- མདུན་ངོས།
- ཚོམས།
ཚོམས། (80)
ཆོ་འཕྲུལ་སྨོན་ལམ་ཆེན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ། སྤེལ་དུས། ༢༠༡༦།༢།༢༥།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་སྤེལ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་བཀྲམ།
ཆོ་འཕྲུལ་སྨོན་ལམ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བསྟན་ནས་མུ་སྟེགས་ཀྱི་སྟོན་པ་དྲུག་ཕན་པར་མཛད་པ་ན་ཁྱིམ་བདག་དད་པ་ཅན་དག་གིས་མཆོད་པ་སོགས་ཀྱིས་དུས་སྟོན་སོགས་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། བོད་འདིར་རྗེ་ཙོང་ཁ་པས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་མདུན་དུ་མཆོད་སྤྲིན་རྒྱ་མཚོ་བསྟར་ཏེ་དུས་མཆོད་བྱས་པ་ལས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་པ་འདི་བྱུང་བ་ཡིན། འདི་ལ་ཆོ་འཕྲུལ་དུས་ཆེན་གྱི་བྱུང་དུས། དེ་རྐྱེན་ཇི་འདྲ་ཞིག་ལ་བརྟེན་ནས་བྱུང་ཚུལ། ཆོ་འཕྲུལ་གྱི་དུས་ཆེན་དངོས། དེ་ལས་ཆོ་འཕྲུལ་གྱི་དུས་སྟོན་བྱུང་ཚུལ། ད་ལྟའི་ཆོ་འཕྲུལ་སྨོན་ལམ་དུ་གྲགས་པའི་བྱུང་རིམ་དངོས། ད་ལྟའི་ཚོགས་དུས་སོགས། ཞར་བྱུང་སྨོན་ལམ་གཏོར་རྒྱག །བྱམས་པ་གདན་འདྲེན། བཅོ་ལྔ་མཆོད་པ། གར་འཆམ། ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་པའི་མིང་བྱུང་ཚུལ། དེ་དང་འབྲེལ་ཏེ་ལྷ་རམས་གྲྭ་སྐོར་བྱུང་ཚུལ། ཞར་བྱུང་གཞན་དགེ་བའི་འགྱུར་ཁྱད་བཅས་སོ།།
སྟོད་ཆ་ལ་གཟིགས་པར་ཞུ། བར་ཆ་ལ་གཟིགས་པར་ཞུ། སྨད་ཆ་ལ་གཟིགས་པར་ཞུ།
དེ་ལས་མང་བ།...
བཅུ་དགུ་མཆོད་པ་དང་བཟང་སྤྱོད་སྨོན་ལམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བཅུ་དགུ་མཆོད་པ་ནི། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སྐུ་ཞི་བར་གཤེགས་པའི་ཉིན་གྱི་དགོངས་རྫོགས་མཆོད་འབུལ་ལ་ཟེར། དེ་ཡང་རྗེ་བཙུན་པ་རབ་བྱུང་དགུ་པའི་ཤིང་འབྲུག་ལོའི་ཟླ་༡༡ ཚེས་ ༡༩ ཉིན་ཞི་བར་གཤེགས་པ་ལྟར། ལོ་རེའི་ཉིན་དེར་རྗེ་བཙུན་པའི་ཡིག་ཆ་ལ་འཆད་ཉན་བྱེད་པའི་དགོན་སྡེ་རྣམས་སུ་མཆོད་འབུལ་དུས་བཟང་འཚོགས་པ་དང་སེ་ར་ཐེག་པ་ཆེན་པོའི་གླིང་དུ་སེ་ར་བླ་སྤྱིར་གྲྭ་ཚང་ཁག་མཉམ་དུ་དམ་བཅའ་འཚོགས་ཤིང་། བླ་སྤྱིའི་དམ་བཅའི་རྗེས་སུ་འདི་ག་སེར་བྱེས་གྲྭ་ཚང་དུའང་དུས་བཟང་དང་བླ་མ་རྗེ་བཙུན་པའི་རྣམ་ཐར་ཚིགས་བཅད་མ་རྟ་དབྱངས་བཅས་གསུངས་ཤིང་ཚོགས་གྲོལ་བ་དང་། དགེ་འདུན་དམངས་ཀྱིས་གསོལ་འདེབས་དམིགས་བརྩེ་མ་སོགས་གསུང་བཞིན་གྲྭ་ཚང་གི་འདུ་ཁང་ལ་སྐོར་བར་ཕེབས་སྲོལ་ཡོད་པ་དེ་ལ་བཅུ་དགུ་མཆོད་པ་ཟེར།
བཟང་སྤྱོད་སྨོན་ལམ་ནི། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མའི་གཙོ་གྲས་པཎ་ཆེན་བདེ་ལེགས་ཉི་མས་རང་གི་བླ་མ་རྗེ་བཙུན་པའི་དགོངས་རྫོགས་དུས་མཆོད་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན། དེ་ཡང་ཟླ་༡༡ ཚེས་ ༢༥ ཉིན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་གཤེགས་ནས་བདུན་ཚིགས་དང་པོའི་དུས་ཚེས་ཉིན། པཎ་ཆེན་བདེ་ལེགས་ཉི་མས་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར་ཀུན་བཟང་མཆོད་སྤྲིན་འབུལ་བཤམས་དང་འབྲེལ། གྲྭ་ཚང་བྱེས་སུ་བཟང་སྤྱོད་སྨོན་ལམ་འབུམ་ཐེར་འགྲོ་ངེས་ཀྱི་དུས་བཟང་ཐེབས་སྦྱོར་གནང་བ་བཞིན། ཚེས་ཉེར་ལྔ་ནས་ཉིན་གྲངས་བཅོ་ལྔའི་བར་བཟང་སྤྱོད་སྨོན་ལམ་ཆེན་མོ་ཚོགས་པ་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་འཚོགས་བཞིན་ཡོད། ཕྱི་ལོ་ ༡༩༥༩ ལོར་གྲྭ་ཚང་གི་དགེ་འདུན་པ་གང་འཚམ་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་ནས་ཀྱང་སྦག་ས་ཆོས་སྒར་དུ་མཆོད་རྫས་སོགས་ཀྱི་མཐུན་རྐྱེན་ཧ་ཅང་དཀོན་ནའང་། གྲྭ་ཚང་རང་གི་དགེ་འདུན་པ་ཚོས་ཡི་དམ་གཙོ་འཁོར་ལ་འབུལ་གཏོར་ཆུང་ངུ་རེ་བཞེངས་ཏེ་བཟང་སྤྱོད་ཆེན་མོ་ས་བཅད་མ་སྟོང་པ་ཙམ་དུ་ལོ་ལྟར་ཚོགས་ཤིང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་གྲྭ་ཚང་ཆགས་རྗེས། རིམ་གྱིས་མཐུན་རྐྱེན་སོགས་ཡར་རྒྱས་སུ་སོང་སྟེ་དེང་སྐབས་ཀུན་བཟང་མཆོད་སྤྲིན་འབུལ་བཤམས་དང་འབྲེལ་བཟང་སྤྱོད་ཆེན་མོ་ཉིན་གྲངས་བདུན་ལ་འཚོགས་བཞིན་ཡོད། བཟང་སྤྱོད་ཆེན་མོའི་དངོས་གཞིའི་སྐབས་སུ་ཉིན་རེར་ཚོགས་ཐེངས་བཞི་རེ་དང་། སྔ་ཇ་མཚན་གྱི་ཆུ་ཚོད་ ༢ པ་ཡས་མས་ནས་འཚོགས་པ་དང་། ཡར་ཚོགས་ཀྱི་སྐབས་སུ་དགེ་བསྐོས་ཀྱིས་བླ་མ་རྗེ་བཙུན་པའི་རྣམ་ཐར་ཚིགས་བཅད་མ་ཐུགས་ཐོག་ནས་སྙན་སྒྲོན་ཞུས་ཚར་བ་དང་། སྐྱབས་རྗེ་མཁན་རིན་པོ་ཆེས་ཚོགས་གཏམ་ཆེན་མོ་ལུང་རིགས་ཀྱིས་བརྒྱན་ཏེ་བསྩལ་བའི་རྗེས། དགེ་བསྐོས་ཀྱིས་གཏོར་སྒྲུབ་ཆེན་མོའི་ཚོགས་གཏམ་འབུལ་བ་དང་། དངོས་གཞིའི་ཉིན་དང་པོར་དགེ་བསྐོས་ཀྱིས་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ས་བཅད་དྲུག་གི་བདག་ཉིད་ཅན་གྱི་ཚོགས་གཏམ་ཆེན་མོ་འབུལ་དགོས་ཤིང་། ཉིན་རེར་ཆུ་ཚོད་དགུ་པ་ཡས་མས་སུ་ཆོས་ར་འཚོགས་ཏེ། ལོ་དེའི་ཚོགས་རམས་པ་རྣམས་ཀྱིས་འཛིན་གྲྭ་རྣམས་སུ་དམ་བཅའ་ཕེབས་དགོས། དེ་ལྟར་ལོ་རེའི་བླ་མ་རྗེ་བཙུན་པ་དགོངས་པ་ཞི་བར་གཤེགས་པའི་བདུན་ཚིགས་དང་པོའི་ཉིན་ནས་དབུ་བཙུགས་ཏེ་ཉིན་བཅོ་ལྔའམ། ད་ལྟ་ཉིན་གྲངས་བདུན་ལ་དགོངས་རྫོགས་ཀྱི་དུས་མཆོད་འཚོགས་ཀྱིན་ཡོད་པ་དེ་ལ་བཟང་སྤྱོད་ཆེན་མོའམ་གསུང་རྒྱུའི་སྨོན་ལམ་གཙོ་བོའི་ཆ་ནས་མིང་བཏགས་ཏེ་ད་ལྟ་བཟང་སྤྱོད་སྨོན་ལམ་ཟེར་མཁན་ཡང་ཡོད།
སེ་ར་རྗེ་བཙུན་པའམ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ནི། རབ་བྱུང་བརྒྱད་པའི་ས་གླང་(༡༤༦༩)ལོར་གཙང་ཉང་སྟོད་ཀྱི་སའི་ཆ། རྒྱལ་ཚབ་དར་མ་རིན་ཆེན་གྱི་འཁྲུངས་ཡུལ་རི་ནང་ཞེས་པའི་ཆར་གཏོགས་པ་ཁྱེའུ་ཞེས་པ་ཡིན་ལ། རྔོག་ཡེ་ཤེས་སེང་གེ་སོགས་གྲུབ་པའི་དབང་ཕྱུག་དུ་མ་བྱུང་པའི་རིགས་ལས་རྟ་ནག་ཕྱུག་པོ་གཞུང་ལྷོ་སྨད་སོགས་ཀྱི་མི་ཁྱིམ་མང་པོའི་དཔོན་དུ་གྱུར་པ། ཕྱིས་སྨིན་དྲུག་འཁྱུང་རྩེ་སོགས་རྫོགས་ཆེན་གྱི་བདག་པོར་གྱུར་པའི་དཔོན་རྒྱུད་དུ་ཡབ་ནང་སོ་བསོད་ནམས་འཕེལ་དང་། ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཡུམ་གྱི་ལྷུམས་སུ་བཞུགས་དུས་ལྷ་ས་སོགས་སུ་གནས་མཇལ་ལ་བྱོན་པར། རྗེ་བ་སོ་བ་དགེ་ལྡན་གྱི་ཁྲི་ཐོག་ཏུ་བཞུགས་པ་དང་མཇལ། རྗེ་བ་སོ་བས་ཁྱོད་ཀྱི་སྲས་འདི་བསྟན་པ་ལ་ཕན་ཐོགས་པའི་བསྟན་འཛིན་ཆེན་པོ་ཞིག་ཡོང་། མཚན་ཆོས་ཀྱི་རྒྱལ་མཚན་དུ་ཐོགས། འཁྲུངས་མ་ཐག་ན་བཟའ་འདི་གསོལ་ཞེས་བཀྲ་ཤིས་ཁ་བཏགས་ཤིག་གནང་། དགུང་ལོ་དྲུག་པ་ལ་རྒྱལ་བ་དགེ་འདུན་གྲུབ་ཉང་སྟོད་ཀྱི་ཆབ་ཚན་ལ་ཕེབས་པ་གདན་དྲངས་ཏེ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞུ་བར་མཛད། དགུང་ལོ་བདུན་པ་ལ་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་དབེན་གནས་སྨན་ཆུ་ན་བཞུགས་པའི་དྲུང་དུ་དགེ་བརྙེན་གྱི་སྡོམ་པ་བཞེས། ཆོས་རྗེའི་ཞལ་ནས་ངའི་བླ་མ་ལན་དུ་མར་བསྔགས་པའི་པཎྜི་ཏ་ཡིན། ཁྱོད་ལ་ཁོང་གི་མཚན་གནང་འདུག་པ་འདི་ངས་སྤོ་མི་ནུས། ཁྱད་པར་འདི་ལ་རྟེན་འབྲེལ་ཆེན་པོ་ཡོད། རྟེན་འབྲེལ་ཆུགས་སུ་མི་རུང་གསུངས་ནས་མཚན་དེའི་སྟེང་དུ་དཔལ་བཟང་པོ་གནང་སྟེ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེའི་དྲུང་ནས་བློ་སྦྱོང་མཚོན་ཆ་འཁོར་ལོ་སོགས་དང་། བློ་སྦྱོང་དོན་བདུན་མ་སོགས་རྒྱ་བོད་ཀྱི་བློ་སྦྱོང་གི་གཞུང་མང་པོ་དང་། བཀའ་གདམས་ཐོར་བུ་བ། ཤ་ར་བའི་ལམ་རིམ་བརྗེད་བྱང་མ་ལ་སོགས་ཤ་ར་བ་ནས་མཆད་ཁ་པ་ལ་བརྒྱུད་པའི་ལམ་རིམ་མང་པོ་དང་། སྣར་ཐང་པ་ནས་བརྒྱུད་པའི་ལམ་སྒྲོན། སྣར་ཐང་པའི་ལམ་མཆོག །གནས་རྙིང་ནས་བརྒྱུད་པའི་མགོན་པོ་ཕྱག་དྲུག་པའི་སྐོར་རྣམས་དང་ མགོན་པོ་སྟག་ཞོན་སོགས་ཀྱི་ལུང་རྗེས་གནང་སོགས་ཟབ་ཆོས་མང་དུ་གསན་པས་བླ་མའི་གཙོ་བོ་ཞིག་ཏུ་མཛད། །སྨིན་དྲུག་འཁྱུང་རྩེ་དང་ཁྱེའུ་གཞིས་ཀ་སོགས་སུ་བཞུགས་ནས་དཀའ་ཆེན་བཞིའི་རྩ་གཞུང་དང་། རྩ་འཇུག་གཉིས། མདོ་སྡུད་པ། ལམ་སྒྲོན་སོགས་ཐུགས་འཛིན་མཛད་ཅིང་། གནས་རྙིང་ཆོས་རྗེའི་དྲུང་དུ་ལོ་ལྔ་བཞུགས། དགུང་ལོ་བཅུ་གསུམ་པ་ལ་རྗེ་འདི་པ་ལ་སྐུ་མཆེད་ལྔ་ཡོད་པའི་བཞི་པ་དང་རྗེ་འདི་ཉིད་ཀྱིས་གནས་རྙིང་རིན་པོ་ཆེའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ། ལོ་དེ་ལ་སྐུ་མཆེད་ལྷན་ཅིག་ཏུ་བཀྲ་ཤིས་ལྷུན་པོར་གསན་སྦྱོང་ལ་ཕེབས། བཀྲ་ཤིས་ལྷུན་པོར་པཎ་ཆེན་ལུང་རིགས་རྒྱ་མཚོ་དང་མཇལ། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྤྱོང་མཛད། དགུང་ལོ་བཅོ་ལྔའི་དུས་སུ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་མཁས་པའི་གྲགས་པ་ཐོབ། དགུང་ལོ་བཅུ་དྲུག་[སེར་བྱེས་བརྙན་དེབ་ཏུ་དགུང་ལོ་བཅུ་གཅིག་བྲིས་འདུག]གི་སྐབས་པཎ་ཆེན་ཡེ་ཤེས་རྩེ་མོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས་པའི་དྲུང་ནས་འདུལ་བ་མདོ་རྩ། མངོན་པ་མཛོད་སོགས་གཞུང་ཆེན་དང་ཆོས་བཀའ་མང་དུ་གསན། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་ཕར་ཚད་དབུ་གསུམ་དང་། འདུལ་མཛོད་བཅས་བཀའ་པོད་ལྔར་མཁས་པའི་གཙུག་རྒྱན་དུ་གྱུར། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས་སམ་ཁྱུང་པོ་བྱ་བྲལ་ལས་གཞི་གསུམ་གྱི་ཕྱག་ལེན་སོགས་གསུང་ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་པ་ལ་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད། དེ་དག་གི་སྐབས་སུ་རྗེ་ཤེས་རབ་སེང་གེའི་དངོས་སློབ་མཁས་གྲུབ་རིན་ཆེན་བཤེས་གཉེན་ལ། ནི་གུ་ཆོས་དྲུག །རྟ་མགྲིན་གསང་སྒྲུབ་སོགས་ཤངས་པ་ལུགས་ཀྱི་ཟབ་ཆོས་དུ་མ་དང་། གུ་རུ་ཞི་དྲག་སོགས་ཀྱི་རྗེས་གནང་དུ་མ། དབུ་མ་རིགས་ཚོགས་དྲུག་གི་ལུང་སོགས་གསན། རྗེའི་ལུགས་ཀྱི་ལྟ་ཁྲིད་མཁས་གྲུབ་རིན་ཆེན་བཤེས་གཉེན་འདི་ཉིད་ལས་ཉམས་ཁྲིད་ཀྱི་ཚུལ་དུ་གསན་པས་དབུ་མའི་ལྟ་བ་ཐུགས་རྒྱུད་ལ་སྐྱེས་པས་བླ་མ་འདི་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་གཙོ་བོར་མཛད། གཞན་ཡང་ཚེ་དཔག་མེད་ཀྱི་ཞལ་གཟིགས་པའི་རྟ་ནག་ཆོས་རྗེ་ཆོས་ཀྱི་དཔལ་འབྱོར་ལས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང་སོགས་ཆོས་བཀའ་ཅི་རིགས་པ་དང་། ཆོས་རྗེ་དབྱངས་པ་གྲགས་བསམ་པ་ལས་གསང་བདེ་གཉིས་ཀྱི་དབང་དང་། བསྐྱེད་རྫོགས་སོགས་གསང་སྔགས་ཀྱི་ཆོས་མང་དུ་གསན། དེ་ལྟར་དགུང་ལོ་ཉེར་གསུམ་ཡན་ལ་གཙང་ཕྱོགས་སུ་མདོ་སྔགས་ཀྱི་གསན་སྦྱོང་རྒྱ་ཆེན་མཛད་ནས། དཔལ་འཁོར་བདེ་ཆེན་དང་། གནས་རྙིང་གཟུངས་སྒྲུབ་རྣམས་སུ་རབ་འབྱམས་ཀྱི་གྲྭ་སྐོར་མཛད། དགུང་ལོ་ཉེར་བཞིའི་སྐབས་དབུས་སུ་ཕེབས་ནས་སེ་རར་ཆོས་རྗེ་དོན་ཡོད་དཔལ་ལྡན་དང་མཇལ། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་དུ་རྩ་འཇུག་གཉིས་ཀྱི་ཊཱིཀྐ། དྲང་ངེས་རྣམ་འབྱེད་ཀྱི་ཊཱིཀྐ། ཀརྨ་ཤ་ཏམ། ཚུལ་ཁྲིམས་ལེའུའི་རྣམ་བཤད་སོགས་དང་། པདྨ་དབང་ཆེན་གྱི་གཏོར་དབང་སོགས་ཟབ་ཆོས་མང་དུ་གསན་ཅིང་། དེ་ཚེ་ཆོས་མཚམས་ཤིག་ལ་སེ་ར་རྩེར་རྗེའི་གཟིམས་ཁང་སེར་པོར་དཔེ་མཚམས་ལ་བྱོན་ཏེ་དྲང་ངེས་རྣམ་འབྱེད་ཐུགས་ལ་བྱང་བར་བཟུང་ནས། དེའི་དོན་རྗེའི་རྩ་འཇུག་གི་ཊཱིཀ་ཆེན་གཉིས་དང་། སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་ཀྱི་སྟེང་ནས་ཞིབ་ཏུ་དཔྱད་ཅིང་། མདོ་སྡེ་དགོངས་འགྲེལ། དབུ་མ་རྒྱན་རྩ་འགྲེལ་སོགས་ལ་གཟིགས་རྟོག་མཛད་པས་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གྲུབ་པའི་མཐའ་ལ་འཁྲུལ་པ་མེད་པའི་ངེས་པ་རྙེད། རྗེ་ཤེས་རབ་བཟང་པོའི་དྲུང་དུ་བསྙེན་རྫོགས་བསྒྲུབས་ཤིང་། རྗེ་དེ་ཉིད་ལས་བསླབ་བྱ་ཆེན་མོ་མེ་ཏོག་འཕྲེང་རྒྱུད་ལ་སོགས་པའི་བཤད་ལུང་དུ་མ་དང་། དཔལ་མཆོག་རིགས་བསྡུས་སོགས་ཀྱི་དབང་། རྟ་མགྲིན་ཤྭོ་ན་བཞི་སྐོར་ལ་སོགས་པའི་རྗེས་གནང་འགའ་ཞིག་གསན། དགུང་ལོ་ཉེར་བདུན་གྱི་སྐབས་གནས་རྙིང་ཆོས་རྗེའི་བཀའ་བཞིན་སླར་ཡང་གཙང་ཕྱོགས་ལ་ཕེབས་ནས་ལོ་གསུམ་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དགུང་ལོ་ཞེ་གསུམ་པ་ལྕགས་ལུག་(༡༥༡༡)ལོར་མཁས་གྲུབ་དོན་ཡོད་དཔལ་ལྡན་གྱི་སྐུ་ཚབ་ཏུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོར་ཕེབས། རྗེ་འདིར་མཁས་པའི་གྲགས་པ་ཆེས་ཆེར་རྒྱས་སྟབས་སྡེ་པ་སྒར་པས་རིས་མེད་ཀྱི་མཁས་པ་མང་པོ་བསགས་ནས་པོ་ཏ་ལ་དང་གཞིས་ཀ་སྣེའུ་རྣམས་སུ་རྗེ་འདི་དང་བགྲོ་གླེང་ཡང་གནང་བཅུག །དགུང་ལོ་ང་ལྔའི་སྐབས་སྟག་རྩེ་རིན་ཆེན་སྒང་གི་མཁན་པོར་ཕེབས། དེ་ནས་མི་རིང་བར་སེ་རའི་ཁྲི་ཐོག་བཅུ་གཉིས་པར་ཕེབས། དགུང་ལོ་བདུན་ཅུ་པ་ས་ཁྱི་ (༡༥༣༨) ལོར་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཚབ་ཏུ་བསྐྱར་དུ་སེ་རའི་ཁྲི་པ་གནང་། དགུང་ལོ་དོན་གསུམ་གྱི་སྐབས་ཆོས་རྗེ་ཤེས་རབ་སེང་གེ་ལ་གྲྭ་ཚང་གི་འཆད་ཉན་འགན་འཁྲི་གནང་ནས་རྗེ་ཉིད་ཟུར་བཞུགས་མཛད། སྐུ་ཚེའི་སྨད་དུ་བདེ་ཆེན་གསང་སྔགས་མཁར་གྱི་གདན་སར་ཕེབས་ནས་མཐར་དགུང་ལོ་དོན་དྲུག་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་འབྲུག་(༡༥༤༤)ལོའི་ཟླ་༡༡ ཚེས་ ༡༩ ཉིན་ཞི་བར་གཤེགས། སློབ་མའི་གཙོ་བོ་དཀའ་ཆེན་ཤེས་རབ་རྒྱལ་པོ། རྟ་ནག་དགེ་འདུན་བློ་བཟང་། ཁྱུང་ཕྲུག་བྱམས་པ་བཀྲ་ཤིས། པཎ་ཆེན་བདེ་ལེགས་ཉི་མ། རྗེ་དྲུང་ཤེས་རབ་དབང་པོ། དྭགས་པོ་ནམ་མཁའ་གྲགས་སོགས་མང་དུ་བྱུང་།
བཀའ་རྩོམ་གྱི་སྐོར་ལ། བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྤྱི་མཐའ་དཔྱོད། དྲང་ངེས་དང་། བསམ་གཟུགས། རྟེན་འབྲེལ། དགེ་འདུན་ཉི་ཤུ་རྣམས་ཀྱི་སྤྱི་མཐའ་དཔྱོད། དབུ་མ་འཇུག་པའི་སྤྱི་མཐའ་དཔྱོད། གསུང་ལན་སོགས་བསྟན་བཅོས་མང་དུ་བཞུགས་ཤིང་། བསྟན་བཅོས་དེ་དག་ལ་མདོ་དབུས་ཁམས་གསུམ་གྱིས་གཙོས་རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་རྣམས་སུ་ཐོས་བསམ་རྒྱ་ཆེར་བྱེད་ཀྱིན་ཡོད།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༥།༡༢།༢༩ ལ།
བཞི་མཆོད་ངོ་སྤྲོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བོད་ཟླ་བཅུ་པའི་ཚེས་ཉི་ཤུ་བཞི་ཉིན་ནི། ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ཐོག་མར་ཕྱག་འདེབས་པར་མཛད་མཁན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གང་ཉིད་སྐུ་གཤེགས་པའི་དགོངས་རྫོགས་ཀྱི་དུས་མཆོད་ཉིན་མོ་ཡིན་པས། གདན་ས་སེ་འབྲས་དགའ་གསུམ་གཙོ་བྱས་པའི་དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་ཀུན་གྱིས་རྗེས་དྲན་གྱི་ཚུལ་དུ་གླིང་མེ་ལ་སོགས་པའི་མཆོད་པ་རྒྱ་ཆེར་བཤམས་པའི་སྲོལ་ཡོད་པ་དེ་ལ་བཞི་མཆོད་ཟེར།
བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི། རྗེ་ཙོང་ཁ་པའི་དངོས་སློབ་རྒྱ་ནག་རྒྱལ་པོའི་དབུ་བླར་གྱུར་པའི་བླ་ཆེན་གཉིས་ཀྱི་གྲས་ཡིན་པ་དང་། ཁོང་ནི་ཚལ་གུང་ཐང་དུ་ཚལ་པའི་དཔོན་བརྒྱུད་ཀྱི་རིགས་སུ་ ༡༣༥༤ ལོར་སྐུ་བལྟམས། གཞོན་ནུ་ཉིད་ནས་ཡི་གེ་འབྲི་ཀློག་སོགས་གསན་བསམ་མཛད། རབ་ཏུ་བྱུང་བའི་མཚན་ཤཱཀྱ་ཡེ་ཤེས་གསོལ། བླ་མ་མང་པོ་བསྟེན་ནས་གསུང་རབ་ལ་སྦྱང་བ་མཛད་དེ་མཁས་པར་གྱུར། ཁྱད་པར་རྗེ་ཙོང་ཁ་པ་བླ་མར་བསྟེན་ཞིང་མདོ་སྔགས་ཀྱི་ཟབ་ཁྲིད་མང་པོ་གསན་ཏེ་མཁས་པའི་དབང་པོར་གྱུར། རྗེའི་གསོལ་འདྲེན་པ་གནང་། རྗེ་ཙོང་ཁ་པ་ལས་བསྙེན་པར་རྫོགས། མདོ་སྔགས་ཀྱི་གསུང་རབ་ཀུན་ལ་མཁསཔའི་གྲགས་པས་ཁྱབ། ༡༤༠༨ ལོར་རྒྱ་ནག་གི་ཏྭ་མིང་རྒྱལ་པོས་རྗེ་ཙོང་ཁ་པ་ཆེན་པོའི་སྙན་པ་གསན་ནས་གསེར་ཡིག་པ་མང་པོ་ལུང་དང་འབུལ་སྐྱེས་གྱ་ནོམ་པ་དང་བཅས་གདན་འདྲེན་པར་མངགས་པ་ལ། དང་པོར་ཅུང་ཟད་དབེན་པ་འདྲར་མངོན་ཆུང་དུ་བཞུགས་ཏེ་མཇལ་དུ་མ་གནང་། རྗེས་སུ་མི་དབང་གྲགས་པ་རྒྱལ་མཚན་དང་དཔོན་ནམ་མཁའ་བཟང་པོ་བཅས་ངོ་ཆེན་དུ་སྦྲན་ནས་གསེར་ཡིག་པ་རྣམས་ལ་མཇལ་ཁ་གནང་རུང་། རྒྱ་ཡུལ་དུ་འབྱོན་པར་དགག་ཆ་ཆེ་ཞིང་དགོས་པ་ཆུང་བའི་ཞལ་ཏ་ནན་གྱིས་གནང་ནས་གསེར་ཡིག་པ་རྣམས་ཕྱིར་ལོག །རྒྱལ་པོར་རྒྱུ་མཚན་ཞུས་པས་སླར་ཡང་རྗེ་ཉིད་ཕེབས་མི་ཐུབ་ནའང་། རྗེ་ཉིད་དང་ཁྱད་མེད་པའི་སློབ་མ་ཞིག་དབུ་བླར་དགོས་ཚུལ་ཞུས་པས། ༡༤༡༤ ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གང་ཉིད་རྗེ་ཙོང་ཁ་པའི་བཀའ་སློབ་ལྟར་རྒྱ་ནག་ཏུ་ཕེབས་ནས་ཡུང་ལོ་རྒྱལ་པོ་དང་མཇལ། རྒྱལ་པོར་ནད་བཅོས་དང་དགོན་པ་བཏབ་པ་སོགས་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པས། རྒྱ་ནག་རྒྱལ་པོས། [འཕྲིན་ལས་སྣ་ཚོགས་ལ་མཁས་ཤིང་གསལ་བ། ཆོས་ཉིད་དམ་པ་མཆོག་ཏུ་རྒྱལ་བ། ཤེས་རབ་རྣམ་དག་སྣང་བ་ཆེན་པོ་ཀུན་ཏུ་ཁྱབ་ཅིང་རྒྱལ་ཁམས་སྐྱོབ་པ། བསྟན་པ་རྒྱས་མཛད་རབ་ཏུ་དགེ་བ། བྱམས་ཆེན་ཆོས་ཀྱི་རྒྱལ་པོ།] ཞེས་པའི་མཚན་དང་། འཇའ་ས། འབུལ་བ་བསམ་གྱིས་མི་ཁྱབ་པ་མཛད་ནས་འགྲན་ཟླ་མེད་པའི་དབུ་བླར་བཀུར། དེ་ནས་རི་བོ་རྩེ་ལྔར་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་ ༡༤༡༦ ལོར་བཀའ་འགྱུར་པར་ཕུད་བསྣམས་ནས་བོད་དུ་ཕྱིར་ཕེབསནས་རྗེ་ཙོང་ཁ་པ་དང་མཇལ་ཏེ། རྒྱ་ནག་རྒྱལ་པོས་ཕུལ་བའི་གནས་བཅུའི་འཐག་སྐུ། ལྗོན་ཤིང་གི་གུར། གསེར་དངུལ་གྱི་མཎྡལ་བཅས་ཕུལ་ནས་ཞབས་བརྟན་གསོལ་འདེབས་ཀྱང་མཛད། ༡༤༡༩ ལོར་རྗེ་ཙོང་ཁ་པའི་བཀའ་ལྟར་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་སྟེ་འཆད་ཉན་གྱིས་ལེགས་པར་བསྐྱངས་ཤིང་། མཐུན་རྐྱེན་ཕལ་ཆེ་བ་ཕག་གྲུའི་བློན་པོ་སྣེའུ་རྫོང་པ་ནམ་མཁའ་བཟང་པོས་སྦྱར། དེ་རྗེས་ ༡༤༢༤ ལོར་སླར་ཡང་རྒྱ་ནག་རྒྱལ་པོ་ཡུང་ལོས་སྤྱན་དྲངས་པ་ལྟར་ཕེབས་ཀྱང་རྒྱལ་པོའི་ཕོ་བྲང་གི་ཁད་ཉེར་འབྱོར་སྐབས་རྒྱལ་པོ་གྲོངས། སྲས་ཟོན་ཏེས་ཡབ་རྒྱལ་པོ་ལས་ཀྱང་བཀུར་སྟི་ཆེ་བར་མཛད་པར་མ་ཟད། ནུབ་ཕྱོགས་ཀྱི་ལྷའི་སྲས་པོ་ཏཱ་གུའུ་ཤྲཱི་ཞེས་པའི་ཆོ་ལོ་དང་ཟང་ཟིང་གི་དངོས་པོ་མཐའ་ཡས་པ་ཕུལ་ཅིང་། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། ༡༤༣༥ ལོའི་ཟླ་ ༡༠ ཚེས་ ༢༤ ཉིན་དབུས་སུ་ཕེབས་པའི་ལམ་བར་མཛོ་མོ་མཁར་དུ་ཞི་བར་གཤེགས། དེ་ནས་བཟུང་བཞི་མཆོད་ཅེས་བོད་ཟླ་བཅུ་པའི་ཚེས་ཉེར་བཞིའི་དགོང་མོ་གླིང་མེ་སྦར་བའི་སྲོལ་དར་བ་ཡིན་ལ།
ཆོས་རྗེ་འདི་ཉིད་མཛད་རྗེས་ཤིན་ཏུ་ཆེ་བར་བརྟེན་རྒྱ་བོད་ཧོར་གསུམ་གྲུབ་མཐའ་རིས་མེད་ཀྱི་སྐྱ་སེར་མཐའ་དག་གིས་ཁོང་ལ་དྲན་གསོ་ཞུ་བའི་འདས་མཆོད་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བའི་རྒྱུན་སྲོལ་བྱུང་བ་ལྟར་དེ་ཉིན་གྱི་དགོང་མོར་སེ་འབྲས་དགའ་གསུམ་སོགས་ཆོས་སྡེ་ཁག་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། དེ་བཞིན་ལྷ་ཞོལ་གྲོང་མི་བཅས་པའི་ཡངས་སྟེང་ངམ་སྒེའུ་ཁུང་གི་མདུན་ངོས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བའི་གླིང་མེའི་མེ་མཆོད་སྦར་བ་དང་། ལོ་ལྟར་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་བཞིའི་ཉིན་བཞི་མཆོད་དང་། དེའི་ཕྱི་ཉིན་ཚེས་ཉེར་ལྔ་ཉིན་རྗེ་ཙོང་ཁ་པ་ཆེན་པོའི་དགོང་རྫོགས་མཆོད་འབུལ་དགའ་ལྡན་ལྔ་མཆོད་ཅེས་པ་ཡིན་པས། ཉིན་དེ་གཉིས་ཀྱི་མཚན་མོ་ལྷ་སར་མཚོན་ན་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། དགོན་སྡེ་ཁག །ཡུལ་མི་སོ་སོ་བཅས་ནས་ཐོག་སྟེང་སོགས་ལ་མཆོད་མེ་སྦར། ལྷག་པར་ཚེས་ཉེར་ལྔ་ཉིན་མཆོད་མེ་ཟབ་རྒྱས་སྦར་ཐོག །ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། དགོན་སྡེ་ཁག་བཅས་ཀྱི་ཡང་སྟེང་ནས་དུང་ཆེན་དང་རྒྱ་གླིང་གི་སྙན་གསན་གཏོང་། བྱིས་པ་ཚོས་གཡག་གི་ལྒང་བུ་ལ་ཕུ་བརྒྱབ་ནས་སྐམ་པའི་ནང་མཆོད་མེ་བླུག་པའི་ལྒ་བཞུ་འཁྱེར་ཏེ་བར་སྐོར་དུ་བསྐྱོད། དེ་ཉིན་ཕྱག་སྐོར་མཆོད་འབུལ་བྱེད་མི་མང་ལ་དགོང་ཟས་སུ་བག་ཐུག་འཐུང་སྲོལ་དེ་ཡང་མྱ་ངན་མཚོན་བྱེད་ཡིན་ཟེར། དེ་ཉིན་ནས་དཔོན་རིགས་རྣམས་དགུན་ཆས་གྱོན། རྩེ་ཕོ་བྲང་དུ་མཛད་སྒོ་ཡང་ཡོད།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས། ༢༠༡༥།༡༢།༠༤ ལ།
དགའ་ལྡན་ལྔ་མཆོད་ཆེན་མོ་ངོ་སྤྲོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ། དགའ་ལྡན་ལྔ་མཆོད་དམ་བཅུ་པའི་ལྔ་མཆོད་ནི་བོད་ཟླ་༡༠པའི་ཚེས་༢༥ཉིན་ཡིན་ལ། ཉིན་དེ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མྱ་ངན་ལས་འདས་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང་། དགོངས་རྫོགས་ཀྱི་དུས་མཆོད་ཆེན་མོ་དེ་ལ་དགའ་ལྡན་ལྔ་མཆོད་ཅེས་འབོད་པ་རེད། བོད་རབ་བྱུང་བདུན་པའི་ས་མོ་ཕག་སྟེ་ཕྱི་ལོ་༡༤༡༩ལོའི་སྟོན་དུས། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གསུངས། དེ་ནས་སླར་དགའ་ལྡན་དུ་ཕྱིར་ཕེབས་ཏེ་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད་རྗེས། སྐུ་བེར་དང་དབུ་ཞྭ་དག་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་མཐར། བོད་ཟླ་༡༠པའི་ཚེས་༢༥ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད།
