དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།

དྲ་འཇུག་པ།

   རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྲོལ་གཏོད་མཁན་དང་། དགའ་ལྡན་ཁྲི་རབས་དང་པོ་ཡིན། བོད་མདོ་ཁམས་སྨད་ཀྱི་ཙོང་ཁའི་ཡུལ་དུ་ཡབ་ཀླུ་འབུམ་དགེ་དང༌། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ་༡༣༥༧ལོར་སྐུ་འཁྲུངས།
   དགུང་ལོ་གསུམ་པར་རྗེ་ཀརྨ་རོལ་པའི་རྡོ་རྗེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་ཆུང་ངུའི་སྐབས་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བདག་སྐྱོང་གནང་སྟེ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་བར་མཛད། གསང་མཚན་དོན་ཡོད་རྡོ་རྗེ་ཞེས་བཏགས། དགུང་ལོ་བདུན་གྱི་སྐབས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང་། གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་གྲགས་པར་གསོལ། དགུང་གྲངས་བཅུ་བདུན་ཆུ་གླང་༡༣༧༣ལོར་མདོ་སྨད་ནས་དབུས་སུ་བྱོན་ཏེ་འབྲི་གུང་མཐིལ་དུ་ཕེབས། སྤྱན་སྔ་བ་ཆོས་ཀྱི་གྲགས་པ་དང་མཇལ་ཏེ་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང་། ཕྱག་ཆེན་ལྔ་ལྡན་ལ་སོགས་པ་གསན། ཚལ་གྱི་སྨན་པ་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་སྨན་དཔྱད་ཡན་ལག་བརྒྱད་པའི་གཞུང་ལ་སྦྱངས་པ་མཛད།
   དེ་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་[རྭ་སྟོད་དགོན་པ།]དུ་བྱོན་ནས་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་གདན་ས་པ་དགེ་བསྐོངས་པ་གཉི་ག་ལ་ཆོས་འབྲེལ་གསན། དགུང་ལོ་ཉི་ཤུ་རྩ་གཅིག་གི་སྐབས་གཙང་ཕྱོགས་སུ་ཕེབས་ནས་ཉ་དབོན་ཀུན་དགའ་དཔལ་དང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ལས་དབུ་ཕར་འདུལ་མངོན་ཚད་མ་སོགས་ཀྱི་གཞུང་ལ་གསན་སྦྱོང་མཛད། བོ་དོང་སོགས་སུ་གྲྭ་སྐོར་མཛད། དགུང་ལོ་ཉེར་བཞིའི་སྐབས་རྩེད་ཐང་གི་གྲྭ་སྐོར་ཚར་ནས། ཡར་ལུང་རྣམ་རྒྱལ་དུ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲའི་མཁན་བརྒྱུད། ཚོགས་ཆེན་པོའི་མཁན་པོ། དཀའ་བཞི་པ་ཚུལ་རིན་པས་མཁན་པོ་མཛད། ཚོགས་པ་བྱི་རྫིང་པའི་མཁན་པོ་གནས་བརྟན་འདུལ་བ་འཛིན་པ་ཤེར་མགོན་པས་ལས་ཀྱི་སློབ་དཔོན་མཛད། བྱི་རྫིང་པའི་དབུ་མཛད་སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟེ་སྟོན་པ་མཛད་ཅིང༌། ཚོགས་པ་གཉིས་ཀྱི་དགེ་སློང་ཁ་སྐོང་དུ་འོས་པ་གྲངས་ཚང་བས་དད་པའི་དགེ་འདུན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས། དགུང་ལོ་ཉེར་ལྔའི་སྐབས་བླ་མ་དབུ་མ་པ་དང་ལྷན་དུ་དབུས་སུ་ཕེབས་ནས་དགའ་གདོང་དང་སྐྱོར་མོ་ལུང་སོགས་སུ་འཆད་ཉན་སྒོམ་སྒྲུབ་མཛད།
   དགུང་ལོ་ཉེར་བདུན་སྐབས་ལྷོ་ཁ་ཡར་ལུང་དུ་ཕེབས། རྩེད་ཐང་གི་ཆོས་གྲྭར་བཞུགས་ཏེ་དཀའ་ཆེན་བཞིའི་གྲྭ་སྐོར་མཛད། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་དྲུང་དུ་ཆོས་བཀའ་གསན་ནས་ལྷོ་བྲག་ཏུ་བཞུགས།
   དགུང་ལོ་ཉེར་དགུའི་སྐབས་ལྷ་སར་ཕེབས། ཚལ་གུང་ཐང་དུ་བཀའ་འགྱུར་ཞིབ་གཟིགས་མཛད། དེ་ནས་སྐྱོར་མོ་ལུང་དང༌། སྟོད་ལུང་མཚོ་སྨད། ངང་དཀར་སོགས་སུ་དུས་འཁོར་ཐུགས་སྦྱོང་མཛད་ཅིང་བློ་གསལ་མང་པོར་སྡེ་སྣོད་མང་དུ་གསུངས། དགུང་ལོ་སོ་གཉིས་པ་ལ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་པ་ལེགས་བཤད་གསེར་ཕྲེང་བཀའ་རྩོམ་མཛད། དགུང་གྲངས་སོ་དྲུག་པའི་ཟླ་བ་བཅུ་པར་དངོས་སློབ་འཁོར་དག་པ་རྣམ་བརྒྱད་ཕྱག་ཕྱིར་ཁྲིད་དེ་སྐྱོར་མོ་ལུང་ནས་ལྷོ་ཁ་འོལ་ཁར་བྱ་བྲལ་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་གཙོ་བོར་གནང་།
ཆུ་བྱ་༡༣༩༣ལོར་འོལ་ཁ་རྫིང་ཕྱིའི་གཙུག་ལག་ཁང་དུ་རྒྱལ་བ་བྱམས་པའི་སྐུ་ཞིག་གསོ་མཛད། དེ་ནི་རྗེ་ཙོང་ཁ་པའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཡིན། དགུང་ལོ་སུམ་ཅུ་སོ་དགུ་ལ་ལྷོ་བྲག་ཏུ་ཕེབས་ཏེ་མཁན་ཆེན་ཕྱག་རྡོར་བ་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་ལམ་རིམ་ཟབ་ཁྲིད་སོགས་གསན། དེའི་ལོར་གཉལ་སྨད་གསལ་རྗེ་དང༌། གཉལ་སྟོད་རབ་གྲོང་དུ་དཀའ་བཅུའི་གྲྭ་སྐོར་མཛད། སྐྱེ་བོའི་ཚོགས་རྣམས་བསྙེན་གནས་དང་སྐྱབས་འགྲོའི་སྡོམ་པ་ལ་སྦྱར་ཞིང་། རྗེ་ཉིད་ཀྱིས་ཕྱག་བསྟར་ནས་སེར་སྐྱའི་ཚོགས་རྣམས་བསྐུལ་ནས་ཚ་ཚ་འབུམ་ཐེར་མང་པོ་བཏབ་ཅིང་། ཕྱིས་ཀྱང་ཚུལ་དེ་ཉིད་སྒྲུབ་པ་ལ་སྦྱོར་བར་མཛད། དེ་ནི་རྗེ་ཙོང་ཁ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཏུ་བརྩི་བ་ཡིན། དེ་ནས་གཉལ་སྟོད་སྨད་དུ་བསྟན་འགྲོའི་དོན་མཛད་པའི་སྐབས་དཀའ་བཅུ་པ་དར་མ་རིན་ཆེན་རྗེའི་དྲུང་དུ་ཕེབས། དུས་དེ་ནས་བཟུང་ཆོས་རྗེ་དར་མ་རིན་ཆེན་རྗེའི་སྲས་ཀྱི་ཐུ་བོར་གྱུར།
   དགུང་ལོ་ཞེ་ལྔ་པའི་སྐབས་རྗེ་རེད་མདའ་བ་ཆེན་པོ་དང་ལྷན་དུ་འབྲི་གུང་ནས་རྭ་སྒྲེང་དུ་བྱོན། དེ་ནས་རྗེ་བཙུན་ཡབ་སྲས་གཉིས་དང་། ལོ་ཙྭ་བ་སྐྱབས་མཆོག་དཔལ་གསུམ་གནམ་རྩེད་ལྡེང་དུ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་དུ་ཞལ་མངོན་པར་འཛོམས་ཤིང་། དབྱར་གནས་པར་ཞལ་གྱིས་བཞེས་ཏེ་འདུལ་བའི་ཕྱག་ལེན་རྣམ་པར་དག་པའི་སྲོལ་ལེགས་པར་བཙུགས། དགུང་ལོ་ཞེ་དྲུག་གི་སྐབས་རྭ་སྒྲེང་དུ་ཕེབས། ལོ་ཆེན་སྐྱབས་མཆོག་དཔལ་བཟང་སོགས་ཆེ་རྒུ་དུ་མས་ནན་ཆེར་བསྐུལ་བར་བརྟེན་བྱང་ཆུབ་ལམ་རིམ་ཆེན་མོ་བཀའ་རྩོམ་མཛད།
   དགུང་ལོ་ཞེ་དགུའི་སྐབས་བདེ་ཆེན་གསང་སྔགས་མཁར་དུ་ཟླ་ཤས་བཞུགས་ནས་འོལ་དགའ་བྱམས་གླིང་དུ་ཕེབས་ཏེ་དོན་གཉེར་ཅན་མང་པོར་ལམ་རིམ་གྱི་ཆོས་གསུངས། སློབ་དཔོན་ཀླུ་བྱང་གི་རྣམ་གཞག་རིམ་པའི་ཊཱིཀྐ་དང༌། སྔགས་རིམ་ཆེན་མོ་བརྩམས། དགུང་གྲངས་ང་གཅིག་གི་སྐབས་མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་རྗེ་བཙུན་རེད་མདའ་བ་ཆེན་པོས་བསྐུལ་བ་དང་། རང་ཉིད་ཀྱང་རྗེའི་སྙན་པ་གསན་པས་དབུས་སུ་བྱོན་ནས་སེ་ར་ཆོས་སྡིངས་སུ་རྗེ་རིན་པོ་ཆེར་ཐོག་མར་མཇལ། གཞུང་དོན་གྱི་དཀའ་གནད་དག་ལ་དོགས་འདྲི་སོགས་ཞུས་པས། རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་པས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་རྒྱུད་རྟོགས་བདུན་སོགས་མདོ་སྔགས་ཀྱི་དབང་ལུང་ཁྲིད་ཡོངས་སུ་རྫོགས་པ་གནང་། རྗེའི་ཐུགས་སྲས་ཀྱི་གཙོ་བོར་གྱུར།
   ལོ་དེར་སེ་ར་ཆོས་སྡིངས་སུ་བཞུགས་ན་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཅིག་སྣང་བས་དངོས་སློབ་གུང་རུ་རྒྱལ་མཚན་བཟང་པོ་སོགས་བགྲེས་པ་འགའ་ཞིག་ལ་ཞལ་ཏ་གནང་ནས། མཚན་མོ་ཞིག་གཞན་གྱིས་མ་ཚོར་བར་ར་ཁ་བྲག་ཏུ་བྱོན་ནས་སྐུ་མཚམས་མཛད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དབུ་སེམས་ཀྱི་ལྟ་བའི་གནད་རྣམས་གསུངས་ནས། ད་འདི་རྣམས་ཀྱི་དོན་བསྡུས་པ་ཞིག་ཡི་གེར་གྱིས་ཞེས་གསུངས་པ་ལ་བརྟེན་ནས་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོ་བཀའ་རྩོམ་མཛད། སེ་ར་ཆོས་སྡིངས་སུ་རྩ་ཤེའི་རྣམ་བཤད་ཆེན་མོ་མཛད།
   ས་བྱི་ལོ་བོད་ཟླ་བཅུ་གཉིས་པའི་སྨད་ལ་ལྷ་སར་ཕྱག་ཕེབས། གནམ་གང་གི་ཉིན་སྙན་གསན་འབེབས་པའི་མཆོད་པ་མཛད། དགེ་འདུན་སྟོང་ཕྲག་བརྒྱད་ཙམ་བྱུང་ཞིང་། དགུང་ལོ་ང་གསུམ་པ་ས་གླང་༡༤༠༩ལོའི་བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཀྱི་མཆོད་པ་དངོས་གཞི་མཛད། དུས་དེ་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་ཆགས། དེ་ནི་རྗེ་རིན་པོ་ཆེའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཡིན། ཇོ་བོ་མི་བསྐྱོད་པ་དང་བཅུ་གཅིག་ཞལ་ལ་དངུལ་བཟང་པོ་ལས་བྱས་པའི་དབུ་རྒྱན་ཕུན་སུམ་ཚོགས་པ་ཕུལ། ལོ་དེར་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ།
   ལྕགས་ཡོས་༡༤༡༡ལོར་རིམ་ལྔ་གསལ་སྒྲོན་མཛད། དགུང་ལོ་ང་བདུན་༡༤༡༣ལོར་སྐུ་ཁམས་བསྙུན་ཚུལ་གྱིས་སྒྲུབ་གྲོགས་དང་མཉམ་དུ་སྐུ་མཚམས་སུ་བཞུགས། དགུང་ལོ་ང་བརྒྱད་ཤིང་རྟ་༡༤༡༤མི་དབང་གྲགས་པ་རྒྱལ་མཚན་གྱིས་འོན་བཀྲ་ཤིས་དོ་ཁར་གདན་དྲངས། སྡེ་སྣོད་འཛིན་པ་མང་པོར་ལམ་རིམ་དང་དབུ་ཚད་སོགས་ཟབ་རྒྱས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྐབས་དེར་རྒྱལ་མཆོག་དགེ་འདུན་གྲུབ་པ་དང་མཇལ་ཞིང་རྗེས་སུ་བཟུང་། དེ་ནས་སླར་ཡང་གདན་ས་ཆེན་པོ་དགའ་ལྡན་དུ་ཕེབས་ནས་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་བཞི་སྦྲགས་སུ་གྲགས་པ་དེ་དང་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་ཊཱིཀྐ་ཆེན་མོ་སོགས་མཛད།
   དགུང་ལོ་ང་དགུ་ཤིང་ལུག་༡༤༡༥ལོར་དགའ་ལྡན་ཡངས་པ་ཅན་གཙུག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ཀྱིས་དགའ་ལྡན་དཀྱིལ་འཁོར་སྒྲུབ་མཆོད་གསར་འཛུགས་མཛད། དེ་ནི་རྗེ་རིན་པོ་ཆེའི་མཛད་ཆེན་བཞིའི་ཡ་གྱལ་ཞིག་ཡིན། དགུང་ལོ་རེ་གཅིག་༡༤༡༧ལོར་དགའ་ལྡན་ཡངས་པ་ཅན་རྟེན་དང་བརྟེན་པར་བཅས་པ་གྲུབ་པའི་རབ་གནས་མཛད། དགུང་ལོ་རེ་གཉིས་༡༤༡༨ལོར་དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་བརྩམས།
   དགུང་གྲངས་དྲུག་ཅུ་རེ་གསུམ་པ། རབ་བྱུང་བདུན་པའི་ས་ཕག་༡༤༡༩ལོའི་སྟོན་ཁ་རི་བོ་དགེ་ལྡན་ནས་ཕྱག་བཏེགས་ཏེ་ལྷ་སར་ཇོ་བོ་རིན་པོ་ཆེའི་སྐུ་དྲུང་དུ་སྐུ་ཕྱག་དང་། མཆོད་འབུལ། སྨོན་ལམ་རྣམ་དག་མཛད་ནས་སྟོད་ལུང་ཆབ་ཚན་ཁར་བྱོན། སྟོད་ལུང་ཕུ་མདའི་སྐྱེ་བོའི་ཚོགས་དང་། འབྲས་སྤུངས། ལྷ་ས། སེ་ར། གསང་སྔགས་མཁར། གྲུ་བཞི་རྣམས་སུ་ཕེབས་ནས་བཀའ་ཆོས་མང་དུ་སྩལ། སླར་དགའ་ལྡན་དུ་ཕེབས་པ་ན་ཐོག་མར་ཡངས་པ་ཅན་གྱི་གཙུག་ལག་ཁང་ཆེན་པོར་ཕེབས་ཏེ་འདིར་ད་ཡང་འོང་བ་མི་ཡོང་བས་མཆོད་གཏོར་རྒྱ་ཆེར་ཤོམས་གསུངས། དེ་ནས་འདུ་ཁང་དུ་དགེ་འདུན་གྱི་ཚོགས་དབུར་ཕེབས་ཏེ་བདེ་བ་ཅན་གྱི་སྨོན་ལམ་རྒྱས་པ་དང་། དགེ་འདུན་གྱི་ཚོགས་པ་རྒྱ་མཚོའི་དབུས་སུ་ཤིས་བརྗོད་མཛད། དེ་ནས་གཟིམ་ཁང་དུ་ཕེབས་ཏེ་བཞུགས་གདན་ལ་བཞུགས་པ་ན། ད་ནི་རང་རེའི་དགོན་པ་རང་དབང་ཐོབ་པ་འདིར་སླེབ་བྱུང་བས་བློ་བདེའོ་ཞེས་གསུངས། མཐར་རྒྱལ་ཚབ་དར་མ་རིན་ཆེན་ལ་སོགས་པར་བསྟན་པའི་བྱ་བ་མཛད་ཚུལ་གྱི་ཞལ་ཏ་སྔ་མོ་ནས་ཞིབ་ཆ་གནང་ཟིན་པས་དེའི་ཚེ་རྒྱས་པར་མ་གསུངས་ཀྱང་སྐབས་དེར་དབུ་ཞྭ་དང་། ན་བཟའ་བེར་ཐུལ་ཞིག་གནང་སྟེ་རྒྱལ་ཚབ་དར་མ་རིན་ཆེན་ལ་རྒྱལ་ཚབ་ཏུ་དོན་གྱིས་གོ་བར་མཛད་དེ་ལོ་དེའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་རྩ་ལྔའི་ཉིན་གྱི་སྔ་དྲོར་སྐུ་གཤེགས། །
   སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མང་དུ་བྱུང་། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས། རྗེ་བློ་བཟང་གྲགས་པའི་མཛད་ཆེན་བཞི་ནི། དགུང་ལོ་སོ་བདུན་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་དགུའི་སྐབས་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ་བ་བཅས་སོ། །

