དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Mar ཚེས། 30 རེས་གཟའ། Sat

འཕགས་པ་ཐོགས་མེད།

དྲ་འཇུག་པ།
ཚད་གཞི།
(31 འོས་འཕེན།)

འཕགས་པ་ཐོགས་མེད་ནི། འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ནང་ཚན་དང་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་བས་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ཡ་གྱལ་དུ་བགྲངས།
 འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ནང་ཚན་དང་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་བས་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ཡ་གྱལ་དུ་བགྲངས།
   སྟོན་པ་ཉིད་ཀྱིས་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་ལས་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །༼བུ་སྟོན་ཆོས་འབྱུང་དུ། ཚིག་རྐང་འདི་གཉིས་རྒྱུད་ན་མེད་དོ། །འོན་ཀྱང་རྒྱའི་སློབ་དཔོན་རྫོགས་གསལ་གྱིས་དགོངས་འགྲེལ་གྱི་འགྲེལ་པར་བྲིས་པའོ། །ཞེས་འབྱུང་།༽ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་བསྡུས་དོན་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །ཞེས་ལུང་བསྟན་གསལ་བར་གནང་བ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལྷག་ལོན་པ་ན་༼དུས་རབས་བཞི་པ་ཙམ་མམ་ཁ་ཤས་སུ་དུས་རབས་ལྔ་པར་གསུངས།༽སྐུ་འཁྲུངས་པར་བཤད།
   དེ་ཡང་རྒྱལ་བ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་ན་ནང་པའི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་པ་དང༌། ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་གིས་ཐེག་ཆེན་རྒྱལ་བའི་བཀའ་མིན་ནོ་ཞེས་ལོག་པར་བཟུང་སྟེ་ཐེག་པ་ཆེན་པོའི་བསྟན་པ་ཆེས་ཆེར་ཉམས་དམས་པར་བྱས་ཤིང་། ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱང་ཕན་ཚུན་རྩོད་པར་བྱེད་པས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཕྱོགས་ཕྱོགས་སུ་གྱེས་པས་རྒྱལ་བའི་བསྟན་པ་ཤིན་ཏུ་ཉམས་ཤིང༌། ལྷག་པར་དུ་ཆོས་མངོན་པ་ལ་དགྲ་ལན་གསུམ་དུ་བྱུང་སྟེ།
   དང་པོ་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜིའི་སྒྲ་ལས་འགེམས་ཞེས་པ་ཞིག་སྣང་སྟེ། དེ་འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ། །ཟེར་ནས་བརྟགས་པས། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྡེ་འདི་བརྡུངས་པས། །མུ་སྟེགས་འཆལ་བའི་ཀླད་པ་རྣམ་པར་འགེམས། །ཞེས་པར་རིག་ནས་དམག་དྲངས་ཏེ་བསྟན་པ་བསྣུབས་སོ། །
   དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ། དབུས་ཀྱི་རྒྱལ་པོས་སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་ཞིག་སྐྱེས་སུ་བསྐུར་ཏེ། དེའི་སྙིང་ཁར་རྐང་རྗེས་འདྲ་བ་ཞིག་ཡོད་པས་ངན་སྔགས་བྱས་སོ་ཟེར་ནས་དམག་དྲངས་ཏེ་བསྣུབས་སོ། །
   དེ་ནས་ཡང་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ་ནང་པའི་གཙུག་ལག་ཁང་ཞིག་ཏུ་ཕྱི་པའི་སྤྲང་པོ་གཉིས་སློང་དུ་འོངས་པ་ལ། བཀྲུ་ཆུ་སྟོར་བས་ཁྲོས་ཏེ་ཉི་མ་བསྒྲུབས་ནས་ནང་པའི་གཙུག་ལག་ཁང་དང་གསུང་རབ་མང་པོ་བསྲེགས་ནས་བསྣུབས་སོ། །
   དེའི་ཚེ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་[པྲ་ཀཱ་ས་ཤཱི་ལ། རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་ཀྱང་འབྱུང་། ]ཞེས་བྱ་བས། བསྟན་པའི་རྩ་བ་མངོན་པ་ལ་དགྲ་ལན་གསུམ་གྱིས་བསྣུབས་པས། འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་བསྟན་པ་གསོ་བར་མི་ནུས་ཀྱི། ལུས་ལ་བུ་བསྐྱེད་ལ་དར་བར་བྱེད་དུ་གཞུག་གོ་སྙམ་ནས་རྒྱལ་རིགས་དང་འདུས་པས་འཕགས་པ་ཐོགས་མེད་དང་། བྲམ་ཟེ་དང་འདུས་པས་སློབ་དཔོན་དབྱིག་གཉེན་བྱུང་ནས། བཙས་མ་ཐག་ནས་ལྕེ་ལ་གི་ཝང་གིས་ཨ་ཡིག་འབྲི་བ་ལ་སོགས་པའི་བློ་རྣོ་བའི་ཆོ་ག་བྱས། ཡིག་རྩིས་དང་། བྲམ་ཟེའི་རིག་བྱེད་སོགས་རིག་གནས་ཐུན་མོང་བ་རྣམས་ནི་ཡུམ་རང་ཉིད་ཀྱིས་བསླབས།
   ཆེར་སྐྱེས་པའི་ཚེ་ཕའི་ལས་གང་ཡིན་ཞུས་པས། ཡུམ་གྱིས་ཁྱོད་ཕའི་རིགས་ཀྱི་བྱ་བ་བྱེད་པའི་ཕྱིར་བསྐྱེད་པ་མིན་གྱི། དམ་པའི་ཆོས་དར་བར་བྱ་བའི་ཕྱིར་བསྐྱེད་པ་ཡིན་ན། རབ་ཏུ་བྱུང་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ལ་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག་གསུངས་པ་ལྟར་རབ་ཏུ་བྱུང་སྟེ། མཁན་པོ་དང་སློབ་དཔོན་དང་དགེ་འདུན་གྱི་ཞབས་འབྲིང་གི་བྱ་བའི་དུས་འདའ་བ་ལོ་གཅིག་ཏུ་མཛད་ཅིང་། བསྙེན་པར་རྫོགས་ནས་ལོ་ལྔའི་བར་དུ་ཀློག་པ་ལ་བརྩོན་པར་གནས་ཏེ། ལོ་རེ་རེར་ཚིགས་སུ་བཅད་པ་འབུམ་འབུམ་གྱི་ཚིག་དོན་ཐུགས་སུ་ཆུད་པར་བྱས། དེ་ལྟར་ཐུན་མོང་གི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་ནི་རྟོགས་པར་སླ་ཡང༌། ཤེར་ཕྱིན་གྱི་མདོ་སྡེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་མ་ཟློས་ཤིང་མ་འཛིངས་པ་ནི་རྟོགས་པར་དཀའ་བར་དགོངས་ནས། དེའི་དོན་དུ་ལྷག་པའི་ལྷ་ཞལ་མཐོང་བར་བྱའོ་ཞེས་གཅིག་ཏུ་བརྣགས་པས། སློབ་དཔོན་ཨརྷ་ཏ་དེ་ཉིད་ལ་སྒྱུ་འཕྲུལ་དྲྭ་བའི་དབང་ཞུ་བར་མཛད་ནས་དེའི་དཀྱིལ་འཁོར་དུ་བཞུགས་ཏེ་ལྷག་པའི་ལྷ་གང་ལ་འབྲེལ་ཆེ་དང༌། གང་ལ་གསོལ་བ་བཏབ་ན་བྱིན་རླབས་འབྱུང་བརྟག་པའི་ཕྱིར་མེ་ཏོག་དོར་བ་ན་མེ་ཏོག་བྱམས་མགོན་ལ་བབས་སོ། །
