དྲ་ཐོག་འཇུག་དུས། 2017 ལོའི་ཟླ་བ། Dec ཚེས། 25 རེས་གཟའ། Mon

རྗེ་ཙོང་ཁ་པའི་གསུང་འབུམ་ཡོངས་འཕྲུལ་དེབ་ཏུ་ལེགས་པར་གྲུབ།

དྲ་འཇུག་པ།
ཚད་གཞི།
(3 འོས་འཕེན།)

འདི་ག་རྩོམ་སྒྲིག་ཁང་གི་ལས་བྱེད་ཚོས་ལོ་གཉིས་ལྷག་ལ་ལས་ཞོར་དུ་མ་དཔེ་དང་གཤིབ་བསྡུར་བྱས་ཏེ་རྗེ་ཙོང་ཁ་པའི་གསུང་འབུམ་ཡོངས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་ལེགས་པར་གྲུབ་སོང་།

དེ་ཡང་འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གི་ལས་བྱེད་ཚོས་ལོ་གཉིས་ལྷག་ལ་ལས་ཞོར་དུ་བཀྲ་ཤིས་ལྷུན་པོའི་དཔེ་རིང་མ་དཔེ་རུ་བཟུང་ཞིང་གཞན་ཞོལ་པར་དང་། སྡེ་དགེ་པར་མ། སྐུ་འབུམ་པར་མ། བླ་བྲང་པར་མ་སོགས་དང་གཤིབ་བསྡུར་བྱས་ཏེ་རྗེ་ཙོང་ཁ་པའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ཡོངས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་དེ་རིང་སྟེ་བོད་རྒྱལ་ལོ་༢༡༤༤ལོའི་བོད་ཟླ་༡༡ཚེས་༧ཉིན་དང་ཕྱི་ལོ་༢༠༡༧ལོའི་ཟླ་༡༢ཚེས་༢༥རེས་གཟའ་ཟླ་བའི་ཉིན་ལེགས་པར་གྲུབ་སྟེ་དྲ་ངོས་སུ་བཞག་ཡོད།
  སྤྱིར་འདི་འདྲའི་དྲ་ཚིགས་ཤིག་གསར་བཟོ་བྱེད་པ་ལ་དུས་ཡུན་རིང་པོ་ཞིག་ལ་ཡིག་ཆ་ཁག་སྟེ་རྒྱུ་ཆ་འཚོལ་སྒྲུབ་བྱས་ཏེ་དྲ་ཚིགས་འཆར་འགོད་ཀྱི་མ་ཟིན་སོགས་གྲུབ་མཚམས་ཆེད་ལས་པ་གདན་ཞུས་ཀྱིས་བཟོ་དགོས་ནའང་། ཐོག་མར་འདི་གའི་དྲ་ཚིགས་གསར་བཟོའི་སྐབས་སུ་དྲ་ཚིགས་ལ་མཁོ་བའི་ཡིག་ཆ་སོགས་དང་འཆར་འགོད་ཀྱི་མ་ཟིན་སོགས་གང་ཡང་མེད་པར་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་དྲ་ཚིགས་གསར་བཟོ་བྱེད་དགོས་བྱུང་བས། སྐབས་དེར་དྲ་ཚིགས་ཀྱི་རྒྱུ་ཆ་སྟེ་འཕྲུལ་དེབ་ཀྱི་པར་རྩ་དང་། དཔེ་ཁྲིད། ལོ་རྒྱུས། རྣམ་ཐར། ངོ་སྤྲོད། པར་དང་བརྙན་སོགས་འཚོལ་སྒྲུབ་དང་གསར་རྩོམ་བྱེད་དགོས་པ་དང་། དྲ་ཚིགས་གསར་དུ་འཆར་འགོད་བྱེད་དགོས་བྱུང་བ། འཕྲུལ་དེབ་སོགས་ཀྱི་དཀར་ཆག་གམ་ཚན་པ་ཆེ་ཁག་བཅུ་དང་། ཡན་ལག་གི་དཀར་ཆག་གམ་ཚན་པ་སུམ་བརྒྱར་ཉེ་བ་རེ་རེར་དཀར་ཆག་ངོས་འཛིན་ནམ་ས་ཟིན་ཆེད་འཕྲུལ་དེབ་ཀྱི་སྡེ་ཚན་ལ་གཞུང་ཚན་ཐུང་ངུ་རེ་རྩོམ་སྒྲིག་བྱས་ཏེ་འཇོག་དགོས་པས་ལས་བྱེད་ཚོར་ཆ་བགོས་ཀྱིས་གཞུང་ཚན་ཐུང་ངུ་རེ་མ་དཔེར་གཤིབ་བསྡུར་བྱས་ཏེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་གིས་དྲ་ངོས་སུ་བཞག་པ་ཡིན་ལ། འཕྲུལ་དེབ་གཅིག་དཀར་ཆག་གཉིས་གསུམ་ལ་བེད་སྤྱོད་བཏང་བའང་ཡོད། གཞན་དཔེ་ཁྲིད་སོགས་ལའང་དེ་མཚུངས་ཀྱིས་དངོས་སམ་ཚབ་