༢༠༡༦.༡༡.༠༥ སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

བྲག་དཀར་བློ་བཟང་སྙན་གྲགས།

དྲ་འཇུག་པ།

བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས། བྲག་དཀར་སྐུ་ཕྲེང་གསུམ་པ། ཕྱི་ལོ་༡༨༦༦ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་དཀར་མཛེས་འཁྲིགས་ལུང་རི་ཁྲོད་དམ་འབྲུག་ལང་དགོན་དུ་གྲགས་པ་སྔར་གྱི་དགོན་ཤུལ་དུ་གྲོང་ཆགས་པ་ཞིག་ཏུ་ཡབ་བསམ་གཏན་ཚེ་རིང་དང༌། ཡུམ་ཚེ་རིང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞིའི་སྐབས་པཎ་ཆེན་བསྟན་པའི་དབང་ཕྱུག་གིས་བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་མཛད། མཚན་ལ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞེས་གསོལ། དགུང་ལོ་ལྔའི་སྐབས་དགེ་རྒན་རྡོ་རྗེ་འབུམ་ལས་ཡི་གེ་འབྲི་ཀློག་གསན་སྦྱོང་མཛད། འབའ་ཕུག་ཡོངས་འཛིན་བློ་ལྡན་ཆོས་འཕེལ་ལས་དག་ཡིག་དང་། སུམ་རྟགས་སོགས་ཐུན་མོང་གི་རིག་གནས་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཡོངས་རྫོགས། མདོ་སྔགས་ཀྱི་གཞུང་ཆེན་དང་གསར་རྙིང་གི་ཆོས་སྐོར་གྱི་བཤད་ཁྲིད་དང་དབང་ལུང་སོགས་གསན། དགུང་ལོ་བཅུ་གཅིག་གི་སྐབས་དྲུང་སར་བླ་མ་བློ་བཟང་དཔལ་ལྡན་བསྟན་འཛིན་ཚུལ་ཁྲིམས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། རྒྱལ་རོང་བླ་མ་དཀོན་མཆོག་བཟང་པོ་ལས་སྒྲ་ཀ་ལཱ་པའི་རི་མོ་ཡོངས་རྫོགས་དང་སྡེབ་སྦྱོར་སོགས་གསན། ཁང་གསར་རྡོ་རྗེ་འཆང་བློ་བཟང་མཐུ་སྟོབས་རྒྱ་མཚོའི་མདུན་ནས་འཇིགས་བྱེད་བཅུ་གསུམ་གྱི་དབང་སོགས་གསན། དགུང་ལོ་བཅུ་བདུན་སྐབས་ལྷ་ལྡན་དུ་ཕེབས། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། བློ་གླིང་མཁན་ཆེན་བློ་བཟང་དབང་ཕྱུག་ཡོངས་འཛིན་དུ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་གནང་། གྲུབ་དབང་དྷརྨ་སེང་གེ་ལས་གསོ་བ་རིག་པ་དང་། གཅོད་ཀྱི་དབང་ཁྲིད་སོགས་གསན། ཞྭ་ལུ་ཁྲི་ཟུར་བློ་བཟང་མཁྱེན་རབ་ལས་ས་སྐྱའི་གསེར་ཆོས་བཅུ་གསུམ་དང་། ལམ་འབྲས་སོགས་གསན། དགུང་ལོ་ཉི་ཤུའི་སྐབས་དགའ་ལྡན་ཁྲི་ཆེན་གྱ་གཉིས་པ་རྒྱལ་རོང་ཡེ་ཤེས་ཆོས་འཕེལ་གྱིས་མཁན་པོ་མཛད་དེ་བསྙེན་པར་རྫོགས། འཇམ་དབྱངས་མི་ཕམ་རྣམ་རྒྱལ་གྱི་མདུན་དུ་རྩོད་ལན་ཕུལ་བས་མཁས་པའི་གྲགས་པ་རྒྱས། དགུང་ལོ་ཉེར་གསུམ་གྱི་སྐབས་རང་ཡུལ་དུ་ཕེབས་ཏེ་བྲག་དཀར་བྱང་ཆུབ་གླིང་དུ་བཞུགས། གླིང་ཡོངས་འཛིན་མཆོག་སྤྲུལ་ལས་བསྟན་འགྱུར་གྱི་ལུང་དང་། ཉ་རྒྱས་མཆོག་སྤྲུལ་ལས་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་འབུམ་སོགས་ཀྱི་ལུང་སོགས་རིས་མེད་ཀྱི་མཁས་གྲུབ་དུ་མ་བསྟེན་ཏེ་མདོ་སྔགས་གསར་རྙིང་རིག་གནས་དང་བཅས་པའི་ལུང་ཁྲིད་མན་ངག་དབང་སོགས་མནོས། གུང་ལོ་ཉེར་བདུན་ནས་བཟུང་བྲག་དཀར་རི་ཁྲོད་མཱ་ལ་ནང་དང༌། ཆོས་དབྱིངས་དགོན། བྲག་མགོ་དགེ་ཐར་ལུང་། དཔལ་སྒང་སོགས་གདན་སར་མཛད་དེ། བྱམས་ཆོས་སྡེ་ལྔ་དང༌། དབུ་མ་རྩ་འཇུག་བཞི་གསུམ། རིགས་ཚོགས། བསྟོད་ཚོགས་སོགས་ཀྱི་འཆད་འཁྲིད་མཛད། གཞན་ཡང༌། དཀར་མཛེས་དང་བྲག་མགོ །མི་ཉག །གསེར་ཐར་སོགས་གནས་ཕྱོགས་མེད་དུ་ཕེབས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། རྗེ་ཡབ་སྲས་ཀྱི་གསུང་འབུམ་གྱིས་མཚོན་བླ་མ་སོ་སོའི་གསུང་འབུམ་སྣ་ཚོགས་ཀྱི་ལྗགས་ལུང༌། བདེ་གསང་འཇིགས་གསུམ་དང༌། སྙིང་ཐིག །ཞི་གཅོད་སོགས་ཀྱི་དབང་ལུང་ཁྲིད་གསུམ། བྱང་ཆུབ་ལམ་རིམ་ཆེ་ཆུང་བཅས་ཀྱི་བཀའ་ཆོས་རྒྱ་ཆེར་གསུངས་ནས་རིས་སུ་མ་ཆད་པའི་གདུལ་བྱ་མང་པོ་བསྐྱངས། སློབ་མའི་གཙོ་བོ། དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་དང་། དགེ་ཐོག་མཆོག་སྤྲུལ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུག་སོགས་བྱུང་། དགུང་ལོ་རེ་བཞི་པ་༡༩༢༩ལོར་སྐུ་གཤེགས། གསུང་རྩོམ་ལ། བསྟོད་ཚོགས། གཞུང་ཆེན་པོད་ལྔ། སྔགས་རྫོགས་སྐོར་གྱི་འགྲེལ་བཤད་སོགས་རྩོམ་སྒྲིག་པར་ལག་སོན་བྱུང་བ་པོ་ཏི་བཅུ་དགུ་བཞུགས་ཤིང་དེའི་ནང་དུ་འཇམ་དཔལ་བདེ་བའི་ཉི་མས་མཛད་པའི་རྗེ་འདིའི་རྣམ་ཐར་ཁ་སྐོང་ཡང་བསྡུས་འདུག །རྗེ་འདིའི་རྣམ་ཐར་ལ། རྭ་ཧོར་སྤྲུལ་སྐུ་འཇམ་དབྱངས་གྲུབ་པའི་དབང་པོས་བརྩམས་པ་དང་། འཇམ་དཔལ་བདེ་བའི་ཉི་མས་མཛད་པའི་རྣམ་ཐར་ཁ་སྐོང་བཅས་འདུག །གཞན་དུང་དཀར་ཚིག་མཛོད་དང་། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་སོགས་སུ་རྗེ་འདིར་མི་སྣ་མི་འདྲ་བ་གཉིས་ཀྱི་རྣམ་ཐར་འབྱུང་ངོ་། །

༢༠༡༥.༠༧.༡༦.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།

དྲ་འཇུག་པ།

