- མདུན་ངོས།
- འཕྲིན་གསར།
- ཕྱོགས་གཞན་གྱི་གནས་འཕྲིན།
ཕྱོགས་གཞན་གྱི་གནས་འཕྲིན། (10)
དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་དགོངས་པ་གཤེགས་པར་ཡིད་སྐྱོའི་གནས་ཚུལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།
རང་ཅག་རི་བོ་དགེ་ལྡན་པ་རྣམས་ཀྱི་བསྟན་པའི་སྲོག་ཤིང་དུ་གྱུར་པ་དགའ་ལྡན་ཁྲི་རབས་ ༡༠༢ སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རི་རྫོང་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་ཐུན་མོང་གདུལ་བྱ་དམ་པའི་ཆོས་ལ་བསྐུལ་ཕྱིར་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། འདི་གའི་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་ཡོངས་ནས་མྱ་ངན་གུས་འདུད་དང་བཅས་། ཞལ་སློབ་རི་བོ་དགེ་ལྡན་པ་ཡོངས་དང་། ལྷག་པར་དུ་བླ་བྲང་སྐུ་འཁོར་བ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་།
མགོན་པོ་མཆོག་གི་ཟག་མེད་ཐུགས་ཀྱི་དགོངས་པ་ཟབ་མོ་རྣམས་ཡོངས་སུ་རྫོགས་ཏེ། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་ནས་གོང་མའི་རྣམ་པར་ཐར་པ་བདག་གེར་བཞེས་ནས་མཛད་འཕྲིན་སྔར་ལྟར་བསྐྱང་ཐུབ་པའི་གསོལ་འདེབས་སྨོན་འདུན་ཤུགས་དྲག་ཞུ།
༢༠༢༢ ཟླ་ ༡༢ ཚེས་ ༩ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
དེ་ལས་མང་བ།...
བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཀོབ་ཁུལ་དུ་འཚམས་གཟིགས་སུ་ཕེབས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་མཛད་ཁུར་བཞེས་ཏེ་ལོ་ངོ་གཅིག་འཁོར་མཚམས་ཕྱི་ཟླ་ ༥ པའི་ཚེས་ ༢༨ ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་སུ་ཕེབས་ཡོད་ཅིང་། ཐོག་མའི་ཉིན་གསུམ་རིང་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་དང་མཇལ་འཕྲད་གནང་བ་སོགས་མཛད་རིམ་གལ་ཆེན་ཁག་ཅིག་བསྐྱངས་གྲུབ་རྗེས་ཕྱི་ཚེས་ ༣༡ ཉིན་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་འབྱོར་གྱིས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་གཞུང་སྒོ་གསར་པ་དབུ་འབྱེད་མཛད་པ་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་སོགས་སློབ་གྲྭ་ཁག་དང་། སེ་ར་བྱེས་སྨད་གཉིས་དང་། ཐེག་མཆོག་རྣམ་གྲོལ་གླིང་། བཀྲ་ཤིས་ལྷུན་པོ་སོགས་དགོན་སྡེ་གྲྭ་ཚང་ཁག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་སྨན་ཁང་། གྲོང་སྡེ་ཁག་དང་རྒས་གསོ་ཁང་སོགས་སུ་ཉིན་ ༤ རིང་འཚམས་གཟིགས་གནང་།
ད་ལན་གྱི་འཚམས་གཟིགས་སྐབས་སློབ་གྲྭ་ཁག་དང་། དགོན་སྡེ། མི་མང་བཅས་ལ་གསུང་བཤད་གནང་བ་རྣམས་དང་། དྲི་བར་ལན་འདེབས་གནང་བ་བཅས་ཀྱི་ནང་དོན་སྙིང་བསྡུས་བྱས་ན། ད་ལན་ལྷོ་ཕྱོགས་ཁུལ་ལ་འཚམས་གཟིགས་གནང་བའི་དགོས་དོན་ནི། ཕྱོགས་གཅིག་ནས་ཁོང་གིས་སྲིད་སྐྱོང་གི་འགན་ཁུར་གྱི་སྟེང་དུ་སྒྲིག་འཛུགས་ཀྱི་ལྷན་ཁང་བཞིའི་བཀའ་བློན་གྱི་འགན་ཡང་འཁུར་དགོས་ཀྱི་ཡོད་སྟབས་མང་ཚོགས་ཀྱི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་མིན་མཁྱེན་རྟོགས་གསལ་བོ་ཡོང་སླད་ཕེབས་པ་ཡིན་སྐོར་དང་། ཕྱོགས་གཞན་ནས། བཙན་བྱོལ་བོད་མི་སྤྱི་ཡོངས་དང་ལྷག་པར་དུ་གཞོན་སྐྱེས་རྣམས་ནས་གལ་གནད་ཆེ་ཤོས་སུ་བརྩིས་ཏེ་ ༧གོང་ས་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྐབས་ ༡༦ པའི་བཀའ་ཤག་གི་སྲིད་བྱུས་བཞེངས་ཕྱོགས་དང་ལས་དོན་བྱེད་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐད་ལ་གོ་རྟོགས་སྤེལ་བའི་ཆེད་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས། བོད་མིའི་རྩ་དོན་འཐབ་རྩོད་བཅས་ཀྱི་ཐོག་ནུས་པ་མཉམ་སྤུངས་གནང་དགོས་པའི་གལ་གནད་སྐོར་སོགས་གསུངས་ཡོད་པ་བཅས་གསར་གནས་སྙིང་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཟླ་ ༦ ཚེས་ ༥ ཉིན།
བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་བསྐྱངས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་འབུམ་རམས་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལྷོ་གཞིས་ཁག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་པའི་ཆ་ཤས་སུ། ཕྱི་ཟླ་ ༤ ཚེས་ ༥ ཉིན་སེ་ར་ཐེག་ཆེན་གླིང་དུ་དགེ་འདུན་མང་གིས་ཕེབས་བསུ་གཟབ་རྒྱས་དང་བཅས་ཆིབས་བསྒྱུར་བསྐྱངས་པ་དང་། སེ་ར་བྱེས་སྨད་གཉིས་དང་སེ་ར་ཚོགས་ཆེན་བཅས་སུ་གནས་གཟིགས་དང་འབྲེལ་སེར་བྱེས་དྲ་ཐོག་སྐད་ཡིག་སློབ་གྲྭར་འཚམ་གཟིགས་གནང་བ་སོགས་ཆོས་རིག་དང་འབྲེལ་བའི་གནས་ཚུལ་ཁག་ལ་གཟིགས་རྟོག་དང་གསུང་བཤད་གནང་། ཡང་ཉིན་དེའི་དགོང་མོར་ནད་ཡམས་དང་འབྲེལ་བའི་མངའ་སྡེ་གཞུང་གི་བཀའ་རྒྱའི་ལམ་སྟོན་ལྟར། སེ་ར་བླ་སྤྱིའི་མདུན་ཐང་དུ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས་དགེ་འདུན་གྲངས་ ༥༠༠ ཙམ་འཚོགས་པའི་ཚོགས་ཐོག་ཏུ་ཆིབས་བསྒྱུར་བསྐྱངས་ཤིང་། སྲིད་སྐྱོང་མཆོག་ནས་ལོ་བཅུའི་དུས་ཡུན་ནང་མི་མང་གིས་བསྐུར་བའི་འགན་དེ་རྩ་ཆེན་པོར་བརྩིས་ནས་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་དཀའ་ལས་བརྒྱབ་ཡོད་པ་དང་། ༸གོང་ས་མཆོག་ནས་ཀྱང་བསྔགས་བརྗོད་གནང་བྱུང་བས་ལས་འགན་གང་འཚམ་འགྲུབ་ཡོད་སྙམ་པའི་དགའ་སྤོབས་ཡོད་པར་གསུངས་པ་དང་། ཉེ་ཆར་གཏན་འབེབ་བྱུང་བའི་ཁྲིམས་འཆར་གྱི་སྐོར་དང་འབྲེལ་བོད་དོན་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་ཕྱིན་ཡོད་པ་བཅས་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་འདས་པའི་ལོ་བཅུའི་ནང་གི་ཕྱག་ལས་སྐོར་དང་། འབྱུང་འགྱུར་བོད་མིའི་ཆིག་སྒྲིལ་དང་མདུན་ལམ་སྐོར་དང་འབྲེལ་བའི་གལ་གནད་ཆེ་བའི་གཏམ་བཤད་གནང་། ཚོགས་ཐོག་ཏུ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ནས་ཐུགས་རྗེ་ཆེ་ཞུ་བའི་ཕྱག་རྟགས་ཤིག་ཀྱང་འབུལ་བཞེས་མཛད། མཇུག་ཏུ་སེར་སྨད་མཁན་རིན་པོ་ཆེ་ནས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་དང་འབྲེལ་སྲིད་སྐྱོང་མཆོག་ལ་མ་འོངས་པར་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་ཞུ་དང་། བོད་མིའི་རྩ་དོན་གྱི་ཐོག་ཕྱག་ལས་མུ་མཐུད་ནས་གནང་རྒྱུའི་རེ་བསྐུལ་ཡང་ཞུས། ཚེས་ ༦ ཉིན་དགའ་ལྡན་ཁྲི་རིན་པོ་ཆེར་མཇལ་བཅར་ཞུས་པ་སོགས་མཛད་རིམ་ཁག་ཅིག་ལེགས་པར་གྲུབ་ནས་ཚེས་ ༦ རེས་གཟའ་མིག་དམར་དགོང་མོར་དགེ་འདུན་མང་གི་ཕེབས་སྐྱེལ་དང་བཅས་སེ་ར་ནས་ཕེབས་ཐོན་མཛད་པའི་གནས་ཚུལ་སྙིང་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཟླ་ ༤ ཚེས་ ༧ ཉིན།