རེ་གྲ་སྒྲིག་བྱེད་དགོས་པ་དང་། འཕྲུལ་དེབ་དང་དཔེ་ཁྲིད་གང་ཡིན་ཀྱང་དཀར་ཆག་གམ་ཚན་པ་རེ་རེ་ལ་རྩོམ་པ་པོ་དང་གཞུང་ཚན། དཔེ་ཁྲིད། འཁྲིད་མཁན་དང་ཁྲིད་གཞུང་སོགས་ངོ་སྤྲོད་དང་ལོ་རྒྱུས་གསར་རྩོམ་བྱེད་དགོས་པ་སོགས་ལས་བྲེལ་ཞིག་གི་ངང་ལ་དྲ་ཚིགས་གྲུབ་པར་བྱས་ཏེ་སྒོ་འབྱེད་བྱེད་དགོས་བྱུང་པ་དང་། ༼འདི་ག་རྩོམ་སྒྲིག་ཁང་གི་ལས་བསྡོམས་འོག་ཏུ་གསལ།༽དྲ་ཚིགས་གྲུབ་མཚམས་དྲ་ངོས་གཙང་བཤེར་གྱིས་འཕྲུལ་དེབ་སོགས་ཇེ་ལེགས་སམ་ཚབ་རྣམས་ཀྱི་ཆེད་དུ་ཁ་གསབ་བྱེད་དགོས་བྱུང་ནའང་བར་གསེང་ནམ་ཡོད་ལ་ལས་བྱེད་ཚོས་རྗེ་གསུང་འབུམ་མ་དཔེ་དང་གཤིབ་བསྡུར་དང་། ཐོག་མར་མ་དཔེ་ལག་སོན་བྱུང་བ་དེ་བཀྲ་ཤིས་ལྷུན་པོའི་པར་མ་ཡིན་པས་དེ་མ་ཕྱིར་བཟུང་བ་དང་། པོ་ཏི་ཁ་ཤས་ཀྱི་རྗེས་སུ་ཞོལ་པར་དང་། སྡེ་པར། སྐུ་འབུམ་པར་མ། བླ་བྲང་པར་མ། བཀྲ་ཤིས་ལྷུན་པོའི་པར་རྙིང་། མཚོ་སྔོན་པར་མ་བཅས་ཀྱི་པར་བཤུས་ PDF ལག་འབྱོར་བྱུང་བས་དེ་དག་ལའང་གཤིབ་བསྡུར་བྱས་པ་ཡིན་ལ། ལས་བྲེལ་ཅུང་འཇགས་མཚམས་ལས་བྱེད་བཞིས་དམིགས་བསལ་ལས་དོན་གཞན་མ་བྱུང་ཚེ་གཙོ་བོར་རྗེའི་གསུང་འབུམ་གཤིབ་བསྡུར་གྱི་འགན་བླངས་ཏེ་རྗེའི་གསུང་པོ་ཏི་བཅོ་བརྒྱད་ཡོངས་དེ་རིང་དངོས་སུ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་གྲུབ་པ་ལགས་སོ། །

སྦྲེལ་སྣེ། http://www.seranew.serajeyrigzodchenmo.org/index.php/du-rab-14/itemlist/tag/རྗེ་བློ་བཟང་གྲགས་པ།

ཞུ་སྒྲིག་བྱེད་སྟངས་ནི།

  ཞུས་དག་གི་ལས་རིམ་ནི་ཧ་ཅང་རྙོག་འཛིང་ཆེ་ལ། གནད་འགག་ཅན་ཞིག་དང་ཤིན་ཏུ་གལ་ཆེ་བ་ཞིག་ཀྱང་ཡིན། ཞུས་དག་གཏོང་མཁན་རང་ཉིད་ཐུན་མོང་གི་རིག་གནས་ཡོངས་ལ་ནང་བྱན་ཆུད་པ་ཞིག་མེད་ན་ཡང་རྒྱུས་ཡོད་པ་ཞིག་ཡིན་དགོས་ལ། ལྷག་པར་དུ་བརྡ་སྤྲོད་རིག་པའི་ཕྱོགས་ལ་རང་སྐྱ་ཕེར་བ་ཞིག་ངེས་པར་དུ་དགོས་ཤིང་། ཞུས་དག་གཏོང་སའི་གཞུང་གི་གོ་བའང་ཅུང་ཟད་ལེན་ཐུབ་པ་ཞིག་དགོས་པ་དང་། དེ་ལ་དུས་ཡུན་ཡང་གང་མང་ཞིག་གཏོང་དགོས་པ་ཡིན།
  འདི་ག་རྩོམ་སྒྲིག་ཁང་ལ་མཚོན་ན། མ་ཕྱིའི་ཡིག་འགྲོས་སོར་བཞག་བྱ་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེ་བ་དང་། དགེ་མཚན་ཆེ་བར་མཐོང་སྟེ། གཞི་བཅོལ་སའི་པར་གཞི་དེ་ཉིད་དང་བུ་ཡིག་གཉིས་ཞིབ་བསྡུར་བྱས་ཏེ། མ་ཕྱི་ཇི་མ་ཇི་བཞིན་རྩོམ་སྒྲིག་བྱ་རྒྱུ་དང་། མ་ཕྱི་དེར་པར་གཞི་མི་འདྲ་བ་གཞན་ཡོད་ཚེ་པར་གཞི་གཞན་རྣམས་ལ་གཤིབ་བསྡུར་བྱས་ཏེ་མི་འདྲ་བ་གང་ཡོད་ལ་འོག་མཆན་བཀོད་པ་ལས་ཞུས་དག་མི་གཏོང་རྒྱུ་འདེམ་པ་ཡིན།