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ནི། ཕྱི་ལོ་ ༡༧༣༧ ལོར་མདོ་སྨད་ཕོ་རོད་ལང་གྲུའི་ཕུན་ཚོགས་ལུང་པར་པྲ་སྟིའི་རིགས་སུ་ཡབ་དབང་སྐྱབས་རྒྱལ་དང་། ཡུམ་བ་རི་བཟའ་ཆོས་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ནས་ལྕང་སྐྱ་རིན་པོ་ཆེ་སོགས་ནས་ཐུགས་དམ་བརྟགས་པ་གནང་བ་དང་། རྒྱལ་བ་བསྐལ་བཟང་རྒྱ་མཚོར་གསུང་བརྟགས་ཀྱི་ཡི་གེ་འབུལ་བ་གནང་བར་རྒྱལ་དབང་མཆོག་གིས་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་དགུང་ལོ་དྲུག་གི་སྐབས་དགོན་ལུང་དུ་གདན་འདྲེན་ཞུས། [མིང་མཛོད་སོགས་སུ་ཀུན་མཁྱེན་གཉིས་པས་ངོས་འཛིན་གནང་བར་བཤད་པ་ནི་ནོར་བ་སྟེ། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་འདི་པའི་རྟོགས་བརྗོད་པདྨ་དཀར་པོ་ལས། རྗེ་བླ་མ་རྣམ་གཉིས་ཀྱིས་བོད་དུ་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོར་གསུང་བརྟགས་ཀྱི་ཡི་གེ་འབུལ་བ་གནང་བའི་ཕྱིར་ཕེབས་ལ། བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ནས་བརྟགས་པ་ཞིབ་ཏུ་བགྱིས་པར་བློ་བཟང་བསྟན་འཛིན་ཉི་མ་འདི་ཉིད་སྐུ་སྐྱེ་ཡིན་པ་བབས་ཞེས་ཕེབས། ཞེས་འབྱུང་།] བདེ་རྒུ་ངག་དབང་དགེ་ལེགས་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། [དམར་གཙང་དང་དམར་ཚང་ཡང་སྣང་།] མར་ཚང་དབོན་ཆུང་བློ་བཟང་ཆོས་འཛིན་ཀློག་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་གཅིག་པར་སུམ་པ་ཡེ་ཤེས་དཔལ་འབྱོར་ལས་རབ་ཏུ་བྱུང་། དགོན་ལུང་བྱམས་པ་གླིང་གི་ཆོས་གྲྭར་ཞུགས་ཏེ་ཐོག་མར་བསྡུས་གྲྭ་ནས་དབུ་བཙུགས་ཏེ་གཞུང་ཆེན་ལ་ཐུགས་གཉེར་གནང་། དགུང་ལོ་བཅུ་གསུམ་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་སློབ་དཔོན་དང་། བདེ་རྒུ་ཞབས་དྲུང་ངག་དབང་བློ་གསལ་རྒྱ་མཚོས་དུས་གོ་བ། སུམ་པ་མཁན་རིན་པོ་ཆེ་སོགས་ཀྱིས་ཁ་སྐོང་མཛད་དེ། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བཞི་པར་ཆོ་འཕྲུལ་སྨོན་ལམ་གྱི་སྐབས་དགོན་པའི་ཁྲི་པའི་ཚབ་ཏུ་ཞག་བཅུ་གསུམ་གྱི་རིང་ལ་སྨོན་ལམ་གྱི་ཚོགས་དབུ་མཛད། གཞུང་ཆེན་ཐུགས་གཉེར་གྱི་ཞར་ལ་སྙན་ངག །སྡེབ་སྦྱོར། སྐར་རྩིས་སོགས་ཐ་སྙད་རིག་གནས་ཀྱི་སྐོར་ལའང་གསན་སྦྱོང་མཛད། དགུང་ལོ་བཅོ་བརྒྱད་པར་སུམ་པ་མཁན་རིན་པོ་ཆེས་མཁན་སློབ་སྦྲགས་མ་དང་། དགེ་སློང་རི་ཁྲོད་པ་གསུམ་དང་བཅས་པས་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། དགུང་ལོ་བཅུ་དགུའི་སྐབས་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་དང་། ས་དཀར་ཆོས་ཐོག་གི་ཡར་འཚོགས་ལ་ཆོས་གྲྭར་གཞུང་གསར་པའི་འཛིན་གྲྭ་ནས་ཞུགས་ཏེ་གཞུང་ཆེན་ཁག་ལ་གསན་སྦྱོང་མཛད་པ་དང་། ཞར་ལ་བླ་མ་མང་པོའི་མདུན་ནས་དབང་ལུང་ཁྲིད་མན་ངག་སོགས་ཞུས་ཤིང་། གསང་སྔགས་ཀྱི་གཞུང་ལའང་ཐུགས་གཉེར་གནང་། སྔ་སོར་བསྙེན་རྫོགས་གནང་ཡང་དེ་སྐབས་དགུང་ལོ་བཅོ་བརྒྱད་ལས་མ་ལོན་པས། དགུང་ལོ་ཉེར་གཅིག་པར་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཕུར་བུ་ལྕོག་ཏུ་ཕུར་ལྕོག་བྱམས་པ་རིན་པོ་ཆེས་མཁན་སློབ་སྦྲགས་མ་མཛད་ནས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔའི་སྐབས་མདོ་སྨད་ནས་བསུ་བ་འབྱོར་བ་དང་། སུམ་པ་མཁན་རིན་པོ་ཆེས་གཙོས་བླ་མ་དགེ་འདུན་རྣམས་ཀྱིས་ཅིས་ཀྱང་རང་ཡུལ་དུ་འབྱོན་དགོས་པའི་ཞུ་བ་ནན་ཆེར་གནང་བ་དང་། ཕུར་ལྕོག་རིན་པོ་ཆེས་ཀྱང་རང་ཡུལ་དུ་བྱོན་ན་ལེགས་པའི་བཀའ་བབས་པར་བརྟེན། རང་ཡུལ་དུ་འབྱོན་པར་ཉེ་བ་ན། གཞུང་ས་རིན་པོ་ཆེར་ཐོན་ཕྱག་ཞུས་པའི་ཚེ། བསྟན་པའི་གསལ་བྱེད་ཨེར་ཏི་ནི་ནོ་མོན་ཧན་ཞེས་པའི་ཆོ་ལོ་དང་། ཐམ་ག་ཆེ་ཆུང་སོགས་ཆེན་པོར་འོས་པའི་གཟེངས་བསྟོད་གནང་སྦྱིན་སྩལ། ༧གོང་ས་རྒྱལ་བའི་དབང་པོ་མཆོག་གི་སྤྲུལ་བའི་སྐུ་ངེས་འདྲོངས་ཐག་ཆོད་ཟིན་ཀྱང་པོ་ཏ་ལར་མ་ཕེབས་པར་སྙེ་ཐང་དུ་བཞུགས་པ་ལ་མཇལ་ཁ་ཞུས། དེ་ནས་དབུས་ནས་མདོ་ཁམས་སྨད་དུ་ཕེབས་ཏེ་སུམ་པ་མཁན་ཆེན་སོགས་ཀྱི་ཐུགས་བཞེད་ལྟར་དགོན་ལུང་དགོན་པའི་མཁན་པོ་མཛད་དེ་[མཁན་རབས་སོ་དྲུག་པ་ཡིན། མིང་མཛོད་སོགས་སུ་མཁན་རབས་སོ་བཞི་པ་ཡིན་པར་གསུངས་པ་ནི་ནོར་བ་སྟེ་འདི་ཉིད་ཀྱིས་མཛད་པའི་དགོན་ལུང་དཀར་ཆག་ལས། མཁན་པོ་སོ་དྲུག་པར་བདག་བློ་བཟང་ཆོས་ཀྱི་ཉི་མ་འཁོད་ལ། ཞེས་འབྱུང་བས་ཤེས་སོ། །]དགོན་པའི་འཆད་ཉན་དང་འགྲིག་ལམ་སོགས་གང་ལེགས་ཡོང་ཐབས་ཐུགས་བརྩོན་ཆེར་གནང་ཞིང་། རིས་སུ་མ་ཆད་པའི་སྐལ་ལྡན་མང་པོ་དམ་ཆོས་ཀྱིས་ཚིམ་པར་བསྐྱངས། དགུང་ལོ་ཉེར་བདུན་པར་རྒྱ་ནག་གོང་མའི་རེ་སྐུལ་ལྟར་པེ་ཅིན་དུ་ཕེབས་ཏེ་དེར་རྒྱལ་བློན་སོགས་ཆེན་པོ་རྣམས་ཀྱིས་གཙུག་ཏུ་བཀུར་ཞིང་འགྲོ་དོན་བསྐྱངས་པ་དང་། བསྒྲུབ་བྱ་མང་པོར་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བསྙེན་རྫོགས་སོགས་ཀྱི་སྡོམ་པ་གནང་། རྒྱའི་རྒྱལ་པོ་ཆན་ཞིས་མཚན་གནས་དང་ཐམ་ཀ་སོགས་འབུལ་བ་གནང་། དགུང་ལོ་སོ་གཉིས་པར་རང་དགོན་དུ་ཕེབས། དགུང་ལོ་སོ་བདུན་པར་ཡང་བསྐྱར་རྒྱ་ནག་རྒྱལ་པོའི་རེ་སྐུལ་ལྟར་པེ་ཅིན་དུ་ཕེབས། རྒྱལ་བློན་རྣམས་ལ་ཆོས་མང་དུ་གསུངས། སྐུ་ཚེ་སྨད་དགོན་ལུང་དུ་ཕེབས་ཏེ་བཞུགས། དགུང་ལོ་ང་གཅིག་གི་སྐབས་དགེ་ལྡན་བསྟན་པའི་ཆུ་འགོ་བྲག་བྱ་ཁྱུང་གི་མཁན་རབས་ཞེ་གཉིས་པའི་ཁྲི་ལ་ཕེབས་ཏེ་ལོ་ངོ་གསུམ་བསྐྱངས། དགུང་ལོ་ང་གསུམ་པར་སྐུ་འབུམ་དགོན་པའི་ཁྲི་པ་མཛད་ནས་འཆད་ཉན་གྱིས་དུས་འདའ་བར་མཛད། རྗེ་འདིས་དགོན་གནས་མང་དུ་བཏབ། ཕྱི་ལོ་ ༡༨༠༢ ལོར་སྐུ་གཤེགས། རྗེ་འདིས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ། ཕུར་ལྕོག་བྱམས་པ་རིན་པོ་ཆེ། ལྕང་སྐྱ་རོལ་པའི་རྡོ་རྗེ། སྟག་ཕུ་རིན་པོ་ཆེ། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་སོགས་བླ་མ་མང་དུ་བསྟེན། ཁོང་གི་གསུང་རྩོམ་ལ་རྣམ་ཐར་དང་། རྟོགས་བརྗོད་སྣ་ཚོགས། རྩིས་དང་། སྙན་ངག །གྲུབ་མཐའ། གསང་སྔགས་སོགས་ཀྱི་སྐོར་བཅས་པོ་ཏི་བཅོ་ལྔར་བསྡུས་ཏེ་དགོན་ལུང་དུ་ཤིར་པར་བརྐོས་ཡོད།

