསྟན་པ་གནང་ཞིང་། དགོན་པ་མ་འདེབས་བར་དུ་གསང་བ་མཛད་པར་ཞུ་ཞེས་ཞུས་པར་བརྟེན་ནས་གསང་ཕུ་ཞེས་མིང་ཐོགས་པར་བཤད། ཐོག་མར་གྲྭ་པ་ལྔ་བརྒྱ་ཙམ་འདུས་པ་ལ་རྔོག་གིས་འཆད་ཉན་མཛད། ཕྱ་པ་ཆོས་ཀྱི་སེང་གེས་མཚན་ཉིད་ཀྱི་སྲོལ་གཏོད་ནས་དར་རྒྱས་ཆེ་བ་བྱུང་། གསང་ཕུ་ནེའུ་ཐོག་དགོན་པར་གླིང་སྟོད་སྨད་གཉིས་བསྲེས་པ་ལས་བྱུང་བའི་གྲྭ་བསྐོར་གཏོང་བ་ལས་གླིང་བསྲེའི་དམ་བཅའ་ཞེས་ཐོག་མར་བྱུང་།
གསུམ་པ། ཚལ་གུང་ཐང་དགོན་པ་ནི། བཀའ་རྒྱུད་ཆེ་བཞིའི་ཡ་གྱལ་ཚལ་པ་བཀའ་རྒྱུད་ཀྱི་གདན་ས་ཡིན། བྱང་ངོས་ཀྱི་ཚལ་དགོན་པར་ཡང་དགོན་དང་དབུས་གླིང་ཞེས་གྲྭ་ཚང་གཉིས་དང་། ལྷོ་ངོས་གུང་ཐང་དུ་ཆོས་ཁྲི་ལྕོགས་དང་། གཟིམ་ཁང་ཤར། ཆོས་འཁོར་གླིང་བཅས་ཁག་གསུམ་ཡོད་པ་ལས། ཚལ་དང་གུང་ཐང་གཉིས་ཀྱི་མིང་བསྡུས་ནས་འབོད་པ་ཚལ་གུང་ཐང་ཞེས་པ་དེ་ཡིན། ཚལ་ཡང་དགོན་ནི་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་ཕྱི་ལོ་༡༡༧༥ལོར་ཕྱག་བཏབ།
བཞི་པ། དགའ་བ་གདོང་ནི། བཀའ་གདམས་པའི་བླ་མ་ཞིག་པོ་ཤེས་རབ་ཞུ་བས་དུས་རབས་བཅུ་གསུམ་པར་ཕྱག་བཏབ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་སྒྲུབ་པ་མཛད་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས་གནང་བའི་གནས་ཡིན།
ལྔ་པ། སྐྱོར་མོ་ལུང་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་དམ་པའི་ཆོས་འདུལ་བ་གསན་པའི་གནས་ཡིན། སྦལ་ཏི་ཆེན་པོ་བརྩོན་འགྲུས་དབང་ཕྱུག་གིས་༡༡༦༩ལོར་བཏབ།
དྲུག་པ། ཟུལ་ཕུ་ནི། བྱ་འདུལ་འཛིན་བརྩོན་འགྲུས་འབར་བས་དུས་རབས་བཅུ་གཅིག་པར་ཕྱག་བཏབ།
དེ་ལྟ་བུའི་དབུས་ཀྱི་གདན་ས་ཆེན་པོ་དེ་དག་ལས་གཞུང་ཆེན་ཁག་རེ་རེའི་སྦྱངས་པ་མཐིལ་ཕྱིན་གནང་བའི་མཚན་གནས་ལ་རབ་འབྱམས་པ་དང་། དབུ་ཕར་འདུལ་མཛོད་བཞིའི་སློབ་མཐར་ཕྱིན་པའི་མཚན་ནས་ལ་བཀའ་བཞི་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གཞུང་བཀའ་པོད་ལྔའི་དགོངས་འགྲེལ་དང་བཅས་པ་སྦྱངས་མཐར་ཕྱིན་པ་གནང་བའི་འབྲས་རྟགས་སུ་དཀའ་བཅུ་པ་ཞེས་པའི་མཚན་རྟགས་བཞེས་ནས་དཀའ་བཅུ་པའམ་དཀའ་ཆེན་པའི་མཚན་གནས་སྤྲོད་པའི་ལམ་སྲོལ་དེ་ནས་བྱུང་བ་ཡིན།