   པར་གཞི་རྙིང་པ་དག་གི་ནང་དུ་ཡིག་འབྲུ་མི་གསལ་བ་དང་། པར་ཤིང་གི་ཡིག་འབྲུ་ལ་གས་ཆག་དང་། པར་ཡིག་པས་བྲིས་ནོར་ཤོར་བ། བརྐོས་ནོར་དང་། སྣག་ཚ་ཆ་མ་སྙོམས་པ་སོགས་ཀྱིས་ཡིག་ནོར་སོགས་རེ་ཟུང་ཡོད་པ་དག་དང་། གཞི་བཅོལ་སའི་པར་གཞི་ཨ་མ་ལས་མ་བཅོས་ཐབས་མེད་ཀྱི་ཡིག་ནོར་མངོན་གསལ་ཅན་དག་ནི་གཤིབ་སྡུར་བྱེད་སའི་པར་གཞི་གཞན་ལ་ཁུངས་གཏུགས་ཏེ་ནོར་བཅོས་དང་འོག་མཆན་འགོད་པ་ལས་འོལ་ཚོད་དམ་རང་དགར་བཟོ་བཅོས་བརྒྱབ་མེད་ལ། གཤིབ་བསྡུར་བྱེད་སའི་པར་གཞི་གཞན་དེའི་ཡི་གེ་དག་པ་དེ་ཉིད་པར་གཞིའི་གཞུང་དངོས་སུ་མཚམས་རྟགས་བཅས་བཀོད་ཡོད་པ་དང་། གཞུང་དངོས་ཀྱི་ཡིག་ནོར་དེ་ཉིད་དང་པར་གཞི་གཞན་དེའི་ཡི་གེ་དག་པ་དེ་གཉིས་ཀ་ཤོག་གྲངས་སོགས་མཉམ་སྦྱར་གྱིས་འོག་མཆན་དུ་བཀོད་ཡོད།
   གཤིབ་སྡུར་བྱེད་སའི་པར་གཞི་གཞན་མེད་པའམ་པར་གཞི་གཞན་དེར་ཡང་ནོར་ཡོད་ཚེ་གཤིབ་སྡུར་བྱེད་མཁན་རང་ཉིད་གྱིས་ནོར་བཅོས་བྱས་ཏེ་ནོར་བཅོས་ཀྱི་ཡི་གེ་དེ་ཉིད་པར་གཞིའི་གཞུང་དངོས་སམ་གཞུང་དཀྱུས་ཀྱི་ཡི་གེ་དང་མི་ནོར་བའི་ཆེད་སྔོན་དུ་མཚམས་རྟགས་༼ " ༽དང་རྗེས་སུ་མཆན་གྲངས་སྦྱར་ཞིང་། མ་ཕྱིའི་ཡིག་ནོར་དེ་ཉིད་མ་ཕྱིའི་ཤོག་གྲངས་དང་ཡིག་ཕྲེང་གར་ཡོད་ཁ་གསལ་མཉམ་སྦྱར་དང་། པར་གཞི་གཞན་ཡང་ཡོད་ཚེ་པར་གཞི་གཞན་གྱི་ཡིག་ནོར་དེ་ཡང་པར་གཞི་གཞན་དེའི་མིང་༼ མཚོན་རྟགས ༽དང་། ཤོག་གྲངས། ཡིག་ཕྲེང་བཅས་གར་ཡོད་ཁ་གསལ་མཉམ་སྦྱར་གྱིས་འོག་མཆན་དུ་བཀོད་ཡོད།
  གལ་ཏེ་གཞུང་ཡིག་གཅིག་ལ་ལག་ལེན་དང་མི་མཐུན་པའམ་མཐོང་དཀོན་པའི་ཡི་གེ་བྲིས་ཡོད་ནའང་དེ་ཉིད་མ་ཕྱི་དང་གཤིབ་སྡུར་བྱེད་སའི་པར་གཞི་ཚང་མར་གཅིག་མཚུངས་སུ་ཡོད་ཚེ་རང་སོར་འཇོག་རྒྱུ་ལས་བཅོས་མེད་ལ་འོག་མཆན་སོགས་ཀྱང་བཀོད་མེད།
  ཚིག་ཕྲད་སྦྱོར་སྟངས་ལས་པར་གཞི་རྙིང་པ་དག་གི་ནང་དུ་ཚིག་ཕྲད་ཞིང་སོགས་སྦྱོར་སྟངས་ལ་གཅིག་གྱུར་མེད་པ་དང་། བརྡ་སྤྲོད་ཀྱི་གཞུང་མང་ཆེ་བར་གསལ་བའི་ཐོབ་ཚུལ་ལྟར་སྦྱར་མེད་པ་དག་ནི་ཚིག་ཕྲད་དེ་དག་གི་ཐོབ་ཚུལ་གསུངས་པ་ལྟར་སྦྱར་ཏེ་གཅིག་གྱུར་འོང་ཐབས་བྱས་ཡོད་ལ། པར་གཞིའི་ཚིག་ཕྲད་ཀྱི་ཡི་གེ་དེ་ཉིད་འོག་མཆན་དུ་བཀོད་ཡོད། གཞན་ད་དྲག་འདོད་མིན་སོགས་ཀྱི་ཁྱད་པར་ལས་ཚིག་ཕྲད་སྦྱོར་སྟངས་མི་འདྲ་བར་འབྱུང་བ། དཔེར་ན། ཡིན་ཀྱང་། ཡིན་ཡང་ལྟ་བུའི་རིགས་ནི་མ་ཕྱིའི་པར་གཞིར་གང་ཡོད་སོར་བཞག་བྱས་ཏེ་པར་གཞི་གཞན་གྱི་སྦྱོར་སྟངས་མི་འདྲ་བ་ཡོད་ཚེ་དེ་ཉིད་འོག་མཆན་དུ་བཀོད་ཡོད། བདག་སྒྲའི་པ་བ་དང་མིང་མཐའི་པ་བའི་སྦྱོར་སྟངས་ནི་པར་རྙིང་དག་ལས་འབྱུང་བའི་སྦྱོར་ཚུལ་དེ་ལ་གོ་རྒྱུ་ཆེ་བས། མ་ཕྱིའི་པར་གཞིར་པར་རྙིང་དག་ལྟར་སྦྱར་ཡོད་ཚེ་རང་སོར་བཞག་ཡོད་ལ། པར་རྙིང་དག་དང་མི་མཐུན་པར་བརྡ་སྤྲོད་ཀྱི་གཞུང་ཁ་ཤས་སུ་གསལ་བའི་ཐོབ་ཚུལ་ཏེ་བདག་སྒྲའི་པ་བ་ཚིག་ཕྲད་གཞན་དབང་ཅན་དུ་བཞེད་པའི་ཐོབ་ཚུལ་དེ་ཉིད་ལག་ལེན་བསྟར་ཡོད་པ་དག་ནི་པར་གཞི་གཞན་དང་གཤིབ་བསྡུར་དང་། པར་གཞི་གཞན་མེད་ཚེ་གཞུང་ཡིག་པ་བ་དག་འོག་མཆན་དུ་བཞག་སྟེ་གཞུང་དཀྱུས་སུ་པར་རྙིང་དག་གི་སྦྱོར་ཚུལ་ལམ་ཚིག་ཕྲད་རང་དབང་ཅན་གྱི་ཐོབ་ཚུལ་དེ་ཉིད་ལག་བསྟར་གྱིས་གཞུང་དཀྱུས་སུ་མཚམས་རྟགས་དང་མཆན་གྲངས་བཅས་བཟོ་བཅོས་བརྒྱབ་ཡོད།
  ཡང་བྱ་ཚིག་སོགས་སྤྱོད་སྟངས་ལ་བརྡ་སྤྲོད་ཀྱི་གཞུང་གི་སྒྲིག་སྲོལ་དང་། ལག་ལེན་སོགས་ཀྱི་དབང་གིས་བྱ་ཚིག་སྦྱོར་སྟངས་མི་འདྲ་བར་འབྱུང་བ་དག་ཀྱང་མ་ཕྱིར་གང་ཡོད་རང་སོར་བཞག་པ་ལས་ཕྱོགས་གཅིག་དང་མི་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་བཟོ་བཅོས་བརྒྱབ་མེད།
  འོག་མཆན་འགོད་སྐབས། ཡིག་གཟུགས་གཅིག་ཉིད་ལ་པར་གཞི་དག་ལས་མི་མཐུན་པའམ་མི་འདྲ་བ་བསྐྱར་མར་འབྱུང་བ་དང་། ཤོག་ངོས་གཅིག་གི་ནང་དུ་དེ་འདྲ་མང་དུ་འབྱུང་བ་དག་ལ་པར་ངོས་གཙང་མ་འོང་བ་སོགས་ཀྱི་ཆེད་དུ་དང་པོ་དེར་འོག་མཆན་བཀོད་ཅིང་གུག་རྟགས་སུ་གསལ་བཤད་མཉམ་སྦྱར་བྱས་ཏེ་གཞན་རྣམས་ལ་གཞུང་དཀྱུས་སུ་མི་མཐུན་པའམ་མི་འདྲ་བའི་ཡི་གེ་དེ་ཉིད་ཀྱི་གོང་དུ་མཚམས་རྟགས་ལས་འོག་མཆན་བཀོད་མེད།
ཤད་འཇོག་སྟངས་ལྟ་བུར་མཚོན་ན། མ་ཕྱིའི་པར་གཞི་ཁ་ཤས་སུ་རྩ་བ་ལུང་འདྲེན་དང་། གཞུང་འགྲེལ་ལྟ་བུར་གང་འགྲེལ་སའི་གཞུང་དྲངས་པ། ཡང་ན་གཞུང་གཞན་ལས་དྲངས་པ་ལྟ་བུའི་མཇུག་ཏུ་དང་ཚིག་བརྗོད་དེ་ཉིད་རྫོགས་མེད་པ་མཚོན་ཕྱིར་དུ་ཤད་གཉིས་ཐོབ་པ་དག་ལའང་དེ་ཉིད་གཞན་ལས་དྲངས་པ་སོགས་ཤེས་ཆེད་ཤད་གཅིག་ལས་བཞག་མེད་པ་དག་ཀྱང་མ་ཕྱི་ལྟར་རང་སོར་བཞག་ཡོད་ལ། སྤྱིར་ཀ་ག་ཤ་གསུམ་ལ་ཆིག་ཤད་ཀྱི་སྐབས་སུ་ཤད་མི་སྦྱོར་བ་དང་ཉིས་ཤད་ཀྱི་སྐབས་སུ་ཤད་གཅིག་ལས་སྦྱོར་མི་དགོས་པའི་སྲོལ་ཡོད་ནའང་། ཤིང་པར་རྣམས་སུ་ཤད་ཐོབ་སའི་ཡི་གེ་དེ་གསུམ་རྗེས་ཀྱི་ཡི་གེ་དང་ཚེག་ཁྱིམ་གཅིག་ཏུ་མི་ནོར་བའི་ཆེད་ཤད་བཞག་ཡོད་པ་ལྟར་འདིར་ཡང་ལག་ལེན་དེའི་རྗེས་སུ་འབྲངས་ཡོད། ཡིག་ཕྲེང་གཅིག་གི་འགོ་བཟུང་སྐབས་རྗེས་སུ་ཤད་ཐོབ་པའི་ཡིག་རྡོག་གཅིག་༼ ཡིག་རྡོག་གཅིག་ནི། སྔོན་རྗེས་མཐོང་རྒྱུ་མེད་པའི་མིང་གཞི་རྐྱང་པ་དང་བརྩེགས་འདོགས་ཅན་རྣམས་ཀྱང་ཡིག་རྡོག་གཅིག་ལ་བརྩིས་དགོས། དཔེར་ན། [ ཀ ] [ ཀོ ] [ སྐ ] [ སྐྲ ] [ སྐྲོ ] ལྟ་བུ། ༽ཅན་གྱི་རྗེས་སུ་ཤད་ཀྱི་ཚབ་ཏུ་རིན་ཆེན་སྤུངས་ཤད་སྦྱར་ཡོད། དེ་ཡང་རིན་ཆེན་སྤུངས་ཤད་ཀྱི་དགོས་དོན་ནི་ཐིག་འགོའི་ཡིག་རྡོག་དེ་ཉིད་ཀྱིས་ཚུགས་ཐུབ་ཆེད་དུ་ཡིན་པས་སྤུངས་ཤད་གཉིས་སྦྱོར་སྲོལ་མེད་པ་དང་། སྤྱིར་ཀ་ག་ཤ་གསུམ་གྱི་རྐང་པས་ཆིག་ཤད་ཀྱི་གོ་ཆོད་ནའང་རིན་ཆེན་སྤུངས་ཤད་ཀྱི་གོ་མི་ཆོད་པས་དེ་དག་གི་རྗེས་སུའང་སྤུངས་ཤད་བཅར་པའི་ཚུལ་དུ་སྦྱར་ཡོད། དམིགས་བསལ་འཕྲུལ་དེབ་སྒྲིག་བྱེད་ཀྱི་མཉེན་ཆས་ནང་དུ་ཡིག་སྙོམས་བཟོས་ཡོད་པས་ཡིག་རྡོག་ཁ་ཤས་ཀྱི་རྗེས་སུ་སྤུངས་ཤད་སྦྱར་ཚེ་ཡིག་ཕྲེང་གོང་མའི་རྗེས་སུ་ཤོར་འགྲོ་བའི་རིགས་ལ་སྤུངས་ཤད་སྦྱར་མེད། EPUB རྩོམ་སྒྲིག་གི་སྐབས་སུ་འཕྲུལ་དེབ་ཀྱི་སྒྲོམ་གཞི་ཆེ་ཆུང་སོགས་འགུལ་སྐྱོད་རང་དབང་བ་ཡིན་པས་སྤུངས་ཤད་ཀྱི་དགོས་དོན་སྟོར་འགྲོ་བས་ EPUB རྩོམ་སྒྲིག་གི་སྐབས་སུ་སྤུངས་ཤད་སྦྱར་མེད།
 དཀར་ཆག་འཇོག་སྟངས་ལ་མཚོན་ན། གཞུང་གི་ས་བཅད་དམ་གཞུང་ཚན་ཆེ་ཆུང་གཞིར་བཟུང་གིས་མང་ཉུང་འཚམ་པར་དཀར་ཆག་བསྒྲིགས་ཡོད་ལ། གཞུང་དཀྱུས་སུ་ཡིག་ལྷད་མི་འབྱུང་བའི་ཆེད་དུ་ས་བཅད་དེ་ཉིད་རང་སོར་དཀར་ཆག་ཏུ་ཐོ་འགོད་བྱས་ཡོད། དཀར་ཆག་ཏུ་འགྲོ་རྒྱུའི་ས་བཅད་ལ་དང་པོ་ནི་ལྟ་བུ་ལས་མེད་ཚེ། དང་པོ་གང་ཡིན་རྩད་བཅོད་བྱས་ཏེ་དེ་ཉིད་གུག་རྟགས་ནང་དུ་བཞག་ཅིང་གཞུང་དཀྱུས་དང་མི་ནོར་བའི་ཆེད་དེ་ཉིད་ཡིག་ཆུང་བྱས་ཡོད། དཔེར་ན། དང་པོ་༼ མཚན་དོན ༽ནི། ལྟ་བུ། གསུང་འབུམ་གྱི་དཀར་ཆག་སྐབས། ཤོག་གྲངས་ཇེ་མང་དུ་མི་འགྲོ་བ་དང་། རྩོམ་སྒྲིག་དང་འཕྲུལ་དེབ་ཁ་ཕྱེ་སླ་བར་དམིགས་ཏེ་གཞུང་ཚན་གང་ཡོད་ཀྱི་མཚན་བྱང་དེ་ཉིད་དཀར་ཆག་ཏུ་བསྒྲིགས་པ་ལས་ནང་གསེས་ཀྱི་དཀར་ཆག་བསྒྲིགས་མེད།
  རྩོམ་སྒྲིག་བྱས་པའི་འཕྲུལ་དེབ་ཀྱི་གཞུང་དཀྱུས་ཀྱི་དཀར་ཆག་ཏུ་ཐོ་འགོད་བྱས་ཡོད་པ་དེའི་སྟེང་དུ་མཛུབ་ནོན་བྱས་ཚེ་སྔོན་གྱི་དཀར་ཆག་ཏུ་ཕྱིར་སློག་བྱེད་པ་དང་། དཀར་ཆག་གང་རུང་ཞིག་གི་སྟེང་དུ་མཛུབ་ནོན་བྱས་ཚེ་དེའི་དོན་གསལ་བའི་གཞུང་དཀྱུས་སུ་འགྲོ་བ། དེ་བཞིན་དུ་རྒྱབ་ཤོག་གི་སྨད་ཀྱི་སུམ་ཆ་གཅིག་ཙམ་གྱི་ས་ཁོངས་གང་རུང་ཞིག་ལ་མཛུབ་ནོན་བྱས་ཚེ་དཀར་ཆག་ཏུ་འགྲོ་བ་དང་། མཇུག་གི་ཤོག་ངོས་ཀྱི་འོག་ཏུ་དབུ་གཟིགས་ལ་ཕེབས་པར་ཞུ་ཞེས་པར་མཛུབ་ནོན་བྱས་ཚེ་མདུན་ངོས་ལ་འགྲོ་བ་སྟེ་ཀློག་པ་པོར་སྟབས་བདེ་འོང་ཆེན་ཡར་མར་ཕན་ཚུན་ཕྱིར་སློག་བྱས་ཆོག་པར་བཟོས་ཡོད་ཅིང་། གོང་གི་འདི་གའི་དྲ་ཚིགས་དང་ཡིག་སྒམ་གྱི་དབྱིན་ཡིག་གི་ཁ་བྱང་གང་ཞིག་ལ་མཛུབ་ནོན་བྱས་ཀྱང་དེ་གཉིས་སོ་སོ་ནས་ཁ་ཕྱེ་འོང་བར་བྱས་ཡོད།
  རྩོམ་སྒྲིག་བྱེད་སའི་མཉེན་ཆས་ ID ནང་དུ་རྩོམ་སྒྲིག་དང་། འཕྲུལ་དེབ་ཁ་ཕྱེ་སླ་བ། ཀློག་པ་པོས་ཀློག་སྤྲོ་བ་སོགས་ཀྱི་ཆེད་དུ་འཕྲུལ་དེབ་ཀྱི་ཤོག་ངོས་རེ་རེར་དོན་ཚན་ཆེ་ཆུང་ལ་དཔགས་ཏེ་ཡིག་ཕྲེང་མར་ཕབ་ཡོད་ལ། ཤོག་གྲངས་ཧ་ཅང་མང་བའི་གཞུང་དག་ལ་ཡིག་ཕྲེང་མར་ཕབ་པ་དེས་འོག་གི་ཡིག་ཕྲེང་དང་ཤོག་གྲངས་ཇེ་མང་དུ་མི་འགྲོ་བར་བསམ་བློ་གཏོང་དགོས་པས་དོན་ཚན་ཆེ་འབྲིང་ཆུང་གསུམ་གང་རུང་ཞིག་གི་མཇུག་ཡིན་མིན་ལ་མ་བལྟོས་པར་གཞུང་མཚམས་གང་རུང་ཞིག་ནས་མར་ཕབ་ཡོད།
  ནོར་བཅོས་སོགས་མ་ཕྱིའི་གཞུང་དཀྱུས་སམ་གཞུང་ཡིག་ལ་འགྱུར་བ་ཆེ་ཆུང་གང་འདྲ་ཞིག་བཏང་ནའང་ཡི་གེ་དེ་ཉིད་ཀྱི་སྔོན་དུ་མཚམས་རྟགས་༼ " ༽དང་། རྗེས་སུ་མཆན་གྲངས་སྦྱར་ཏེ་དེ་ཉིད་མ་ཕྱིའི་གཞུང་ཡིག་དང་མི་ནོར་བར་བྱས་ཡོད་ལ། མ་ཕྱིའི་གཞུང་ཡིག་ཉིད་མ་ཕྱིའི་ཤོག་གྲངས་དང་ཡིག་ཕྲེང་མཉམ་སྦྱར་གྱིས་འོག་མཆན་དུ་བཀོད་པ་དང་། གཞུང་དཀྱུས་སུ་མཚམས་རྟགས་དང་མཆན་གྲངས་གཉིས་ཀྱི་བར་དུ་བཞག་ཡོད་པའི་ཡི་གེ་དེ་ཉིད་པར་གཞི་གཞན་ལས་བྱུང་བ་ཡིན་ཚེ་འོག་མཆན་དུ་པར་གཞི་གང་ཡིན་གྱི་མཚོན་རྟགས་མཉམ་སྦྱོར་བྱས་ཡོད། གཞུང་ཡིག་མཆན་རྟགས་ཅན་གང་ཞིག་ལ་འོག་མཆན་དུ་མ་ཕྱིའི་ནོར་བཅོས་སོགས་ཀྱི་ཡི་གེ་དེ་ཉིད་དང་། མཆན་རྟགས་ཅན་གྱི་ཡི་གེ་དེ་ཉིད་པར་གཞི་གཞན་གྱི་ཡིན་ཚེ་དེ་ཉིད་ཀྱི་ཤོག་གྲངས་དང་ཡིག་ཕྲེང་མཉམ་སྦྱར་བྱས་ཏེ་འོག་མཆན་དུའང་བཀོད་ཡོད་ལ། གཞུང་དཀྱུས་ཀྱི་མཆན་རྟགས་ཅན་གྱི་ཡི་གེ་གང་ཞིག་འོག་མཆན་དུ་རང་རྟགས་སྦྱར་ཡོད་པ་དག་ནི་གཤིབ་སྡུར་བྱེད་མཁན་གྱི་ཡིན།
  གཞན་ཞུ་སྒྲིག་པས་ནོར་བཅོས་ཀྱི་ཡི་གེ་དང་། མཚམས་རྟགས། མཆན་གྲངས་རྣམས་བླངས་ཏེ་མཆན་གྲངས་ལྟར་གྱི་འོག་མཆན་གྱི་གཞུང་ཡིག་དག་ཚུར་དྲངས་ཏེ་གཞུང་དཀྱུས་དང་སྦྱར་ན། གཞུང་དེ་དང་དེའི་མ་ཕྱིའམ་གཞི་བཅོལ་སའི་པར་གཞི་དངོས་ཇི་མ་ཇི་བཞིན་འབྱུང་ངོ་། །
  ཐེངས་འདིར་ང་ཚོས་རྩོམ་སྒྲིག་བྱས་པའི་རྗེ་གསུང་འབུམ་གྱི་འཕྲུལ་དེབ་འདི་གཙོ་བྱས་པའི་དྲ་ངོས་ཀྱི་འཕྲུལ་དེབ་སོགས་ལ་ནོར་འཁྲུལ་སོགས་གཟིགས་ཚེ་འདི་གར་འབྲེལ་གཏུགས་ཀྱིས་ཁ་གསལ་ངོ་སྤྲོད་གནང་ན། འདི་ནས་ནོར་འཁྲུལ་ངོས་ལེན་གྱིས་ཡོ་བསྲང་དང་། པར་གཞིར་བསྐྱར་ཞིབ་དང་ལེགས་སྒྲིག་བྱེད་ངེས་ཡིན་ལ། ང་ཚོ་ཚང་མས་དཔུང་པ་མཉམ་འདེགས་དང་ཁུར་མཉམ་ལེན་བྱས་ཚེ་མ་འོངས་པར་འཕྲུལ་དེབ་སོགས་ཀྱི་སྤུས་ཀ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ངེས་ལགས་ན་དགོངས་འཆར་དང་རྒྱབ་སྐྱོར་གང་མང་གནང་རྒྱུ་མཁྱེན་མཁྱེན།