༢༠༡༧།༡༠།༠༨ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ།

དྲ་འཇུག་པ།

ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས་ནི། ཕྱི་ལོ་ ༡༧༤༠ ལོར་མདོ་ཁམས་སྨད་ཀྱི་ཕྱག་རྡོ་ཐང་གི་ཨ་ཀྱཱ་སྡེ་པར་སྐུ་འཁྲུངས། དགུང་ལོ་བདུན་པར་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་དོན་གྲུབ་གསོལ།
དགུང་ལོ་བཅོ་ལྔའི་སྐབས་བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད་ཅིང་། ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོ་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་བདུན་སྐབས་དབུས་སུ་ཕེབས་ཏེ་གཞུང་ཆེན་ལ་སློབ་གཉེར་གནང་།
དགུང་ལོ་ཉེར་བརྒྱད་སྐབས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་པར་གྲྭ་སྐོར་མཛད། སྒྲ་རིག་པ་ལེགས་པར་སྦྱངས་པས་ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་དགའ་བའི་བློ་གྲོས་སུ་འབོད། འབྲུ་གཅིག་ལ་དེ་བཞིན་གཤེགས་པའི་སྐུའི་སྐྱེ་མཆེད་ལེགས་པ་དོད་པ་བཞེངས་པ་སོགས་བཟོའི་གནས་ཀྱང་མཁས་པར་མཁྱེན། ཀུན་མཁྱེན་འཇིགས་མེད་དབང་པོ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ལས་ཀྱང་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་གསན།
དགུང་ལོ་བཞི་བཅུ་པར་མགུར་རྣམ་རྒྱལ་གླིང་གི་ཁྲིར་ཕེབས། རྫོང་ནང་དགོན་པ་དང་། སྨན་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་སོགས་ཕྱག་བཏབ། དགུང་ལོ་དྲུག་ཅུ་རེ་བཞི་པར་བྱ་ཁྱུང་དགོན་གྱི་ཁྲིར་ཕེབས།
རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་དུ་འགོད་སྐབས་མཁས་དབང་འདིས་ཞུས་དག་ལེགས་པར་མཛད་པ་དང་། སྐུ་འབུམ་གསོ་རིག་དར་རྒྱས་གླིང་གི་གདན་ཁྲིར་ཡང་ཕེབས། ཨ་ཀྱཱ་ཞབས་དྲུང་བློ་བཟང་ངག་དབང་བསྟན་འཛིན་ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་སྩལ།
སྐུ་འབུམ་བླ་མ་ཨ་ཀྱཱ་ཡེ་ཤེས་བསྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པས་ཡོངས་གྲགས་སུ་ཨ་ཀྱཱ་ཡོངས་འཛིན་ཞེས་གསོལ། སྐུ་ཚེ་གང་བོར་དམ་ཆོས་འཆད་ཉན་མཛད་ནས་དུས་མདའ་བར་གནང་། ཕྱི་ལོ་ ༡༨༢༧ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་ཆོས་ཚན་ལྔ་བཅུ་ཐམ་པ་དང་པོད་འབྲིང་གཉིས་ཙམ་བཞུགས།

༢༠༡༧.༡༠.༢༢སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱོགས་བཏུས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Jan ཚེས། 12 རེས་གཟའ། Fri