ཕྱིས་སུ་རི་བོ་དགེ་ལྡན་པའི་གདས་ས་ཆེན་པོ་ཁག་ཚུགས་ནས་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་ཕྱིན་པའི་མཚན་གནས་ཀྱི་མིང་དུ། དགེ་བཤེས་ལྷ་རམས་པ། དགེ་བཤེས་ཚོགས་རམས་པ། དགེ་བཤེས་གླིང་བསྲེ་པ། དགེ་བཤེས་རིགས་རམས་པ། དགེ་བཤེས་རྡོ་རམས་པ། དགེ་བཤེས་སྔགས་རམས་པ། དཀའ་བཞི་པ། དཀའ་བཅུ་པ། དཀའ་ཆེན་བཅས་ཡོད།
དགེ་བཤེས་ལྷ་རམས་པའི་མཚན་གནས་བྱུང་སྟངས་ནི། པཎ་ཆེན་བློ་བཟང་ཆོས་རྒྱན། [ཕྱི་ལོ་༡༥༧༠-༡༦༦༣] དགུང་ལོ་ཞེ་བཞི་བ་ཕྱི་ལོ༡༦༡༣ལོ་ནས་དགའ་ལྡན་ཁྲིར་ཕེབས་ཏེ་ལོ་དྲུག་རིང་ལྷ་སའི་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང་། སེ་འབྲས་དགེ་གསུམ་གྱི་སློབ་གཉེར་བ་མཐོ་གྲས་རྣམས་ལ་ལྷ་གདན་སྨོན་ལམ་ཆེན་མོའི་སྐབས་སུ་གཞུང་ཆེན་བཀའ་པོད་ལྔའི་བགྲོ་གླེང་ངམ་དམ་འཇོག་གནང་བའི་སྲོལ་བཙུགས། དེ་ནས་བཟུང་ལྷ་གདན་སྨོན་ལམ་ཆེན་མོའི་གཞུང་ལུགས་རབ་འབྱམས་པའི་གྲྭ་སྐོར་དམ་འཇོག་གནང་བའི་ཆ་ནས་དགེ་བཤེས་ལྷ་རམས་པ་ཞེས་པའི་མཚན་གནས་དེ་བྱུང་བ་ཡིན། སྐབས་དེ་དུས་དགེ་བཤེས་ལྷ་རམས་པ་ཨང་དང་པོ་ལེན་མཁན་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་འབྲུག་ལྟག་པ་ངག་དབང་དཔལ་བཟང་དང་། སྒོ་མང་དགེ་བཤེས་དོམ་ཉག་པ་བསོད་ནམས་ཆོས་བཟང་ཡིན་པས་སྐབས་དེར་དབུས་གཙང་ཁམས་གསུམ་དུ་ཁོང་གཉིས་ལ་འབྲས་སྤུངས་དགེ་བཤེས་དོམ་འབྲུག་གཉིས་ཞེས་མཚན་སྙན་ཆེ་བར་མ་ཟད། ༸གོང་ས་ལྔ་བ་ཆེན་པོས་ཀྱང་གུས་བཀུར་ཆེན་པོ་མཛད།
དགེ་བཤེས་ཚོགས་རམས་པའི་མཚན་གནས་བྱུང་སྟངས་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་དབང་བཟུང་སྐབས་ྋགོང་ས་ལྔ་པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ་དུ་ཚོགས་མཆོད་ཉིན་བཅུ་འཚོགས་པའི་རིང་སྨོན་ལམ་ཆེན་མོའི་སྐབས་དང་འདྲ་བར་གདན་ས་གསུམ་གྱི་དགེ་བཤེས་ཁག་གཅིག་གཞུང་ཆེན་ཁག་ལ་གྲྭ་སྐོར་དམ་བཅའ་འཇོག་པའི་སྲོལ་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་བཙུགས་ཤིང་། ཚོགས་རམས་དགེ་བཤེས་ཅེས་པའི་མཚན་གནས་དེ་བྱུང་བ་ཡིན།
དགེ་བཤེས་གླིང་བསྲེ་པའི་མཚན་གནས་བྱུང་སྟངས་ནི། གསང་ཕུར་[ཕྱི་ལོ་༡༠༧༣ལོར་རྔོག་ལོ་ལེགས་པའི་ཤེས་རབ་ཀྱིས་བཏབ།] གླིང་སྟོད་སྨད་ཀྱི་གྲྭ་ཚང་བཅུ་གསུམ་བསྲེས་ནས་འཚོགས་པའི་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་གཞུང་ཆེན་བཀའ་པོད་རྩ་འགྲེལ་བཅུའི་གྲྭ་སྐོར་དམ་བཅའ་བཞག་པ་ལས་དགེ་བཤེས་གླིང་བསྲེས་ཅེས་བྱུང་ཞིང་། གདན་ས་གསུམ་ཆགས་རྗེས་གསང་ཕུའི་ཕྱག་སྲོལ་ལྟར་གླིང་ཡོངས་ཀྱི་གྲྭ་ཚང་ཕན་ཚུན་བསྲེས་ནས་གཞུང་ཆེན་ལྔའི་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་རྣམས་ལ་གླིང་བསྲེས་ཞེས་པའི་མཚན་དེ་བྱུང་བ་ཡིན།