༈ སྤྱིར་སེར་བྱེས་རིག་མཛོད་ཀྱི་དྲ་ཚིགས་ལ་སྡེ་ཚན་མི་འདྲ་བ་བཅུ་ཕྲག་ལྷག་ཡོད་པ་ལས་གཙོ་ཆེ་བ་དག་ནི།
༡ ༽ འཕྲུལ་དེབ་ཀྱི་སྡེ་ཚན།      ༢ ༽ དཔེ་ཁྲིད་སོགས་སྒྲའི་སྡེ་ཚན།༼ སྒྲ་མཛོད། ༽
༣ ༽ གསུང་ཆོས་སོགས་བརྙན་གྱི་སྡེ་ཚན།༼ བརྙན་མཛོད། ༽      ༤ ༽ གསར་འགྱུར་གྱི་སྡེ་ཚན།
༥ ༽ ངོ་སྤྲོད་ཀྱི་སྡེ་ཚན།      ༦ ༽ ལོ་རྒྱུས་ཀྱི་སྡེ་ཚན།
༧ ༽ གསལ་བཤད།      ༨ ༽ གསལ་བསྒྲགས།
༩ ༽ པར་མཛོད།      ༡༠ ༽ བཀའ་སློབ། བཅས་ཡིན།

༡ ༽ དེ་དག་ལས་གཞུང་ཆེན་སོགས་སློབ་གཉེར་བའི་དགོས་མཁོར་དམིགས་ཏེ་འཕྲུལ་དེབ་ཁྱོན་བསྡོམས་( ༣༠༦ ) རྩོམ་སྒྲིག་བྱས་ཏེ་ལྟ་ཀློག་དང་མཉམ་དུ་དཔེ་ཁྲིད་ཡོད་པ་དག་ལ་དཔེ་ཁྲིད་ཀྱི་དྲ་སྣེ་དང་མཉམ་སྦྱར་གྱིས་དྲ་ཚིགས་སུ་བཞག་ཡོད།
༢ ༽ སྒྲ་མཛོད་ཀྱི་ནང་དུ་གཞུང་ཆེན་སོགས་ཀྱི་དཔེ་ཁྲིད་( ༤༠༥ ) འཚོལ་བསྡུ་བྱས་ཏེ་ mp3. བཟོ་བ་དང་ཕབ་ལེན་སོགས་ཀྱི་ཆེད་དུ་ལྗིད་ཚད་ཇེ་ཆུང་དུ་གཏོང་བ་དང་མི་གསལ་རྣམས་ཇེ་གསལ་དུ་གཏོང་བ་སོགས་ཀྱི་སྒྲིག་སྦྱོར་དང་ཁྲིད་གཞུང་གི་འཕྲུལ་དེབ་ཡོད་པ་དག་ལ་དྲ་ཚིགས་ཀྱི་སྦྲེལ་སྣེ་མཉམ་སྦྱར་བྱས་ཏེ་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དང་སྒྲ་རྐྱང་པ་ཉན་བྱེད་ཀྱི་མཉེན་ཆས་ ( SoundCloud ) གཉིས་སུ་བཞག་ཡོད།
༣ ༽ བརྙན་མཛོད་ཀྱི་ནང་དུ་མཛད་རྣམ་སོགས་བརྙན་མི་འདྲ་བ་བརྒྱ་ཕྲག་ལྷག་སྒྲིག་སྦྱོར་བྱས་ཏེ་བཞག་ཡོད།
༤ ༽ གསར་འགྱུར་གྱི་སྡེ་ཚན་གྱི་ནང་དུ་གྲྭ་ཚང་གི་མཛད་རིམ་ཆེ་ཁག་གིས་མཚོན་གསར་འགྱུར་མི་འདྲ་བ་( ༧༩ ) བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༥ ༽ ངོ་སྤྲོད་ཀྱི་སྡེ་ཚན་ནང་དུ་དུས་ཆེན་ཁག་སོགས་ཀྱི་ངོ་སྤྲོད་མི་འདྲ་བ་བཅུ་གཅིག་( ༡༡ ) བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༦ ༽ ལོ་རྒྱུས་ཀྱི་སྡེ་ཚན་གྱི་ནང་དུ་སེ་རའི་ལོ་རྒྱུས་དང་གྲྭ་ཚང་གི་ལོ་རྒྱུས་དང་ཚོགས་པ་ཁག་སོགས་ཀྱི་ངོ་སྤྲོད། གྲྭ་ཚང་ཕྱག་བཏབ་པ་ནས་ད་ལྟའི་བར་གྱི་མཁན་རབས་རིམ་བྱོན་གྱི་མཚན་ཐོ་དང་མཁན་རབས་སུམ་ཅུ་ལྷག་གི་ལོ་རྒྱུས། གྲྭ་ཚང་རང་ནས་བྱོན་པའི་དགའ་ལྡན་ཁྲི་པ་རིམ་བྱོན་གྱི་མཚན་ཐོ་དང་ཁྲི་ཆེན་བཅོ་ལྔའི( ༡༥ )ལོ་རྒྱུས། གྲྭ་ཚང་རང་ནས་ཕེབས་པའི་བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་མཁས་དབང་རིམ་བྱོན་གྱི་མཚན་ཐོ། གྲྭ་ཚང་རང་ནས་ཕེབས་པའི་རྒྱུད་སྟོད་སྨད་ཀྱི་མཁན་པོ་རིམ་བྱོན་གྱི་མཚན་ཐོ་དང་མཁན་པོ་རྣམས་ཀྱི་ལོ་རྒྱུས་སོགས་བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༧ ༽ པར་མཛོད་ཀྱི་ནང་དུ་གྲྭ་ཚང་གི་ལོ་རྒྱུས་ཐོག་ལ་གལ་ཆེ་བའི་པར་རྙིང་སོགས་པར་སྣ་མི་འདྲ་བ་ཉིས་བརྒྱ་ལྷག་འཚོལ་བསྡུ་བྱས་ཏེ་དྲ་ཚིགས་སུ་བཞག་ཡོད།
༨ ༽ གཞན་འཕྲུལ་དེབ་ཀྱི་གཞུང་མཛད་པ་པོའི་རྣམ་ཐར་མི་འདྲ་བ་བརྒྱ་ཕྲག་ལྷག་རྒྱས་བསྡུས་མི་འདྲ་བ་གཉིས་རེ་གསར་རྩོམ་བྱས་ཏེ་འཕྲུལ་དེབ་དང་དྲ་ངོས་སུ་བཞག་ཡོད།
༩ ༽ དཔེ་ཁྲིད་གནང་མཁན་གྱི་ལོ་རྒྱུས་མི་འདྲ་བ་བརྒྱ་ཕྲག་ལྷག་གསར་རྩོམ་བྱས་ཏེ་དྲ་ངོས་སུ་བཞག་ཡོད།
༡༠ ༽ དྲ་ཚིགས་ཀྱི་དཀར་ཆག་སྡེ་ཚན་ཆེ་བ་བཅུ་ལྷག་དང་། ཡན་ལག་གི་དཀར་ཆག་ཉིས་བརྒྱ་དང་ལྔ་བཅུ་ལྷག་འཆར་འགོད་དང་གསར་རྩོམ་བྱས་ཡོད།
༡༡ ༽ འཕྲུལ་དེབ་དང་སྒྲ་མཛོད་བརྙན་སོགས་ལ་དྲ་ངོས་སུ་ངོ་སྤྲོད་ཚན་པ་གཉིས་རེ་བཅས་ཁྱོན་བསྡོམས་ངོ་སྤྲོད་ཚན་པ་ཆིག་སྟོང་ལྔ་བརྒྱ་ལྷག་གསར་རྩོམ་དང་སྒྲིག་བཀོད་བྱས་ཡོད།
༡༢ ༽ བཀའ་བསྟན་སོགས་གསུང་རབ་ཀྱི་པར་རྩ་ (pdf) ནང་དུ་ཡོད་པ་ཁྲི་གཅིག་ལྷག་འཚོལ་བསྡུ་བྱས་ཡོད་ལ། (word) ནང་དུ་ཡོད་པ་གཤིབ་བསྡུར་བྱས་ཏེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཆོག་པའི་པར་རྩ་སྟོང་ཕྲག་ཁ་ཤས་དང་། ཞུས་དག་སོང་བའི་པར་རྩ་བརྒྱ་ཕྲག་གཅིག་ལྷག་འཚོལ་བསྡུ་བྱས་ཡོད།
༡༣ ༽ རིག་མཛོད་དཔེ་ཚོགས་ཀྱི་ངོ་བོར་དཔེ་ཆ་དྲུག་རྩོམ་སྒྲིག་བྱས་ཡོད།
༡༤ ༽ གཞན་དགེ་རྒན་གདན་འདྲེན་ཞུས་ཏེ་རྩོམ་སྒྲིག་ཁང་གི་ལས་བྱེད་རྣམས་ལ་ལོ་གཉིས་ལ་དྲ་རྒྱ་སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཟླ་གསུམ་རེར་སྤྲད་ཡོད།
༡༥ ༽ ཁྱོན་བསྡོམས་ལོ་རྒྱུས་སོགས་གསར་རྩོམ་བྱས་ཏེ་བྲིས་པ་ཤོག་གྲངས་ A4 ཅན་༢༢༥༦ ལྷག་དང་ཡིག་འབྲུ་འབུམ་ཕྲག་ཁ་ཤས་བྱུང་ཡོད།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༡༢།༢༥ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 3849 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2018 ལོའི་ཟླ་བ། Aug ཚེས། 19 རེས་གཟའ། Sun
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

སྡེ་ཚན་འདིའི་ནང་དུ་མང་། ལོ་འཁོར་རྩོད་རྒྱུགས་དབུ་འཛུགས་བྱས། »