ཆོས་རྗེ་དོན་གྲུབ་རིན་ཆེན།

དྲ་འཇུག་པ།

   ཆོས་རྗེ་དོན་གྲུབ་རིན་ཆེན་ནི། དགེ་ལྡན་བསྟན་པའི་ཆུ་འགོའམ་མ་དགོན་བྱ་ཁྱུང་དགོན་པ་གསར་འདེབས་གནང་མཁན་དང་། རྗེ་ཙོང་ཁ་པའི་བླ་མ་ཡིན། ཕྱི་ལོ་༡༣༠༩ལོར་མདོ་ཁམས་སྨད་དུ་འཁྲུངས། [འཁྲུངས་ཡུལ་གྱི་སྐོར་ལ་མི་མཐུན་པ་མང་།]
   རབ་ཏུ་བྱུང་ཞིང་དབུས་སུ་བྱོན། སྙེ་ཐང་པ་བཀྲ་ཤིས་སེང་གེ་སོགས་ལ་ཕར་ཕྱིན་དང་། བྱམས་ཆོས་ཐམས་ཅད་མཁས་པར་བསླབས། སྣར་ཐང་གི་ཆོས་གྲྭར་བྱོན་ནས་བཅོམ་ལྡན་རིགས་རལ་གྱི་བུ་ཆེན། བཅོམ་ལྡན་པ་རང་གི་གདན་ས་བ་ལྡོང་སྟོན་རིགས་པའི་སེང་གེ་ལ་ཚད་མ་རྣམ་ངེས་གསན། ཞྭ་ལུར་གྲྭ་སྐོར་ལ་བྱོན་པ་ན་བུ་སྟོན་ཐམས་ཅད་མཁྱེན་པ་ཡང་གདན་སར་ཕེབས་ནས་འདུག་པ་ལ། ཚོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན་ཏེ། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་གྲགས།
དེ་ནས་རོང་དུ་བྱོན་ཏེ་གསན་རྒྱ་དང་མཁྱེན་རྒྱ་བུ་སྟོན་དང་མཉམ་པར་གྲགས་པའི་རོང་གི་བླ་མ་ཡེ་ཤེས་དཔལ་བའི་དྲུང་ནས་གཤེད་སྐོར་སྤྱི་དང་། ཁྱད་པར་འཇིགས་བྱེད་ཀྱི་དབང་དང་། རྒྱུད་འགྲེལ་གྱི་བཤད་པ། མན་ངག་ཐམས་ཅད་ལེགས་པར་གསན།
   མདོ་ཁམས་སྨད་དུ་ཕེབས་ཏེ་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད། དེར་མཁན་པོ་མཛད་ནས་འཆད་ཉན་ཤིན་ཏུ་འཕེལ་སྐབས་ཤིག་ལ། སྙེ་ཐང་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་དབུས་སུ་ཕེབས། འོན་ཀྱང་དེ་དུས་གདན་ས་བ་བསྐོས་ཚར་བས་གདན་སའི་སྟབས་མ་འཕྲོད་ཀྱང་། ཡོ་བྱད་མང་དུ་བསྣམས་བྱོན་པ་རྣམས་ཀྱིས་བདེ་བ་ཅན་དང་། སྣར་ཐང་སོགས་སུ་གཙུག་ལག་ཁང་དང་དགེ་འདུན་ལ་སྲི་ཞུ་རྒྱ་ཆེར་བསྒྲུབས།
   ཡབ་ཆོས་སྡིངས་འདེབས་མཁན་སྐྱེས་མཆོག་རྟོགས་ལྡན་པ་ཆོས་རྗེ་བསམ་གཏན་དཔལ་གྱི་དྲུང་དུ་སྒྲུབ་པ་ལ་བྱོན། ཕྱག་རྫས་གང་ཡོད་བླ་མ་ལ་ཕུལ། སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། ཁྱད་པར་དུ་མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པའི་སྤྱན་སྔར་མདོ་སྔགས་ཀྱི་ཆོས་མང་དུ་གསན་པའི་སྐབས་ཤིག །བླ་མའི་ཞལ་ནས། ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་ཁམས་སྨད་དུ་ཡོད། ཁྱད་པར་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་ཀྱི་བསྟན་པ་གང་འཕེལ་གྱིས། སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་གཙོ་བོར་མཛོད། དེ་དུས་ཁྱོད་ལ་སློབ་མ་མཁས་གྲུབ་གཉིས་འཛོམས་མང་པོ་འོངས་པའི་ནང་ནས་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་བས་དེ་རབ་ཏུ་བྱུང་དུས་བློ་བཟང་གྲགས་པ་ཞེས་མིང་འདི་ཐོགས་ཞེས་གསུངས།
དེ་ནས་བླ་མས་ལུང་བསྟན་པ་བཞིན་སླར་མདོ་ཁམས་སྨད་དུ་བྱོན། ཐོག་མར་ཤ་སྦྲང་གི་གནས་བཙལ་ཏེ་དེར་དགོན་གནས་བཏབ། དེར་ལོ་སྦྲེལ་གྱི་བར་དུ་ཕར་ཚད་ཀྱིས་ཐོག་དྲངས། བྱམས་ཆོས་རྣམས་དང་། བརྟག་གཉིས། སྤྱོད་འཇུག་སོགས་ཀྱི་བཤད་པ་མཛད་ཀྱང་ཐུགས་བཞེད་མ་ཁེངས་པས་ཐུགས་སྐྱོ་ནས་དབོན་པོ་ཤཱཀྱ་བཟང་པོ་གདན་སར་བསྐོས། རང་ཉིད་བྱ་ཁྱུང་གི་གནས་བཙལ་བར་བྱོན།
   དགུ་རོང་བརྒྱུད་བྲག་བྱ་ཁྱུང་མཐོང་བའི་གྲོང་སྣང་རར་བྱོན། ཨ་མེས་དོན་གྲུབ་སེང་གེ་ཞེས་པའི་རྩར་ཕེབས། དེར་དོན་གྲུབ་སེང་གེས་སྦྱིན་བདག་བྱས་ཏེ་སྣང་རའི་གསེང་ཁང་དུ་གྲགས་པ་བཞེངས། དེར་ཚོགས་པ་མང་པོར་ས་སྡེའི་བཤད་པ་ཡང་གནང་བར་གྲགས།
   དེ་ནས་བྲག་བྱ་ཁྱུང་ལ་གཏད་དེ་ཕེབས། རབ་བྱུང་དྲུག་པའི་ས་གླང་ལོ་༡༣༤༩ལ་དགོན་པའི་གཞི་བཏིངས། གཙུག་ལག་ཁང་བཞེངས་པ་ཕྱིས་སུ་མགོན་ཁང་དུ་གྲགས་ཏེ་ད་ལྟའི་འདུ་ཁང་གི་སྟེང་རྒྱབ་ན་ཡོད་པ་དེ་ཡིན་པར་གསུངས། གནས་གཞི་བཏིངས་འཕྲལ་གྲྭ་ཚོགས་བརྒྱ་ཕྲག་བརྒལ་བ་ལ་ཕར་ཚད་ཀྱིས་ཐོག་དྲངས་བྱམས་ཆོས་རྣམས་དང་། བརྟག་གཉིས། སྤྱོད་འཇུག་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད།
   བར་སྐབས་ཤིག་ཆོས་རྗེ་ཉིད་སྐུ་འབུམ་ཆུ་དཀར་རི་ཁྲོད་དུ་ཉམས་བཞེས་མཛད་སྐབས་མཚན་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བས་བྱིན་གྱིས་བརླབ་པར་གསོལ་བ་བཏབ། ཁྱད་པར་དུ་ཞལ་དངོས་སུ་བསྟན་དུ་གསོལ་ཞེས་ཞུས་པས། སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་འོང༌། དེའི་བར་བདེ་བར་གྱིས་གསུངས་བྱུང་བར། དེ་གང་ཡིན་དཔྱད་པས། རྗེ་ཙོང་ཁ་པ་འཇིག་རྟེན་དུ་འབྱོན་པའི་བརྡར་ཤེས་ནས་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པར་དགོངས་ཏེ་གསོལ་ཟན་དང་བདུད་རྩི་རིལ་བུ་བསྲེས་པའི་རིལ་བུ་དང་སྲུང་མདུད། རྡོ་རྗེ་འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན། བུ་ཆུང་གཙང་སྦྲ་དང་བཅས་སྐྱོང་ལུགས་ཀྱི་ཡི་གེ་དང་བཅས་པ་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་ལ་བསྐུར་གནང་མཛད།
   ཕྱི་ཞིག་ན་ཡབ་ཡུམ་གྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ཉིད་སྤྱན་དྲངས། བཀུར་སྟི་ཕུན་སུམ་ཚོགས་པ་མཛད། རྗེ་འདི་བས་ཀྱང་རྟ་ནོར་གོས་དར་སོགས་ཟང་ཟིང་གི་གནང་སྦྱིན་མཛད་ནས་ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་སྩལ་པ་བཞིན་ཡབ་ཡུམ་གྱིས་ཀྱང་དགའ་སྤྲོ་དང་བཅས་འབུལ་བར་ཁས་བླངས། ད་ལྟ་སྐུ་འབུམ་འཇམ་དབྱངས་ཀུན་གཟིགས་ཁང་དུ་བཞུགས་པའི་ཕ་བོང་སྟེང་ཆོས་རྗེ་དོན་རིན་པའི་ཞབས་རྗེས་དང་དབྱུག་པའི་རྗེས་གསལ་བར་བཏོད་ཡོད་པ་འདི་ཡང་དེ་དུས་བྱུང་བར་མངོན་ཞེས་གསུངས། སྐབས་དེར་ཆུ་དཀར་རི་ཁྲོད་ཀྱི་སྒྲུབ་ཕུག་ནང་གི་བྲག་གྱེན་དུ་བཏེགས་པའི་ཕྱག་རྗེས་གཉིས་ཀ་གསལ་བར་བཏོད་པ་ད་ལྟའང་མཇལ་དུ་ཡོད།
   དེ་ནས་རྗེ་ཀརྨ་རོལ་པའི་རྡོ་རྗེ་ཤ་རྫོང་རི་ཁྲོད་དུ་ཕེབས་ནས་བཞུགས་སྐབས་ཡབ་ཀྱིས་ཁྲིད་ནས་རབ་ཏུ་བྱུང་བར་ཞུས་ཀྱང་ད་དུང་གཞོན་ནུར་གྱུར་པས་རབ་ཏུ་བྱུང་མ་རན་གསུངས་ནས་དགེ་བསྙེན་བསྒྲུབས། མཚན་ལ་ཀུན་དགའ་སྙིང་པོར་གསོལ། ཕྱིས་དབུས་སུ་ཕེབས་ཤིག་ཅེས་པའི་ལུང་བསྟན་གནང་།
   དེ་ནས་ཡབ་ཡུམ་གཉིས་ཀྱིས་རྗེ་བླ་མ་ཆོས་རྗེ་དོན་རིན་པ་ལ་འབུལ་བར་མཛད། རྗེ་བླ་མས་ཆོས་རྗེའི་དྲུང་དུ་ཡིག་ཀློག་ལ་བྱང་བར་སྦྱངས། རྗེ་བླ་མ་རབ་ཏུ་མ་བྱུང་བའི་སྔ་རོལ་དུ་ཆོས་རྗེ་ཉིད་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་དང་། འཁོར་ལོ་བདེ་མཆོག་དྲིལ་བུ་ལུགས་དང་། ཀྱེེ་རྡོ་རྗེ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར། གསང་མཚན་དུ་དོན་ཡོད་རྡོ་རྗེ་ཞེས་བཏགས་ཏེ་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད།
   རྗེ་བླ་མ་དགུང་ལོ་བདུན་པའི་ཚེ། ཆོས་རྗེ་དོན་རིན་པས་མཁན་པོ་དང་། ཏཱ་དབོན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་འོད་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ།
   དེ་ནས་རྗེ་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་མཐུན་རྐྱེན་བཅས་དབུས་གཙང་དུ་ཕེབས་པའི་སྐུལ་མ་དང་རྫོངས་པ་མཛད། ཕེབས་ཁར་ཆོས་རྗེ་ཉིད་ཀྱི་ཞལ་ནས། ངས་ཁྱེད་ལ་ཆོས་ཤིག་འཆད་པ་ཡིན། ཅི་འདྲ་ཞིག་འདོད་ཅེས་པ་ལ། སེམས་ལ་ཕན་པའི་ཞལ་ཏ་ཞིག་ཐུགས་ལ་འདོགས་འཚལ་ཞུས་པས། དང་པོ་ཐོས་བསམ་བྱ་ཚུལ། དེ་ནས་དེ་དག་གི་དོན་ཉམས་སུ་བཞེས་ཚུལ། མཐར་བསྟན་འགྲོའི་བྱ་བ་མཛད་ཚུལ་རྣམས་འབྱུང་འགྱུར་ལུང་བསྟན་བསླབ་བྱའི་ཚུལ་དུ་ཚིགས་བཅད་ཀྱི་སྒོ་ནས་རྒྱ་ཆེར་འདོམས་པར་མཛད།
   ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པས་རྗེ་བདག་ཉིད་ཆེན་པོ་སྐུ་བྱིས་པའི་དུས་ཉིད་ནས་བདག་གིར་མཛད་དེ་སྐུ་དྲུང་དུ་སྐྱེད་བསྲིངས་པ་དང༌། འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མ་དང༌། རབ་ཏུ་བྱུང་བ་དང༌། རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་དེ་ལེགས་པར་བསྐྱངས་ཤིང་། ཕྱིས་དབུས་སུ་འབྱོན་པའི་རྫོང་བདའ་བསླབ་འདོམས་གནང་བ་སོགས་བཀའ་དྲིན་ཧ་ཅང་ཆེ་བ་ཞིག་ཡིན། ཕྱིས་རྗེ་བླ་མས་ཀྱང་ཆོས་རྗེ་ཉིད་ཀྱི་མཚན་བརྗོད་པ་ཙམ་ལའང་ཕྱག་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་བསིལ་བ་དང༌། མྱ་ངན་ལས་འདས་ནས་དུས་མཆོད་མ་ཆག་པར་མཛད་པ་སོགས་བཀའ་དྲིན་ཆེ་ཤོས་ཀྱི་བླ་མར་འཛིན་པས། ལེགས་བཤད་གསེར་ཕྲེང་གི་མཆོད་བརྗོད་དུ་ཡང༌། དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང༌། །རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས། །ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་འདུད། །ཅེས་དང༌། སྔགས་རིམ་ཆེན་མོའི་མཛད་བྱང་དུ། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། དོན་གྲུབ་རིན་ཆེན་གྱི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱིས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་སྨིན་པར་མཛད། ཅེས་དང༌། རྟག་ངུའི་རྟོགས་བརྗོད་དུ། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོར་ལེན་ཅིང༌། ཞེས་སོགས་བསྔགས་བརྗོད་ཚད་མེད་པ་གནང་ངོ༌། །
   རབ་བྱུང་དྲུག་པའི་ཤིང་གླང་༡༣༨༥ལོ་ཆོས་རྗེ་ཉིད་དགུང་ལོ་དོན་བདུན་པར་སྐུ་ཞི་བར་གཤེགས་སོ། །སྐུ་གདུང་རིལ་བོ་མ་ཉམས་པ་དྲི་བཟང་པོའི་ཤིང་གི་སྒྲོམ་དུ་བཞུགས་སུ་གསོལ་ཏེ་འབུམ་པ་བཞེངས། ཕྱིས་སུ་ཨ་གྲོ་ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱིས་སོ་ཕག་གིས་སྒྲོན་ཅིང་ལེགས་པར་བཞེངས་པ་དང་། རྒྱལ་བ་བསོད་ནམས་རྒྱ་མཚོའི་བཀའ་ཁྱབ་ལྟར་ཟངས་ཀྱིས་བཏུམས་པ་སོགས་སྲི་ཞུ་རྒྱ་ཆེར་མཛད། ལོ་རེ་བཞིན་དུས་བཟང་ལ་དགོན་པའི་གླིང་དང་གཙུག་ལག་ཁང་དུ་དྲི་བཟང་གིས་ཁྱབ་པ་དང་། སྐུ་གདུང་མཆོད་རྟེན་གྱི་བང་རིམ་ལས་ད་ལྟའི་དུས་སུའང་བདུད་རྩིའི་ཟིལ་བ་འབབ་པ་དེ་ཕྱོགས་ཀྱི་སྐྱ་སེར་རྒན་གཞོན་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པ་ལགས་ཤིང་། བྱ་ཁྱུང་གསེར་གདུང་རིལ་བུ་ཞེས་ཀུན་ལ་གྲགས་སོ། །
གསུང་རྩོམ་ལ། རྒྱུད་བླ་མའི་རྣམ་བཤད་སོགས་ཡོད།