དགེ་བཤེས་རིགས་རམས་པའི་མཚན་གནས་བྱུང་སྟངས་ནི། རིགས་གྲྭའི་ཆོས་ཐོག་སྐབས་སུ་གཞུང་ཆེན་ཁག་ལ་སློབ་མཐར་ཕྱིན་ནས་དམ་འཇོག་བགྲོ་གླེང་གནང་བ་ལ་དགེ་བཤེས་རིགས་རམས་པའི་མཚན་དེ་བྱུང་བ་ཡིན།
དགེ་བཤེས་རྡོ་རམས་པའི་མཚན་གནས་བྱུང་སྟངས་ནི། གདན་ས་སོ་སོའི་ཚོགས་ཆེན་རྡོ་གཅལ་དུ་གཞུང་ཆེན་ཁག་ལ་སློབ་མཐར་ཕྱིན་ནས་དམ་འཇོག་བགྲོ་གླེང་གནང་བ་ལ་དགེ་བཤེས་རྡོ་རམས་པའི་མཚན་དེ་བྱུང་བ་ཡིན།
དགེ་བཤེས་སྔགས་རམས་པའི་མཚན་བྱུང་སྟངས་ནི། མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་སོན་སྟེ་དགེ་བཤེས་དམ་འཇོག་གནང་ནས་གསང་ཆེན་རྒྱུད་གྲྭ་སྟོད་སྨད་གང་རུང་དུ་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་སློབ་མཐར་ཕྱིན་ནས་སྔགས་ཀྱི་དམ་བཅའ་བཞག་པ་ལ་སྔགས་རམས་པ་ཞེས་མཚན་ཐོག་པ་ཡིན།
དགེ་བཤེས་རབ་འབྱམས་པའི་མཚན་བྱུང་སྟངས་ནི། ས་སྐྱའི་མཁས་པ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་ཞུ་བ་དེ་ཉིད་[༡༤༡༡-༡༤༨༥]ཀྱིས་ཕྱི་ལོ༡༤༤༩ལོར་འབྲས་ཡུལ་སྐྱེད་ཚལ་དགོན་པ་བཏབ་པ་ལས་ཆད་པའི་མཚན་ཉིད་གྲྭ་ཚང་དྲུག་བྱུང་བ་རྣམས་སུ་མཚན་ཉིད་ཀྱི་གཞུང་ལ་སྦྱངས་ཏེ་མཐར་ཕྱིན་པའི་ཚེ་གྲྭ་སྐོར་དམ་བཅའ་བཞག་པ་ལས་དགེ་བཤེས་རབ་འབྱམས་པ་ཞེས་པའི་མཚན་བཏགས་བྱུང་། ཕྱིས་སུ་གདན་ས་ཁག་ཏུ་ཡང་གཞུང་ཆེན་ཁག་སོ་སོའི་སློར་མཐར་ཕྱིན་པའི་སྐབས་གཞུང་དག་གི་རབ་འབྱམས་པའི་ཕྱག་ཁྱེར་འབུལ་སྲོལ་ཡོད། དཔེར་ན། ཕར་ཕྱིན་རབ་འབྱམས་པ། དབུ་མ་རབ་འབྱམས་པ་སོགས་ཡོད།
གཞན་ཡང་དཀའ་ཆེན་པ། བཀའ་བཅུ་པ། བཀའ་བཞི་པ། སྨན་རམས་པ། རྩིས་རམས་པ་སོགས་བོད་པའི་ཤེས་ཡོན་པའི་སྡེ་ཚན་ནང་ཤེས་ཚད་འཇལ་བའི་མིང་རྟགས་མི་འདྲ་བ་ཡོད་པ་ལས། དེང་སང་གྲྭ་ཚང་འདིར། རིགས་རམས་པ་དང་། གླིང་བསྲེས་པ་དང་། ཚོགས་རམས་པ་དང་། ལྷ་རམས་པའི་དགེ་བཤེས་ཀྱི་མཚན་རྟགས་བཞེས་སྲོལ་དེ་མ་ཉམས་པར་ཕྱག་ལེན་དུ་འགྲོ་བཞིན་པ་དེ་ལྟར་ལགས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༣ ཟླ་ ༤ ཚེས་ ༢༢ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]

ངོ་ཤོག 78 ནས་ 904