   དེ་ནས་རྗེ་བཙུན་བྱམས་པ་བསྒྲུབས་ལ་བསྟན་པ་དར་བར་བྱའོ་སྙམ་དུ་དགོངས་ཏེ་གུར་པ་པརྦ་ཏ་སྟེ། ཀུག་ཀུ་ཊ་པཱ་ད་པརྦ་ཏ་ཞེས་ཀྱང་གྲགས་པའི་རི་བོ་བྱ་རྐང་ཅན་དུ་ཕུག་པ་གཅིག་ཏུ་འཕགས་པ་བྱམས་པ་བསྒྲུབས་ཏེ་ལོ་གསུམ་དུ་མཚན་མ་ཅི་ཡང་མ་བྱུང་བས་ཐུགས་སྐྱོ་སྟེ་ཕྱིར་ཐོན་པས། བྲག་གི་ངོས་ལ་བྱའི་ཚང་བཅས་པ་ལ་སྔ་དྲོ་ཟན་འཚོལ་དུ་འཕུར་བ་དང༌། དགོངས་ཀ་ཚང་དུ་ལོག་འོངས་པ་བྲག་གི་ངོས་ལ་གཤོག་པ་རེག་ཙམ་རེ་བྱུང་བ་ལ། ཡུན་རིང་པས་བྲག་ཟད་པར་གཟིགས་ནས་ངའི་བརྩོན་འགྲུས་ཆུང་ངོ་སྙམ་ནས་སླར་ལྡོག་སྟེ་ལོ་གསུམ་སྒྲུབ་པ་མཛད།
   དེ་བཞིན་དུ་ཡང་ཐོན་པ་ན། ཆུ་ཐིགས་ཀྱིས་བྲག་ཟད་པར་གཟིགས། ཡང་ལོ་གསུམ་བསྒྲུབས་ཏེ་ཐོན་པ་ན། མི་རྒན་པོ་ཞིག་རས་བལ་འཇམ་པོས་ལྕགས་ཀྱི་སྡོང་པོ་ལ་ཁབ་བྱེད་པ་མཐོང་ནས། ཁབ་ཇི་ལྟར་འབྱུང་ཞེས་དྲིས་པས། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཅེས་དང་། སྔར་ཡང་རས་བལ་གྱིས་ཕྱིས་ཏེ་ལྕགས་ཟད་པ་ལས་ཁབ་འདི་ཙམ་བྱུང་ངོ༌། །ཞེས་སྣོད་ཅིག་ཁབ་ཀྱིས་གང་བ་བསྟན་ནོ། །
   ཡང་ལོ་གསུམ་བསྒྲུབས་ཏེ། དེ་ལྟར་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་མཚན་མ་མ་བྱུང་བས་ཐུགས་སྐྱོ་སྟེ་ཐོན་ནས་ཕྱིན་པས། གྲོང་ཁྱེར་ཞིག་ན་ཁྱི་མོ་རོ་སྟོད་མི་ལ་ཟུག་ཅིང་ཟ་བ། སྨད་འབུས་ཁྱེར་བ་ཞིག་གཟིགས་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། འབུ་འདི་རྣམས་མ་བསལ་ན་ཁྱི་འདི་འཆི་ལ། བསལ་ནས་བོར་ན་འབུ་རྣམས་འཆི་བས་རང་གི་ལུས་ཀྱི་ཤ་རྣམས་བཅད་ནས་དེར་འབུ་རྣམས་གཞུག་པར་བྱའོ་སྙམ་སྟེ། ཨ་ཙནྟ་ཞེས་བྱ་བའི་གྲོང་ཁྱེར་དུ་ཕྱིན་ནས་ལྷུང་བཟེད་དང་འཁར་གསིལ་གཏེང་པར་བཞག་སྟེ་སྤུ་གྲི་གཡར། སྤུ་གྲིས་སྐུའི་བརླ་ཤ་ནས་བཅད་དེ། ལག་པས་འབུ་བླངས་ན་འབུ་རྣམས་ཤི་ཡིས་དོགས་ནས། སྤྱན་བཙུམས་ཏེ་ལྗགས་ཀྱིས་འབུ་རྣམས་བླང་བར་བརྩམས་པ་ན། ཕྱག་གིས་ཡུལ་བ་ལས་ཅི་ཡང་མ་རྙེད་ནས་སྤྱན་ཕྱེ་བ་ན། ཁྱི་དང་འབུ་མེད་པར་རྗེ་བཙུན་བྱམས་པ་མཚན་དཔེ་འོད་དུ་འབར་བ་མཐོང་ནས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་མ་བྱུང་ན། ཐུགས་རྗེ་རེ་ཆུང་ཞེས་འཁངས་པས། རྗེ་བཙུན་གྱིས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ང་དང་པོ་ནས་ཡོད་དེ། ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་ནས་མཐོང་བ་ཡིན། དེ་ལྟར་ཡིན་པར། ཁྱོད་རང་ང་ཕྲག་གོང་དུ་ཁུར་ལ་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ལ་སྟོན་ཅིག་གསུངས་ནས་བསྟན་པས། སུས་ཀྱང་ཅི་ཡང་མ་མཐོང་། ཆང་འཚོང་མ་ཞིག་གིས་ཁྱི་གུ་ཞིག་ཁུར་བར་མཐོང་བ་ན་ཡང་ཕྱིས་ལོངས་སྤྱོད་ཟད་མི་ཤེས་པ་བྱུང༌། དབུལ་པོ་ཁུར་བསྐྱེད་པས་འཚོ་བ་ཞིག་གིས་ཞབས་མགོ་ཙམ་མཐོང་བས་ཀྱང་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་གི་དངོས་གྲུབ་ཐོབ་བོ། །དེར་ཡིད་ཆེས་སོ། །