༢༠༡༨.༠༡.༡༢ སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

 

དྲ་ཐོག་འཇུག་དུས། 2015 ལོའི་ཟླ་བ། Sep ཚེས། 11 རེས་གཟའ། Fri

ཡིད་སྐྱོ་བའི་གནས་ཚུལ།

དྲ་འཇུག་པ།

མདང་དགོང་མཁས་ཤིང་གྲུབ་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་དགོངས་པ་གཞན་དུ་གཏད་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག

ཕྱི་ལོ་༢༠༡༥ལོའི་ཟླ་༩ཚེས་༡༡ གི་སྔ་དྲོའི་ཆུ་ཚོད་ ༡།༣༠ སྟེང་མཁས་ཤིང་གྲུབ་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧བློ་བཟང་བསྟན་འཛིན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་བ་དང་། ཆུ་ཚོད་ ༧ པའི་སྟེང་སེར་བྱེས་གྲྭ་ཚང་གི་གཙུག་ལག་ཁང་དུ་གྲྭ་ཚང་བྱེས་སྨད་གཉིས་ཀྱི་བླ་སྤྲུལ་དགེ་བཤེས་དགེ་འདུན་འདུས་པ་རྒྱ་མཚོས་བླ་མཆོད་ཚོགས་འབུལ་སོགས་གནང་བ་དང་། གྲྭ་ཚང་རིན་པོ་ཆེ་དང་། ལྷོ་པ་ཁམས་ཚན། རིན་པོ་ཆེའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་སོགས་ཀྱིས་དགེ་འདུན་འདུས་པའི་སྡེ་ཆེན་པོར་མཆོད་འབུལ་རྒྱ་ཆེར་གནང་སོང་།

༧ སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་ནི། ༡༩༣༡ ལོར་སྐུ་འཁྲུངས། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཆུང་སྲིད་འདི་ཉིད་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང༌། ལོ་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་སྦྱངས། ༡༩༣༧ ལོར་རབ་ཏུ་བྱུང་། ༡༩༤༦ ལོར་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་མཛད། ང་དགུའི་བར་ལོ་བཅུ་གསུམ་གྱི་རིང་བླ་སྤྲུལ་གཞན་ལྟར་བླ་བྲང་དང་། ཕྱག་མཛོད། གསོལ་དཔོན་ཉར་བ་སོགས་གཏན་ནས་མ་མཛད་པར་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་འཚོ་བ་སྐྱོ་བཞེས་དང༌། ཚོགས་ཆོས་ར་འགྲིམས་ཏེ་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་ཚུལ་བཞིན་དུ་མཛད། དགུང་ལོ་ཉི་ཤུའི་ཐོག་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ༡༩༦༥ ནས་༡༩༨༠ བར་སྒོ་ཕྱིར་མ་ཐོན་པར་དགེ་སྦྱོར་འབའ་ཞིག་ལ་གཞོལ་བ་མཛད། དེའི་གོང་དུ་རྒན་ཐུབ་བསྟན་རྒྱལ་མཚན་མཆོག་གི་དྲུང་ནས་སུམ་རྟགས། སྙན་ངག །དཀར་རྩིས། སྒྲ། སྡེབ་སྦྱོར་སོགས་ལའང་སྦྱང་བ་དཔྱིས་ཕྱིན་པ་གནང་། ༡༩༨༥ ལོར་འཕགས་ཡུལ་དུ་ཕེབས། སེར་བྱེས་གྲྭ་ཚང་དུ་གླིང་བསྲེ་དགེ་བཤེས་ཀྱི་དམ་འཇོག་གནང་ཞིང་། རྒྱུན་ཏུ་གྲྭ་ཚང་དུ་སློབ་གཉེར་པ་རྣམས་ལ་དཔེ་ཁྲིད་དང་། ཕྱི་ནང་གི་དོན་གཉེར་ཅན་མང་པོར་དབང་ཆོས་མན་ངག་སོགས་གནང་མུར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡།༣༠ སྟེང་དགོངས་པ་གཞན་དུ་གཏད།

དེ་ཡང་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ཉེ་ལམ་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་རྒྱལ་ས་ལྡི་ལིའི་རསྚི་སན་མགྲོན་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་ལྟར། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེར་ཤིན་ཏུ་ཐུགས་མཉེས་པའི་བཀའ་གནང་དོན།
རིན་པོ་ཆེ་ཐོག་མར་ང་ལ་དོ་སྣང་བྱུང་ཡས་དེ། དབྱར་གྱི་དགག་དབྱེའི་སྐབས་སེ་ར་བ་ཚོ་ལྗོངས་རྒྱུར་ཡོང་ནས་ནོར་བུ་གླིང་གར་མཇལ་ཁ་བྱེད་དུས་སྤྱན་བསལ་ཕོ་བྲང་གི་གཟིམ་ཆུང་ཉི་འོད་ཀྱི་ནང་རེད། ངས་གསལ་པོར་དྲན་པ་ཞིག་ལ་མཇལ་ཁ་བྱེད་དུས་གཟིམ་ཆུང་གི་ཐོག་ནས་མར་ཉི་འོད་རིན་པོ་ཆེའི་མགོ་ལ་ཕོག་འདུག །དེ་དུས་ངོ་ཤེས་ཀྱི་མ་རེད། ཡིན་ནའང་དེ་དུས་རིན་པོ་ཆེའི་མགོ་ལ་ཉི་འོད་ཕོག་འདུག་པ་དང་། སྦྲང་བུ་ཞིག་རིན་པོ་ཆེའི་མགོ་ལ་བབ་འདུག་པ་དེ་ངས་གསལ་པོར་དྲན་གྱི་འདུག །རིན་པོ་ཆེས་དྲན་གྱི་འདུག་གམ་གསུངས་པར། ༼རིན་པོ་ཆེས་དྲན་གྱི་མི་འདུག་ཅེས་ཞུས།༽ དེ་དུས་བླ་མ་བག་དྲོ་པོ་ཞིག་འདུག་བསམ་བྱུང་། སྔོན་མ་དུས་འགྱུར་བྱུང་རྗེས་སུ་ལྷ་སར་གལ་ཆེའི་གནད་ཡོད་མི་སྣ་ཁ་ཤས་ཀྱིས་ངོས་ལ་ཐད་ཀར་འབྲེལ་པ་བྱ་སྟབས་མི་བདེ་བ་མང་པོ་ཞིག་རིན་པོ་ཆེ་བརྒྱུད་ནས་གནང་གི་ཡོད་པ་རེད། མི་དེ་ཚོའི་གྲས་སྙིང་སྟོབས་དང་ལྷག་བསམ་ཧ་ལས་པ་རེད། དེ་དུས་དཀའ་ངལ་ཡོད་པའི་སྐབས་ཡིན་པས་ཕན་ཐོགས་ཞེ་དྲགས་ཆེན་པོ་བྱུང་། དེ་སྔོན་ང་གྲྭ་སྐོར་དམ་བཅའ་འཇོག་སྐབས་རིན་པོ་ཆེ་རྟགས་གསལ་གཏོང་མཁན་གྲས་རེད། དེ་དུས་ཕལ་ཆེར་དབུ་མའི་ཕན་ཡོན་གྱི་སྐོར་ཞིག་ཡིན་ནམ། ཡང་ན་བདེན་གཉིས་རེད་པས། ༼ཞེས་བཀའ་འདྲི་གནང་བར་རིན་པོ་ཆེས་དབུ་མ་བདེན་གཉིས་ཀྱི་སྐོར་རེད་ཅེས་ཞུ།༽ འོ་དེ་དུས་ནས་ང་གཉིས་རྒྱུས་ཡོད་ཆགས་པ་མ་ཟད་ཆོས་གྲོགས་ཀྱང་ཆགས་པ་རེད། ཕྱིས་སུ་རྒྱ་གར་ལ་ཚུར་སླེབས་ནས་གདན་སའི་ཆོས་འཆད་ཉན་དང་དཔེ་ཁྲིད་རྒྱ་ཆེན་པོ་གནང་ནས་ཧུར་ཐག་གནང་བ་རེད། མཛོད་འགྲེལ་མངོན་པའི་རྒྱན་གྱི་སྐོར་ལ་ཧ་ལམ་རིན་པོ་ཆེ་རྒྱུས་ཡོད་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། བསྟན་པའི་འགན་བཞེས་ཏེ་བོད་དང་རྒྱ་གར་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོ་ལ་ཡང་ཆོས་འཆད་སྤེལ་ཚུལ་བཞིན་གནང་ནས་སློབ་མ་མང་པོ་བསྐྱངས་ཡོད་པ་རེད། དེ་དག་ལ་དགའ་བ་བསྒོམས་ནས་ཐུགས་སྨོན་གནང་རྒྱུ་གལ་ཆེན་པོ་རེད་ལ། རིན་པོ་ཆེ་ནས་ཐུགས་སྨོན་གནང་ཡོད་ཤག་རེད། བར་ལམ་ཞིག་ལ་རིན་པོ་ཆེས་དོལ་རྒྱལ་སྐོར་ནུས་པ་ཆ་ཚང་བཏོན་མ་སོང་ཟེར་བའི་མཐོང་ཚུལ་ཞིག་ཡོང་བ་རེད། ཡིན་ནའང་རིན་པོ་ཆེ་རང་ངོས་ནས་སྔ་ཕྱི་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། བླ་མའི་སློབ་མ་ཁ་ཞེ་གཉིས་མེད་ཅིག་གནང་ནས་བཞུགས་པ་རེད། ཞེ་དྲགས་ཡག་པོ་ཡིན། སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་བོད་བསྟན་པ་ཆབ་སྲིད་ཉག་ཕྲ་བའི་སྐབས་ང་དང་མཉམ་དུ་སངས་རྒྱས་ཀྱི་བསྟན་པ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་དཀའ་ལས་བརྒྱབ་པ་རེད། དཀའ་ལས་བརྒྱབ་པའི་ནུས་པ་དང་བག་ཆགས་བཟང་པོ་དེས་ཏན་ཏན་ཚེ་རབས་ནས་ཚེ་རབས་འབྲེལ་པ་ཞིག་ཡོང་གི་རེད་ཅེས་ཞུ་རྒྱུ་བྱུང་། དེ་རིང་ཡང་དེ་དེ་བཞིན་བྱས་ནས་རིན་པོ་ཆེས་ཀྱང་དེ་དེ་བཞིན་མ་འོངས་པར་བསྟན་པ་ལ་བྱ་བ་ད་ལྟ་ནང་བཞིན་མཉམ་དུ་བྱ་རྒྱུའི་དགོངས་པ་བཞེས་དགོས། མི་ཚེ་མཐར་འཁྱོལ་བ་རེད། སྐྱེ་བའི་མཐའ་མ་འཆི་བ་ནི་ང་རང་ཚོ་ཚང་མ་གཅིག་པ་རེད། ང་ཡང་ལོ་རྒན་བརྒྱད་ཅུ་ལ་སླེབས་ཡོད། ཉེ་སྔོན་འཇར་མན་གྱི་སྨན་པ་ངོ་ཤེས་པ་ཞིག་ལ་པུས་མོའི་ན་ཚ་སྟོན་སྐབས། ཁོས་ང་ལ་ལོ་བཅོ་བརྒྱད་མ་རེད་ཅེས་ལབ་པ་རེད། བདེན་པ་རེད། ཡིན་ན་ཡང་བསྡད་པའི་རིང་བློ་འགྱོད་མེད་པ་ཞིག་བྱས་ཡོད་དུས་རིན་པོ་ཆེའི་མི་ཚེ་དོན་དང་ལྡན་པ་བྱུང་བ་རེད། བློ་བདེ་པོ་བྱས་ནས་བཞུགས་ཤིག །ངས་སྨོན་ལམ་དང་སེམས་ནང་འདུན་པ་འདྲ་ག་དུས་ཡིན་ནའང་གཏོང་གི་ཡོད། ཅེས་གནང་འདུག

དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Feb ཚེས། 07 རེས་གཟའ། Sun

ལོ་གསར་གྱི་ཤིས་ཚིག

དྲ་འཇུག་པ།

༄༅། །ཨོྃ་སྭསྟི། བཀྲ་ཤིས་གང་ཞིག་བདེ་དགེའི་དཔལ་གྱིས་༧ འཕགས་མཆོག་རྒྱལ་བའི་ཞབས་པད་རབ་བརྟན་གངས་རིའི་ལུགས་ཟུང་རྒྱས་པར་ཤོག །

བཀྲ་ཤིས་གང་ཞིག་ཐུབ་པའི་ལུགས་བཟང་བཤད་སྒྲུབ་ཟུང་གིས་རབ་ཏུ་རྒྱས་ཏེ་འགྲོ་ཁམས་མོས་ངོར་འཇུག་པར་ཤོག །

བཀྲ་ཤིས་གང་ཞིག་ལེགས་བྱས་ཡངས་པས་འགྲོ་རྣམས་ཞི་བདེ་དཔལ་གྱིས་རབ་འཚོ་ཟས་ནོར་ལོངས་སྤྱོད་རྒྱས་པར་ཤོག །

བཀྲ་ཤིས་གང་ཞིག་གཞན་ཕན་འོད་ཀྱིས་ཡངས་པའི་འཇིག་རྟེན་རབ་ཏུ་འཁྱུད་དེ་དུག་གསུམ་རྩད་ནས་འཇོམས་པར་ཤོག །


                    ཅེས་བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་ཆབས་ཅིག་ལོ་གསར་པའི་ནང་ལ་ཁྱེད་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བ་ཡིན།


སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གི་ལས་བྱེད་ཡོངས་ཀྱིས། ༢༠༡༦།༠༢།༠༧ ལ།

དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། May ཚེས། 02 རེས་གཟའ། Mon

ཡིད་སྐྱོ་བའི་གནས་ཚུལ།

དྲ་འཇུག་པ།
lobsang palden big

ཁ་སང་ཕྱི་དྲོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག་དགོངས་པ་གཞན་དུ་གཏད་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག ཁ་སང་སྟེ་ཕྱི་ལོ་༢༠༡༦ལོའི་ཟླ་ ༥ ཚེས་ ༡ གི་ཕྱི་དྲོའི་༼ཐེ་པེའི་༽ཆུ་ཚོད་ ༨:༡༠ དང་རྒྱ་གར་གྱི་ཆུ་ཚོད་ ༥:༤༠ འི་སྟེང་སེར་བྱེས་གྲྭ་ཚང་གི་མཁན་ཟུར་རིན་པོ་ཆེ་༧སྐྱབས་རྗེ་བློ་བཟང་དཔལ་ལྡན་མཆོག་ཐེ་ཝན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་བ་དང་། གྲྭ་ཚང་བྱེས་སྨད་གཉིས་ཀྱི་ཚོང་ཁང་སོགས་སྒོ་བརྒྱབ་སྟེ་མྱ་ངན་ཞུས་པ་དང་། དམ་པ་ཁོང་གི་སློབ་བུ་གཙོས་འདུས་པ་རྒྱ་མཚོས་བླ་བྲང་དུ་སྨོན་ལམ་དང་དྲང་ངེས་ལེགས་བཤད་སྙིང་པོ་མཚན་གང་ལ་འུར་འདོན་གནང་སོང་།
དེ་ཡང་༧སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག་ནི། ༡༩༣༦ ལོར་བོད་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ཀྱི་སྐབས་དར་རྒྱས་དགོན་གྱི་སློབ་གྲྭར་ཞུགས་ཏེ། དགེ་རྒན་བློ་བཟང་ཚེ་རིང་ཀློག་གི་སློབ་དཔོན་དུ་བསྟེན་ཏེ། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་སྣ་ཚོགས་བློ་འཛིན། བསྡུས་གྲྭ་སོགས་ལ་གསན་སྦྱོང་གནང་། དགུང་ལོ་བཅུ་གསུམ་གྱི་སྐབས་ཐུགས་རྗེ་ཆེན་པོའི་དབང་སོགས་དང་ལམ་རིམ་ཆེན་མོ་སོགས་གསན། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་ཞིང་། ཆོས་རྗེ་དམ་པ་རྒྱུད་སྨད་མཁན་ཟུར་ཨོ་རྒྱན་ཚེ་བརྟན་མཆོག་དང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་བསྟེན་ཏེ་གཞུང་ཆེན་སློབ་གཉེར་གནང་། ལོ་དེའི་ཟླ་བ་བཅུ་གཉིས་པར་བྲག་རི་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། གཞུང་གསར་སྐབས་རིགས་ཆུང་ཚོགས་བཞེངས་གནང་བ་དང་། ༥༩ ལོ་སྟེ་དགུང་ལོ་ཉེར་བཞིར་འཛིན་གྲྭ་དབུ་མ་གསར་པར་ཕེབས་པའི་སྐབས་བོད་དུ་དུས་འགྱུར་བྱུང་སྟེ། སྐྱབས་རྗེ་བླ་མ་རྣམ་པ་གཉིས་དང་ལྷན་དུ་ལྷོ་ཁ་དང་། འཚོ་སྣ། མོན་རྟ་དབང་སོགས་བརྒྱུད་འཕགས་ཡུལ་དུ་ཞབས་སོར་འཁོད། ལོ་དེའི་བོད་ཟླ་དྲུག་པར་སྦག་སར་སློབ་གཉེར་གྱི་འཕྲོ་བསྐྱངས་ཤིང་༧གོང་ས་མཆོག་སོགས་ལས་དབང་ཁྲིད་ལུང་སོགས་ཆོས་བཀའ་གང་མང་གསན། ༥༩ ལོའི་དགུན་ཁར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། ༦༥ ལོར་ཝཱ་ར་ཎ་སིའི་མཐོ་སློབ་ཐོག་མར་འཛུགས་སྐབས་སྦག་ས་ནས་སློབ་གཉེར་བཟང་གྲས་མི་གྲངས་ལྔ་བཅུ་ལྷག་ཕེབས་པའི་ཁོངས་སུ་དམ་པ་འདི་ཡང་ཕེབས་ཏེ། ལོ་དགུའི་རིང་རྒྱལ་རབས་ཆོས་འབྱུང་། གཞུང་ཆེན། ཧིན་དྷི་སོགས་སྦྱངས་ཏེ་ཨ་ཙཱརྱའི་སློབ་ཐོན་ལག་འཁྱེར་བཞེས། ཡོངས་འཛིན་རྣམ་གཉིས་སོགས་ལས་ཀྱང་དབང་དང་བཀའ་ཆོས་གང་མང་ཞུས་ཤིང་། རྒྱུན་དུ་ཐུགས་དམ་གྱི་གཙོ་བོ་དཔེ་གཟིགས་གཙོ་བོར་གནང་། དེ་ནས་རྒྱ་གར་ལྷོ་ཕྱོགས་སེ་རར་ཕེབས་ཏེ་ཚོགས་ཆོས་སློབ་གཉེར་གནང་མུར། སྐབས་དེའི་སྒྲིག་གཞི་ལྟར་ལོ་ངོ་གསུམ་གྱི་རིང་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་ཤིང་། ༧༩ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་རུ་ ༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་བཞུགས་ཀྱི་གཞུང་ས་རང་ནས་དམ་པ་འདི་ལ་ལྷ་རམས་ཨང་དང་པོའི་མཚན་གནས་དང་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་གླེགས་བམ་བཅས་སྩལ། དེ་ནས་སེར་བྱེས་སློབ་གྲྭའི་དགེ་རྒན་དུ་བསྐོས་པ་ལྟར་སློབ་གྲྭའི་དགེ་རྒན་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་མཇལ་བཅར་གྱི་སྐབས་སུ་རྒྱུད་སྨད་དང་གྲྭ་ཚང་གཉིས་ལས་གང་དུ་བསྡད་ན་འོས་ལུགས་དང་བཀའ་བཞིན་བསྒྲུབ་རྒྱུའི་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་མོ་གཟིགས་ཏེ་སེ་རར་བསྡད་ན་དགེ་མཚན་ཆེ་བར་བཀའ་ཕེབས་པ་ལྟར། སེ་རར་བཞུགས་ཏེ་ཞལ་ལག་གི་དུས་མ་གཏོགས་སྔ་དྲོའི་ཆུ་ཚོད་བདུན་པ་ནས་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་བར་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆད་མེད་དུ་གནང་ཞིང་། ༨༢ ལོར་གྲྭ་ཚང་གི་སློབ་གཉེར་དགེ་རྒན་དང་། ༩༠ ལོར་གྲྭ་ཚང་གི་དགེ་བསྐོས་གནང་། ༢༠༠༣ ལོར་སེར་སྐྱ་མང་པོར་སྨན་བླ་སོགས་ཀྱི་རྗེས་གནང་དང་། དཔལ་རྟ་མཆོག་རོལ་པ་ཡང་གསང་ལྷ་དགུའི་དབང་སོགས་ཀྱི་ཆོས་བཀའ་ཡང་མང་དུ་གནང་། ༢༠༠༥ ལོའི་ཕྱི་ཟླ་ ༣ པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་འདི་ལ་སེར་བྱེས་མཁན་རིན་པོ་ཆེའི་ཕྱག་རྟགས་སྩལ་བ་ལྟར། ༢༠༠༥ ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ཞོགས་ཀའི་ཆུ་ཚོད་ ༥ པའི་སྟེང་གྲྭ་ཚང་གི་མཁན་ཁྲིར་ཞབས་སོར་བཀོད་པ་ནས་ལོ་མང་རིང་གྲྭ་ཚང་འདི་ཉིད་ཆོས་སྲིད་གཉིས་ཆ་ནས་དྲིན་གྱིས་བསྐྱངས་ཤིང་། མཁན་རབས་དོན་བཞི་པ་ཡིན། ༢༠༡༢ ལོར་མཁན་པོ་ལས་དགོངས་ཞུས་གནང་སྟེ་དོན་གཉེར་ཅན་མང་པོར་དཔེ་ཁྲིད་དང་ལུང་ཆོས་མན་ངག་གིས་སྐྱོང་བཞིན་བཞུགས་ཤིང། སྐུའི་སྙུང་གཞི་བཅོས་ཕྱིར་ཐེ་ཝན་དུ་སྨན་ཁང་ལ་བཞུགས་ཡོད་ན་ཡང་། ཕྱི་ལོ་༢༠༡༦ལོའི་ཟླ་ ༥ ཚེས་ ༡ གི་ཕྱི་དྲོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ལགས་སོ། །

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས། ༢༠༡༦།༠༥།༠༢ ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།

 

དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Aug ཚེས། 19 རེས་གཟའ། Sun

༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཤིས་ཚིག

དྲ་འཇུག་པ།

གངས་རིའི་སྐྱེ་འགྲོ་གཡང་སར་ལྷགས་སྐབས་བྱམས་བརྩེ་ཕྱག་གིས་གཡས་ནས་བསྐྱོར། །
སྙིམ་པའི་མེ་ཏོག་གཞན་ལ་བྱིན་ཏེ་རང་རིགས་དུཿ ཁའི་གནས་ལས་སྒྲོལ། །
རྗེས་བརྩེ་འོད་ཀྱིས་འགྲོ་བའི་མོས་ཁམས་སྣ་ཚོགས་སྐྱོགས་བརྒྱས་ཐབས་ཀྱིས་དྲངས། །
མཉེས་གཤིན་དྭངས་པས་ས་གསུམ་སྙིང་ལ་ཁྱོད་ནི་སྙིང་གི་ཐིག་ལེ་བཞིན། །

ཞེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་མདུན་བསུ་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཟླ་༧ཚེས་༣ལ།

 

དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Aug ཚེས། 03 རེས་གཟའ། Wed

ཡིད་སྐྱོ་བའི་གནས་ཚུལ།

དྲ་འཇུག་པ།

སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་དོན་ལྔ་པ་དགེ་འདུན་ཆོས་འཕེལ་མཆོག་གློ་བུར་དུ་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག
        ཕྱི་ཟླ་ ༧ ཚེས་ ༣༡ ཉིན་རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་ ༩།༠༥ ཙམ་གྱི་ཐོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་དོན་ལྔ་པ་དགེ་འདུན་ཆོས་འཕེལ་མཆོག་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་ཝིག་རམ་སྨན་ཁང་(Vikram Hospital)དུ་སྐུ་གཤེགས་ཡོད་པ་དང་། གྲྭ་ཚང་གཉིས་ཀྱི་ཟ་ཁང་དང་ཚོང་ཁང་སོགས་སྒོ་བརྒྱབ་སྟེ་མྱ་ངན་ཞུས་ཡོད་པ་དང་། ཕྱི་ཟླ་༨ ཚེས་༡ སྟེ་རེས་གཟའ་ཟླ་བའི་ཉིན་གྱི་དགོང་དྲོའི་ཆོས་རར་སེར་བྱེས་གྲྭ་ཚང་གི་དགེ་འདུན་ཡོངས་ཀྱིས་རྒྱན་འཇུག་གཉིས་གསུངས་ཏེ་ཐུགས་སྨོན་གནང་སོང་།
    སེར་བྱེས་མཁན་རབས་དོན་ལྔ་པ་དགེ་འདུན་ཆོས་འཕེལ་མཆོག་ནི། ཕྱི་ལོ་༡༩༤༡ ལོར་བོད་དཀར་མཛེས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༤༨ལོར་དཀར་མཛེས་དགོན་དུ་སྒྲིག་ཞུགས་གནང་། དགུང་གྲངས་དགུ་པར་འཁྲུངས་གསར་སྐུ་ཕྲེང་ལྔ་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་ལས་དགེ་ཚུལ་གྱི་སྡོམ་པ་བླངས། ཕྱི་ལོ་༡༩༥༥ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་སེར་བྱེས་མཁན་རབས་རེ་དྲུག་པ་རྗེ་བློ་བཟང་དབང་ཕྱུག་མཆོག་དང། རྗེ་བྱམས་པ་བསྟན་བཟང་གཉིས་དགེ་རྒན་དུ་བསྟེན་ཏེ་གཞུང་ཆེན་ལ་སློབ་གཉེར་གནང་། གཞུང་རྙིང་འཛིན་གྲྭའི་སྐབས་སྦྱོར་ལམ་སྔ་རྒོལ་གྱི་རིགས་ཆུང་ཚོགས་ལངས་གནང། ཕྱི་ལོ་༡༩༥༩དུས་འགྱུར་སྐབས་ཁག་ཐེག་རྒན་དགེ་བཤེས་བསྟན་པ་ཉི་མའི་དབུས་དགེ་སློབ་བཅུ་ཕྲག་གཉིས་ལྷག་དང་ལྷན་དུ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བློ་བཟང་དབང་ཕྱུག་མཆོག་གི་ཞབས་ཕྱི་ལ་བཅར་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་གཞུང་ཆེན་སློབ་གཉེར་གྱི་འཕྲོ་བསྐྱངས། ཕྱི་ལོ་༡༩༦༠ལོར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལས་བསྙེན་པར་རྫོགས། མཁན་ཟུར་རིན་པོ་ཆེ་རྗེ་བློ་བཟང་དབང་ཕྱུག་དཔལ་བཟང་པོ་མཆོག་གི་བཀའ་དགོངས་བཞིན་ཟླ་བ་གསུམ་གྱི་རིང་རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་ཐུགས་འཛིན་གནང་སྟེ་ཚར་ཉིས་བརྒྱར་བརྒལ་བ་སྐྱོར་སྦྱང་གནང། རྒན་རྟ་དབྱངས་རྒྱལ་མཚན་ལས་ཀྱང་རྗེ་བཙུན་པའི་ཕར་ཕྱིན་སྤྱི་དོན་སོགས་ཀྱི་དཔེ་ཁྲིད་ཞུ་བ་དང་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བྱམས་པ་ཐེག་མཆོག་ལས་སུམ་རྟགས་ལ་སྦྱང་བརྩོན་གནང་། ཕྱི་ལོ་༡༩༦༩ལོར་སྐབས་དེའི་བྱེས་ཕེབས་ཀྱི་སེ་རའི་དགེ་འདུན་པ་རྣམས་དང་ལྷན་དུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་གནས་སྤར་བ་དང་དེ་གར་མུ་མཐུད་དེ་སྔར་གྱི་གཞུང་ཆེན་སློབ་གཉེར་གྱི་འཕྲོ་བསྐྱངས་ཤིང་། མཁན་ཟུར་རིན་པོ་ཆེའི་རྗེ་བློ་བཟང་དབང་ཕྱུག་མཆོག་གི་མདུན་ནས་སྔགས་ཀྱི་ས་ལམ་དང། རིམ་ལྔ་གསལ་སྒྲོན། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཀྱི་བཀའ་ཁྲིད་དང། རྟ་མགྲིན་ཡང་གསང་གི་བཀའ་དབང་རྣམས་ཞུ། ཕྱི་ལོ་༡༩༧༨ནས་མཁན་ཟུར་རིན་པོ་ཆེ་རྗེ་བློ་བཟང་དབང་ཕྱུག་མཆོག་གི་བཀའ་དགོངས་བཞིན་གསར་བུ་རྣམས་ལ་བསྡུས་གྲྭ་ནས་བཟུང་སྟེ་རིམ་གྱིས་ཕར་ཚད་དང་དབུ་མ། འདུལ་མཛོད་བཅས་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང། ཕྱི་ལོ་༡༩༨༢ལོ་ནས་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ལ་ལོ་ཤས་ཕེབས། བཀའ་རམས་དང་སློབ་དཔོན་གྱི་ཨང་རིམ་དང་པོ་བཞེས། ༡༩༩༠་ལོར་དགེ་བཤེས་ཀྱི་དམ་འཇོག་མཛད། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་ལས་སྔགས་རིམ་ཆེན་མོ་དང་རིམ་ལྔ་གསལ་སྒྲོན། སྙན་ངག་མེ་ལོང་མ་སོགས་ཀྱི་དཔེ་ཁྲིད་ཀྱང་ཞུས། ཕྱི་ལོ་༡༩༩༠ལོར་གྲྭ་ཚང་རིན་པོ་ཆེ་ནས་ཕྱག་རྟགས་སྩལ་བ་བཞིན་མཆོག་སྤྲུལ་བསྟན་འཛིན་འོད་གསལ་རིན་པོ་ཆེའི་ཡོངས་འཛིན་གནང་། ཕྱི་ལོ་༡༩༩༣ ལོར་སེར་བྱེས་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་སློབ་གཉེར་དགེ་རྒན་གནང། ད་ལོའི་ཕྱི་ཟླ་ ༧ ཚེས་ ༡༨ ཉིན་༧གོང་ས་མཆོག་གི་བཀའ་དགོངས་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་དོན་བཞི་པ་རྗེ་བློ་བཟང་བདེ་ལེགས་མཆོག་གི་མཁན་པོའི་ལས་ཡུན་འཁྱོལ་བ་དང་། ཁོང་སེར་བྱེས་གྲྭ་ཚང་གི་མཁན་པོར་བསྐོ་བཞག་གནང་སྟེ་ཁྲི་འདོན་མཛད་ཡོད་པ་རེད། ཡིན་ན་ཡང་ཕྱི་ཟླ་བདུན་པའི་ཚེས་༣༡ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༥ ཙམ་གྱི་སྟེང་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་ཝིག་རམ་སྨན་ཁང་(Vikram Hospital)དུ་སྐུ་གཤེགས་ཡོད་པ་རེད།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས། ༢༠༡༦།༠༨།༠༡ ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།

ངོ་ཤོག 90 ནས་ 114