   ཁྱོད་ཅི་འདོད་གསུང་བ་ལ་ཐེག་ཆེན་དར་བར་ཞུ་འཚལ་བྱས་པས། ངའི་ཆོས་གོས་ཀྱི་མཐའ་ལ་འཇུས་ཤིག་གསུང་། འཇུས་པས་དེ་མ་ཐག་དགའ་ལྡན་དུ་སླེབས། ས་སྡེའི་སྣ་མཆན་ལས། ཟླ་བ་དྲུག་བཞུགས་ཏེ་གསན་ཞེས་འབྱུང་ཞིང་། གཞན་དུ་མི་ལོ་བཅོ་ལྔ་བཞུགས་པར་བཤད་པ་སོགས་ཅི་རིགས་འབྱུང་ནའང་། ཡོངས་གྲགས་སུ་དགའ་ལྡན་དུ་བྱོན་ཏེ་ལྷའི་དྲོ་སྐད་ཅིག །མི་ལོ་ལྔ་བཅུའམ། ལྔ་བཅུ་རྩ་གསུམ་དུ་བཞུགས་པར་བཤད་པ་དང་། དེ་ཡང་ལོ་ཕྱེད་ལོར་བརྩིས་པ་ཡིན་པས་ལོ་ཉེར་ལྔའོ་ཞེས་རྒྱ་གར་བ་རྣམས་གསུང༌ངོ་། །
   དེར་ཡུམ་གྱི་མདོ་རྣམས་དང་། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་དང་། ཐེག་ཆེན་གྱི་མདོ་སྡེ་མང་དུ་གསན་ཅིང་། དེར་བྱམས་ཆོས་ཏེ་བསྟན་བཅོས་མངོན་རྟོགས་རྒྱན། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ་སྟེ་ཡོངས་གྲགས་སུ་བྱམས་པའི་ཆོས་ལྔ་མཛད་པ་རྣམས་ཀྱང་གསན་ཏེ། མི་ཡུལ་དུ་བྱོན།
   བྱམས་ཆོས་ཀྱི་སྐོར་ལ་འཕགས་པས་རྗེ་བཙུན་ལ་ཡུམ་གྱི་མདོ་རྣམས་ཀྱི་དོན་སྟོན་པའི་བསྟན་བཅོས་རྩོམ་པར་ཞུས་པས་བྱམས་ཆོས་ལྔ་བརྩམས་སོ། །ཞེས་སློབ་དཔོན་སེང་བཟང་སོགས་ཀྱིས་བཞེད་ཀྱང་། གནད་ཀྱི་ཟླ་ཟེར་ལས། བཀའ་བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ནས་མཆོག་ཏུ་ཟབ་ཅིང་རྟོགས་པར་དཀའ་ལ་རྟོགས་པར་མི་ནུས་པས། ཐུགས་རྗེ་དེ་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་ཞུས་ནས་དུས་ཕྱིས་བྱས་ཟེར་བ་ནི། སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་པ་སྟེ་སྔོན་དུ་བྱས་པ་ལས་བཤད་ཅེས་པ་ནི། གཞན་དག་གིའོ་ཞེས་གསུངས་སོ། །ཞེས་འབྱུང་ངོ་། །
   འཕགས་པ་དང་པོར་མ་ག་དྷའི་ཡུལ་གྱི་ཕྱོགས་གཅིག་བེ་ལུ་བ་ན་ཞེས་བྱ་བའི་ནགས་སུ་གཙུག་ལག་ཁང་མཛད་དེ་བཞུགས་ནས་སློབ་མ་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་བརྒྱད་ལ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་དག་བཀྲོལ་ཞིང་བསྟན་པས་དེ་དག་ཀྱང་བསྟན་པའི་བྱ་བ་རྒྱ་ཆེར་བྱེད་ནུས་པ་ཤ་སྟག་བྱུང་བས་གནས་དེར་ཆོས་ཀྱི་མྱུ་གུའི་དགོན་པ་ཞེས་གྲགས་པར་ཆོས་འབྱུང་འགའ་ཞིག་ལས་བཤད།
   དེར་བྱམས་པའི་ཆོས་ལྔ་ཡང་ཡི་གེར་བཀོད། མངོན་རྟོགས་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས་བརྩམས། རིམ་གྱིས་རྒྱུད་བླ་མའི་འགྲེལ་པ་དང་། མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་མཛད་པ་དང་། རྗེ་བཙུན་གྱི་མན་ངག་ལ་བརྟེན་ནས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་རྒྱས་པར་སྟོན་པ་བྱང་ཆུབ་སེམས་དཔའི་ས་སོགས་ས་སྡེ་ལྔ་སྟེ། སའི་དངོས་གཞི། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་རྣམས་དང་། སྡོམ་གཉིས་ཏེ། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་དང༌། ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་བཏུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསེར་མདོག་ཅན་གྱི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། སངས་རྒྱས་རྗེས་དྲན་གྱི་མདོའི་འགྲེལ་པ། ཆོས་རྗེ་དྲན་གྱི་མདོའི་འགྲེལ་པ། དགེ་འདུན་རྗེས་དྲན་གྱི་མདོའི་འགྲེལ་པ། བསམ་གཏན་གྱི་སྒྲོན་མ། འཕགས་པ་བྱམས་པའི་སྒྲུབ་ཐབས། ཆོས་སྐུའི་ཡོན་ཏན་ཐུན་མོང་མ་ཡིན་པའི་བསྟོད་པ་སོགས་མཛད་ཅིང་ས་གསུམ་བརྙེས་པར་བཤད་པ་དང་། འགྲེལ་ཆུང་གི་བཤད་པ་ཚིག་གསལ་དུ། འཕགས་པ་ཐོགས་མེད་ས་གསུམ་པ་འོད་བྱེད་པ་བརྙེས་ཀྱང་སློབ་དཔོན་དབྱིག་གཉེན་གདུལ་བའི་དོན་དུ་སེམས་ཙམ་དུ་བསྟན་ནོ་ཞེས་དང་། སེམས་ཙམ་རྒྱན་ལས་ཀྱང་། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང་། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་པ་ཡི། །བདེན་པ་གཉིས་ནི་འདིར་བརྗོད་བྱ། །ཞེས་པའི་འགྲེལ་པར། བྱམས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའོ། །ཐོགས་མེད་ནི་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །ཀླུ་སྒྲུབ་ནི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །ཞེས་ཀྱང་འབྱུང་ངོ་། །
   ཡང་སའི་སྟོད་འགྲེལ་ལས། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བ། །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་དྲངས་པའི་བདུད་རྩིའི་ཆོས། །འཕགས་པ་མི་ཕམ་ཞལ་གྱི་བུམ་པ་ནས་བླུགས་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། རྣམ་པར་བཤད་པ་བསྡུ་བའི་མཇུག་ཏུ། འཕགས་པ་ཐོགས་མེད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་ནས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་གྱི་ཁྱད་པར་བརྙེས་པ་འཕགས་པ་མི་ཕམ་པའི་ཞབས་ཀྱི་པདྨ་རྙོག་པ་མེད་པ་སྤྱི་བོས་ལེན་པར་མཛད། ཅེས་སོགས་འཕགས་པའི་སྐོར་ལ་མང་དུ་འབྱུང་།
   དེ་ནས་ཡུལ་ནུབ་ཕྱོགས་དང་ཉེ་བ་གྲོང་ཁྱེར་ས་ག་རི་ཞེས་བྱ་བར་ཨུཥྨ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་རྒྱལ་པོ་ཟབ་མོའི་ཕྱོགས་ཀྱིས་སྦྱིན་བདག་བྱས་ཏེ་དགེ་འདུན་མང་པོ་འདུས་པ་ལ། འཕགས་པ་ཐོགས་མེད་ཀྱིས་ཆོས་མང་དུ་བསྟན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་བཤད་པས། ཐེག་པ་ཆེན་པོར་རིགས་སད་ཅིང་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་བརྒལ་བ་ཙམ་བྱུང་བ་དང་། གནས་འདི་ཉིད་དུ་བཞུགས་པའི་ཚེ། གཅུང་དབྱིག་གཉེན་ཡང་བཏུལ་བ་ཡིན་ནོ། །
   དུས་དེའི་ཚེ་ཐེག་པ་ཆེན་པོ་ཕལ་ཆེར་གྱིས་མདོ་སྡེ་སྣ་རེ་ཙམ་མ་ཞུས་པ་མེད་པ་ལྟ་བུ་ཡིན་ཞིང༌། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་དམ་པའི་ཆོས་དར་སྤེལ་དང་། ལྷ་ཁང་དང་མཆོད་རྟེན་ཆོས་གཞིས་བརྒྱ་ལྷག་གསར་དུ་བཙུགས། སློབ་མ་ཁྲི་ཕྲག་མང་པོ་བསྐྱངས། དགེ་འདུན་གྱི་སྡེ་ཆེས་ཆེར་འཕེལ་བར་མཛད།
   སྐུ་ཚེའི་སྨད་ཀྱི་དུས་ན་ལེནྡྲའི་མཁན་པོ་མཛད་དེ་དེར་ལོ་བཅུ་གཉིས་བཞུགས་ཏེ་བསྟན་པ་བསྐྱངས་པར་མཛད། ཉིན་རེ་བཞིན་མུ་སྟེགས་རྒོལ་བ་རེ་ཡོང་བ་ལ་གྲུབ་མཐའ་རྣམས་རིགས་པ་སྣ་ཚོགས་ཀྱིས་སུན་ཕྱུང་སྟེ་ཆོས་བསྟན་པས་མུ་སྟེགས་སྟོང་དུ་ཉེ་བ་ཙམ་རབ་ཏུ་བྱུང༌། གཙུག་ལག་ཁང་གང་ན་དགེ་སློང་ལྟ་བ་དང༌། ཚུལ་ཁྲིམས་དང༌། སྤྱོད་པ་དང༌། ཚིག་ཉམས་པ་ཐམས་ཅད་ཆོས་བཞིན་ཚར་གཅོད་པར་མཛད་པས་དགེ་འདུན་ཤིན་ཏུ་དག་པར་མཛད་པ་དང་། ཐེག་ཆེན་དར་བར་མཛད་དོ། །
   སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་ཡོད། མཐར་དགུང་ལོ་བརྒྱ་དང་ལྔ་བཅུ་པར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་མྱ་ངན་ལས་འདས་པའི་ཚུལ་བསྟན། བདག་ཉིད་ཆེན་པོ་འདི་གང་དུ་མྱ་ངན་ལས་འདས་པའི་གནས་དེར་དད་པ་ཅན་དག་གིས་མཆོད་རྟེན་བརྩིགས་སོ། །
   སློབ་དཔོན་འདི་ལ་སློབ་མ་བསྟན་པ་འཛིན་པ་མང་དུ་བྱུང་། སྲས་ཀྱི་ཐུ་བོ་བསྟན་པའི་བདག་པོར་གྱུར་པ་ནི་མཁས་མཆོག་དབྱིག་གཉེན་ཡིན་ཞིང་སྐུ་མཆེད་གཉིས་ཀ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་གྲངས་སུ་བགྲང་ངོ་། །
   སློབ་དཔོན་འདིའི་སྐོར་བུ་སྟོན་ཆོས་འབྱུང་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་སོགས་ཆོས་འབྱུང་རྣམས་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། རྒྱའི་སློབ་དཔོན་ཞོན་ཙང་གི་རྒྱ་གར་ལམ་ཡིག་དང་། སློབ་དཔོན་དོན་དམ་པས་བསྒྱུར་བའི་དབྱིག་གཉེན་གྱི་རྣམ་ཐར་ལས་ཀྱང་མདོར་བསྡུས་རེ་འབྱུང་ལ། དོར་ཞི་རིན་པོ་ཆེས་རྒྱ་ཡིག་ལས་བསྒྱུར་བའི་སློབ་དཔོན་འདིའི་རྣམ་ཐར་བསྡུས་པ་རྒྱ་འགྱུར་མ་ཞིག་ཀྱང་མཇལ་རྒྱུ་འདུག་ནའང་། ཡོངས་གྲགས་ཀྱི་རྣམ་ཐར་དང་ཅུང་མི་འདྲའོ། །

༢༠༡༩.༠༦.༢༡.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཤོག་ངོས་འདི་ལ་ཐེངས་ 8960 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2019 ལོའི་ཟླ་བ། Aug ཚེས། 14 རེས་གཟའ། Wed
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com