དེའི་ཕྱི་ལོ་ལྕགས་བྱི་སྟེ་༡༤༢༠ལོའི་ཟླ་༡༠པའི་ཚེས་༢༥ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་དང་ཀྱཻ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་བ་བསྒྲུབས་པ་དང་། དུས་མཚུངས་སུ་སྣེའུ་དཔོན་ནམ་མཁའ་བཟང་པོ་བ་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ། དགེ་འདུན་མང་པོས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་། དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྣམ་དཀར་ལ་བརྩོན་ཞིང་། གླིང་མེ་བཀར་བའི་སྲོལ་བྱུང་། ཕྱིས་སུ་འདི་ཉིད་རིམ་བཞིན་བོད་ཆོལ་ཁ་གསུམ་དུ་དར་བ་དང་། དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་ཡུལ་ཕྱོགས་མང་པོའི་རྗེའི་རྗེས་འཇུག་པ་རྒྱ་བོད་ཧོར་སོགས་ཀྱི་དད་ལྡན་གྱི་མཇལ་བ་རྒན་དར་གཞོན་གསུམ་རྣམས་ཀྱིས་དགོན་སྡེ་དང་རྟེན་རྩ་ཆེན་བཞུགས་སའི་ལྷ་ཁང་ལ་ཕྱག་མཆོད་དང་། མཚན་བསྐོར་སོགས་བརྒྱབ་ན་དགེ་བ་ལྡབ་འགྱུར་གྱིས་འཕེལ་བའི་དུས་ཆེན་ཞིག་ལ་བརྩི་བས། ཉིན་དེར་དགེ་བར་འབད་ཅིང་སྡིག་པར་འཛེམ་པའི་ཡུལ་སྲོལ་བཟང་བོ་ཞིག་ཀྱང་དར་ཡོད་ལ། གྲྭ་བཙུན་དང་མཇལ་བ་རྣམས་ཀྱིས་ལག་ཏུ་བདུག་སྤོས་ཁྱེར་ནས་རྗེ་རིན་པོ་ཆེའི་གསོལ་འདེབས་དམིགས་བརྩེ་མ་སྙན་ཞིང་འཇེབས་པའི་དབྱངས་རྟ་རུ་བཀུགས་ནས་མཆོད་མཇལ་དུ་འགྲོ་བའི་སྲོལ་དེང་སང་གི་བར་དུ་མ་ཉམས་པར་གནས་ཡོད།
དབུས་སོགས་ཡུལ་གྲུ་ཁག་གཅིག་ཏུ་ལྔ་མཆོད་ཀྱི་དགོང་མོར་རྗེ་ཙོང་ཁ་པ་ཆེན་མོར་དད་སེམས་མཚོན་བྱེད་དུ་མྱང་ཐུག་ཅེས་པའི་བག་ཐུག་ངེས་པར་དུ་འཐུང་དགོས་པ་དང༌། དགའ་ལྡན་ལྔ་མཆོད་ནས་བཟུང་དགུན་ཁ་དངོས་སུ་སླེབས་པའི་རྟགས་དང་མཚན་མར་འཛིན་ལ། དེ་ཉིན་རྩེ་ཕོ་བྲང་དུ་དྲུང་བཞེས་འཆར་ཅན་ཐོག །དགུན་ཆས་ན་བཟའ་བརྗེ་བཞེས་ཀྱི་མཚམས་དང་། རྩེ་ཤོད་ཞབས་གསར་བ་ནས་གསར་མཇལ་ཞུ་བ་སོགས་དྲུང་བཞེས་གྲུབ་འཕྲལ་དགོངས་རྫོགས་མཆོད་སྤྲིན་སླད་༧གོང་ས་མཆོག་དང་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དབུ་བཞུགས་ཀྱི་ཆོག་གྲ་སྐུ་བཅར་རྣམ་གྲྭའི་དགེ་འདུན། གཞུང་ཞབས་སེར་སྐྱ་ཁོངས་གཏོགས་དང་བཅས་པ་རྩེ་ཕོ་བྲང་གི་རྟེན་གཙོ་འཕགས་པ་ལོ་ཀེ་ཤྭ་ར་སོགས་རྒྱལ་མཆོག་གོང་མ་རིམ་བྱོན་གྱི་གསེར་གདུང་རིན་པོ་ཆེ་བཞུགས་པའི་མཆོད་ཁང་སོ་སོར་ཕེབས་ཏེ་མཆོད་འབུལ་མཛད། པོ་ཏ་ལ་ཞོལ་གྱི་མི་མང་ནས་དེ་ཉིན་དགའ་ཉེ་བློ་དཀར་རྣམས་མགྲོན་འབོད་ཀྱི་སྤྲོ་སྐྱིད་གཏོང་སྲོལ་དང་། དགོང་མོ་ཕོ་བྲང་ཡས་མས་ལྷ་ཞོལ་དགོན་ཁག །དེ་བཞིན་མི་ཁྱིམ་ཡོངས་རྫོགས། སེ་འབྲས་དགའ་གསུམ། རྒྱ་ཁྱབ་སེར་སྐྱའི་དགོན་ཡུལ་ཚང་མའི་ཡང་སྟེང་མར་མེའི་ཕྲེང་བ་བསྒྲིགས་པའི་གླིང་མེའི་[དགོན་པ་དང་གྲོང་བའི་ཁང་ཀླད་དུ་མཚན་མོར་མར་དང་གཡིས་ཀྱི་མཆོད་མེ་དང་གློག་སྒྲོན་ཕྲེང་བསྒྲིགས་ནས་མཆོད་པ་འབུལ་ལ་དེ་ལ་ཡོངས་གྲགས་སུ་གླིང་མེ་ཟེར།]མཆོད་པ་རྒྱ་ཆེན་པོ་འབུལ་སྲོལ་ཡོད།
བོད་ཀྱི་ས་ཕྱོགས་གཞན་ཀུན་ཏུ་ཡང་ལོ་རེའི་ཉིན་དེར་དགོན་གྲོང་གཉིས་སུ་རྣམ་དཀར་དགེ་སྒྲུབ་ཀྱི་ལས་ལ་འབད་པ་དང་། སྲོག་གཅོད་སྡིག་ལས་སོགས་མི་བྱེད་པར་རང་གི་འབྱོར་བར་གཞིགས་ཏེ་དགོན་སྡེ་ཁག་ལ་མཆོད་འབུལ་བརྒྱ་འབུལ་སྟོང་འབུལ་བྱེད་པ་དང་། ལྷ་བསང་གཏོང་བ། མཚན་མོ་གླིང་མེ་བསྒྲོན་ཏེ་རྗེ་བདག་ཉིད་ཆེན་པོར་དྲན་གསོ་བྱེད་པའི་སྲོལ་བཟང་དར་ཡོད།
དུས་ཆེན་འདི་ནི་རྗེ་ཁོང་ཉིད་ཀྱི་རྗེས་འཇུག་པ་དང་དད་ལྡན་གྱི་སྦྱིན་བདག་མང་པོས་རྗེ་ཙོང་ཁ་པ་ཆེན་མོར་རྗེས་དྲན་དང་མྱ་ངན་བྱེད་པའི་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན།
རྗེ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་སྐོར་ལ་རྣམ་ཐར་དད་པའི་འཇུག་ངོགས་ལས་འདི་ལྟར་གསུངས། དེའི་སང་ཉིན་ཉི་ཤུ་ལྔའི་སྔ་དྲོ་དང་པོ་ནས་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་མཛད། ཕྱག་གཉིས་མཉམ་པར་བཞག་སྟེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལས་ཉི་མ་ཤར་རྗེས་ཙམ་ལ་སྟོང་པ་གསུམ་རིམ་གྱིས་ཐིམ་ནས་ཐམས་ཅད་སྟོང་པ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ། དེ་ཡང་ཤངས་ཀྱི་སྒོའི་རླུང་རགས་པ་རྒྱུ་བ་ནང་དུ་ཐིམ་པ་ནས། ཞལ་གྱི་དཀྱིལ་འཁོར་དེ་གོང་ཅུང་ཟད་སྐུ་ཁམས་བསྙེལ་བ་སོགས་ཀྱིས་སྔར་ལས་སྐུ་མདངས་ཅུང་ཞིག་ཆུང་བར་ཡོད་ནའང༌། དེའི་ཚེ་གློ་བུར་དུ་ཟླ་བ་རྒྱས་པ་ལྟར་གྱུར་ཏེ། སྐུའི་ཆ་ཐམས་ཅད་འོད་ཀྱི་ལུས་ཅན་གྱི་ལྷ་བུ་གཞོན་ནུ་ལྟར་གྱུར་ཅིང༌། སྐུའི་ཤ་ཞུ་བ་དང༌། ལྟར་ལྟར་པོར་གྱུར་པ་དང༌། ཁང་ཁུང་དུ་གྱུར་པ་ལ་སོགས་པ་ཅུང་ཟད་ཀྱང་མེད་ལ། སྔར་གྱི་སྐུའི་གཉེར་མ་རྣམས་ཀྱང་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚོད་ཙམ་དུའང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་ཏེ། བལྟ་བར་མི་བཟོད་པའི་འོད་ཀྱི་ཕུང་པོ་དང་ལྡན་ཞིང༌། དེ་ཡང་ཁ་ཅིག་ནི་སྐུའི་འོད་དམར་སེར་དུ་སྣང་ངོ་ཞེས་ཟེར། ཁ་ཅིག་ནི་དཀར་སེར་དུ་སྣང་ངོ་ཞེས་ཟེར། ཁ་ཅིག་ནི་གསེར་བཙོ་མ་ལྟ་བུར་སྣང་ངོ་ཞེས་ཟེར་ཏེ། ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པའི་ལྷའི་ལུས་ཅན། ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་རྒྱན་དང་ཆ་ལུགས་སྤངས་ནས། ནང་དུ་ཡང་དག་འཇོག་ལ་མཉམ་པར་བཞག་པ་ཇི་ལྟ་བ་དེ་ལྟར་གྱུར་པ་ན། དེའི་ཚེ་གློ་བུར་ཉིད་དུ་མགོན་དང་བྲལ་བས། ཡིད་མྱ་ངན་གྱིས་བརླམས་ཏེ། རང་གི་འཚོ་བ་ལ་ཡང་མི་ལྟ་བར་གྱུར་པའི་སྐྱེ་བོ་དྲུང་ན་འཁོད་པ་དག་ཐམས་ཅད་ཀྱང༌། ཨེ་མ་མ་ལ་འདི་འདྲ་བའི་ངོ་མཚར་བ་ནི་བརྗོད་པར་དཀའ་བ་ཞིག་སྟེ། བདག་ཅག་རྣམས་ཀྱིས་ལྷའི་ལུས་མངོན་སུམ་དུ་མཐོང་ངོ༌། །ཞེས་མྱ་ངན་གྱིས་མྱོས་པས་རང་དབང་བྲལ་བཞིན་དུ་ཡང་ངོ་མཚར་བས་བསྐྱོད་པའི་མུ་ཅོར་གྱི་གར་བྱེད་དོ། །དེ་ཡང་སྐུ་འདའ་བའི་ཚེ་སྐུའི་མདངས་དང་གཞོན་ཤ་ལ་སོགས་ཏེ། མདོར་ན་མིའི་ལུས་གནས་གྱུར་ནས་ལྷ་བུ་གཞོན་ནུའི་ལུས་ལྟ་བུར་གྱུར་པ་འདི་འདྲ་བ་སྔོན་ཆད་སུ་ཞིག་ལ་བྱུང་བའི་ལོ་རྒྱུས་བསྙད་པ་འགའ་ཐོས་པའམ། འདིའི་རྒྱུ་མཚན་ནི་འདི་ལྟའོ་ཞེས་བརྗོད་པར་བྱ་བ་ཅི་ཞིག་ཡོད་ཅེ་ན། སྔོན་གྱི་ཚེ་རྒྱ་གར་གྱི་གྲུབ་ཐོབ་པཎྜི་ཏ་ག་ཡ་དྷ་ར་ཞེས་བྱ་བ་དེ་ཉིད་མཁའ་རེག་ཏུ་འདས་པ་ན་སྐུ་ལུས་ཤིན་ཏུ་ཆུང་ཞིང་གཞོན་ཤ་དང་ལྡན་པའི་བྱིས་པའི་ན་ཚོད་ལྟ་བུར་གྱུར་ཏོ་ཞེས་ཐོས་ཀྱི། བོད་ཀྱི་བླ་མ་སྔ་མ་སུ་ཞིག་ལའང་ཚུལ་དེ་ལྟར་བརྗོད་པ་མ་ཐོས་སོ། །འོན་ཀྱང་དེའི་རྒྱུ་མཚན་ནི་འདི་ཡིན་པར་འཁུམས་ཏེ། བཅོམ་ལྡན་འདས་ཀྱི་གསུང་རབ་དག་ལས། གང་གི་རྒྱུད་ལ་མཐོང་བའི་ལམ་སྐྱེས་པ་དང༌། དགྲ་བཅོམ་པ་མངོན་དུ་བྱས་པ་ལ་སོགས་པའི་སྒོ་ནས་བདུད་རྩི་ཐོབ་པར་གྱུར་པ་ན། དབང་པོ་ཡོངས་སུ་གསལ་ཞིང༌། བཞིན་གྱི་མདོག་ནི་དག་ལ། པགས་པའི་མདོག་ནི་དཀར་བ་ལ་སོགས་པ་ལུས་ཀྱི་མདངས་སྔར་ལས་གནས་གྱུར་པ་འབྱུང་བ་དུ་མ་ཞིག་གསུངས་ཏེ། དེ་བས་ན་རྗེ་འདི་ཡང་དེའི་ཚེ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ། འཆི་བ་ཆོས་ཀྱི་སྐུར་བསྒྱུར་བའི་སྒོ་ནས་བར་དོ་སྒྱུ་མའི་སྐུར་བཞེངས་ཏེ། བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་མཐར་ཐུག་པ་མངོན་དུ་མཛད་པ་ཡིན་པར་གདོན་མི་ཟ་བས། དེའི་ངོ་མཚར་བའི་ལྟས་ཡིན་པར་ཤེས་པར་བྱོས་ཤིག །གཞན་ཡང་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་པ་ལ་ནི། སྐུ་ཚེ་འདི་ཉིད་དུ་དེའི་རྒྱུ་ཚོགས་རྣམས་ལེགས་པར་ཐུགས་རྒྱུད་ལ་འཁྲུངས་ཚར་བ་འདི་འདྲའོ། །ཞེས་བྱ་བ་ལ་སོགས་པའི་རྒྱུ་མཚན་ཆེས་ཞིབ་པ་ཉིད་དུ་ཁོ་བོ་ལ་བསྙད་པར་བྱ་བ་ཡོད་མོད་ཀྱི། འོན་ཀྱང་ཚོགས་སུ་བསྒྲག་པར་མ་གནང་བས་མ་བྲིས་ལ། ཅུང་ཟད་བརྡ་གོ་བར་ནུས་པ་ཙམ་ཞིག་རྣམ་པར་ཐར་པ་ཐུན་མོང་མ་ཡིན་པར་བརྗོད་ཟིན་ཏོ། །འོ་ན་དགའ་ལྡན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོ་ཞེས་བྱ་བར་འགྱུར་བ་ཉིད་དུ་ལུང་བསྟན་ཅིང་ཞལ་གྱིས་བཞེས་པ་མ་ཡིན་ནམ་ཞེ་ན། དེ་ནི་འཕགས་པ་ཀླུ་སྒྲུབ་ས་དང་པོ་ཐོབ་སྟེ་བདེ་བ་ཅན་དུ་གཤེགས་པར་གསུངས་པ་དང༌། ཡང་སྐུ་ཚེ་དེ་ཉིད་ལ་རྡོ་རྗེའི་འཆང་ཆེན་པོའི་གོ་འཕང་མངོན་དུ་མཛད་པར་གསུངས་པའི་ཚུལ་གཉིས་ཀ་འགལ་བ་མེད་པ་དང་འདྲ་སྟེ། སྤྲུལ་པའི་སྐུའི་སྟོན་ཚུལ་གྱི་དབང་དུ་བྱས་པའོ། །དེ་ལྟར་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པའི་རིང་ལ། སྐུའི་ཞལ་གྱི་དཀྱིལ་འཁོར་གྱི་ཐད་དྲང་ཤིན་ཏུ་ཉེ་བར། འཇའ་ཚོན་ཁ་དོག་སྣ་ལྔ་པ་ཤིན་ཏུ་དྭངས་ཤིང་འོད་འཚེར་བ་རྣམ་པར་བཀྲ་བ་སྒྱུ་མའི་སྐུ་ཉིད་ཉེ་བར་མཚོན་པའི་སླད་དུ་ཆེད་དུ་སྤྲུལ་བ་བཞིན་གཡོ་བ་མེད་པ་ཞིག་ཡུན་རིང་པོའི་བར་དུ་ཀ་བ་བཙུགས་པ་བཞིན་གནས་པར་གྱུར་ཏོ། །དུས་དེ་དག་གི་ཚེ་ནམ་མཁའ་ནི་ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་མཛད་པའི་ཚུལ་ནི་འདི་འདྲའོ། །ཞེས་འཇིག་རྟེན་ཐམས་ཅད་ལ་གོ་བར་བྱེད་པ་བཞིན་དུ་ཤིན་ཏུ་གཡའ་དག་པར་གྱུར་ཏེ་ཆེས་དྭངས་ཤིང༌། ཐ་མལ་གྱི་སྤྲིན་དང་རྡུལ་ལ་སོགས་པ་ཐམས་ཅད་དང་བྲལ་ཞིང་ས་གཞི་རླུང་གི་རྒྱུ་བ་ཐམས་ཅད་དང་བྲལ་ནས་བསེར་བུ་ཕྲ་མོའི་འགྲོ་འོང་ཡང་རྒྱུན་ཆད་པ། ཞག་བཞི་བཅུ་རྩ་དགུ་ཙམ་གྱི་བར་དུ་བྱུང་ལ། དེའི་ཚེ་དགོན་པའི་གླིང་གསེབ་ནས་གཟིམས་ཁང་གི་ཕྱོགས་སུ་རང་རང་གི་བྲང་ཁང་གི་སྟེང་གི་ལ་བད་ཁ་རྣམས་སུ་མཚན་མོ་མར་མེའི་ཕྲེང་བ་མཐའ་ཡས་པ་ཕུལ་བ་རྣམས་དང༌། གཟིམས་ཁང་གི་སྒོ་དྲུང་དང་ཕྱི་རོལ་གྱི་ཆོས་གྲྭའི་ཞལ་དཀར་ཐད་སོ་རྣམས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བ་ཐམས་ཅད་ཀྱང་མཚན་རིང་གང་ལ་མེ་ལྕེའི་རྩེ་མོ་ཅུང་ཟད་རླུང་གིས་གཡོ་བ་ཙམ་ཡང་མེད་པར་གྱུར་ཏོ། །གཞན་ཡང་ལྷ་རྣམས་ཀྱིས་མངོན་པར་མཆོད་པ་དང༌། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་མངོན་པར་བསྒྲགས་པའི་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མཚན་གུང་ལ་གྲག་པ་དང༌། ཉིན་མོ་ཡང་སྔོན་ཚོར་མ་མྱོང་བའི་སྒྲའི་བྱེ་བྲག་དུ་མ་འགའ་ཞིག་གི་རྣ་ལམ་ན་གྲག་པ་ལ་སོགས་པ་དང༌། ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་གི་ཚོགས་ནི་ཕལ་ཆེ་བ་ཀུནྡ་ལྟར་དཀར་ཞིང་མུ་ཏིག་ལྟར་འོད་གསལ་བས་མཐོན་པོ་ནས་འབྱུང་བ་ན་ཟླ་བ་ལྟར་འཚེར་བ་དང༌། འགའ་ཞིག་ནི་ཁ་དོག་སྔོན་པོ་དང༌། འགའ་ཞིག་ནི་སེར་པོ་དང༌། འགའ་ཞིག་ནི་དམར་པོ་ལ་སོགས་པ་མི་ཆེན་པོའི་ལག་པའི་མཐིལ་ཙམ་པ་དང༌། ཤིང་རྟའི་ཕང་ལོ་ཙམ་པ་དཔག་ཏུ་མེད་པ་ཆར་ལྟར་དུ་བབ་པར་གྱུར་ཏོ། །གཞན་ཡང་ཕལ་ཆེ་བར་ནམ་མཁའི་ལམ་ཐམས་ཅད་འཇའ་ཁ་དོག་དཀར་པོ་ཤིན་ཏུ་ཡིད་འཕྲོག་པས་བླ་རེ་ལྟར་བྲེས་པ་དང༌། བ་དན་ལྟར་འཕྱང་བ་དང་དགེ་ལྡན་གྱི་གཡས་གཡོན་དང་མདུན་གྱི་ལུང་པ་ཐམས་ཅད་འཇའ་ཁ་དོག་སྣ་ཚོགས་པས་ལྡ་ལྡི་ལྟར་ཁྲིག་གིས་གང་བར་གྱུར་པ་ལ་སོགས་པ་ཞག་མང་པོའི་བར་དུ་བྱུང་ཞིང༌། གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་རྩྭ་ཅན་དུ་གཟིགས་མལ་གྱི་ཐ་མ་ལ་གཟིམས་ཏེ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པ་ན་ལྷ་རྣམས་ཀྱིས་མངོན་པར་མཆོད་པ་ཇི་ལྟ་བ་དེ་ལྟར་གྱུར་ཏོ། །དེ་ནས་དུས་དེ་ཉིད་དུ། དགེ་འདུན་བརྒྱ་ཕྲག་དུ་མས་ཞག་མང་པོའི་བར་དུ། ཕྱི་ནང་གི་དཀྱིལ་འཁོར་ཆེན་པོ་དག་ཞལ་ཕྱེ་ནས། བླ་མ་དང་རྡོ་རྗེ་འཆང་ཐ་མི་དད་པ་ལ། ཕྱི་ནས་གསང་བའི་མཆོད་པ་རྒྱ་ཆེན་པོས་མཉེས་པར་བྱས་ཤིང༌། བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་བགྱིས་ཏེ་ཐུགས་ཀྱི་དགོངས་པ་རྫོགས་པ་དང༌། བདག་ཅག་ཐམས་ཅད་ལ་ནམ་དུ་ཡང་བླ་མ་མཆོག་གི་ཡེ་ཤེས་གཟིགས་པ་འབྲལ་བ་མེད་པར་གྱུར་ཅིག །ཅེས་ཡིད་ལ་བརྣག་པ་ལྷུར་བྱེད་པའི་སྨོན་ལམ་གྱི་རྟེན་རྒྱ་ཆེར་བསྒྲུབས་ལ། དེ་བཞིན་དུ་དབུས་གཙང་གི་དགེ་འདུན་གྱི་སྡེ་ཆེན་པོ་དུ་མར་ཡང་མང་ཇ་དང་འབུལ་ནོད་ཕུན་སུམ་ཚོགས་པ་རྒྱ་ཆེར་བསྒྲུབས་ཤིང༌། དེ་ཡང་ཕྱིས་ཀྱི་རབ་ཏུ་བྱུང་བ་དག་ལ། མཁན་པོ་དང༌། སློབ་དཔོན་དང༌། བླ་མ་དག་འདས་པ་ན་ཐོས་བསམ་སྒོམ་པ་དང་ཆོས་འཆད་པ་ལ་སོགས་པ་དགེ་བའི་སྦྱོར་བ་དག་རྒྱུན་བཅད་དེ། སྐྲ་ཚད་ལས་ལྷག་པར་འཇོག་པ་དང༌། གོས་བསྒྱུར་བ་དང༌། གཙུག་ལག་ཁང་གི་བ་དན་སྡུད་པ་ལ་སོགས་པ། གྲོང་པའི་ཆོས་ལུགས་དག་ཡོངས་སུ་གྲགས་མོད་ཀྱི། བདག་ཅག་རྣམས་ཀྱིས་ནི་རྗེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་དང་མཐུན་པར་གྲོང་པའི་ཆོས་ལུགས་དེ་དག་རིང་དུ་སྤངས་ཏེ། འདུ་བྱེད་ཐམས་ཅད་ཀྱི་མཚན་ཉིད་ནི་འདི་འདྲའོ་སྙམ་དུ་སྐྱོ་བར་འགྱུར་བའི་མཚན་མ་ཡིད་ལ་བྱེད་པས་སླར་ཡང་འཁོར་ལོ་གཉིས་ཀྱི་བྱ་བ་ལ་ཆེས་ཆེར་བརྩོན་པར་བགྱིས་ནས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་བྱ་བ་རྒྱུན་མི་འཆད་པར་སྒྲུབ་པ་ལ་ཞུགས་པར་གྱུར་ཏོ། །དེ་ནས་སྒྲུབ་མཆོད་ཐོན་འཕྲལ་ལ། སློབ་དཔོན་རིན་པོ་ཆེ་དར་མ་རིན་ཆེན་པའི་ཞལ་སྔ་ནས། བདག་ཉིད་ཆེན་པོའི་ཆོས་ཀྱི་ཁྲི་ལ་བཞུགས་ཏེ། གཟིམས་ཁང་དུ་ཕྱག་ཕེབས་ནས། རྗེས་འཇུག་ཡོངས་ཀྱི་གཙུག་རྒྱན་དམ་པར་རིང་དུ་བཞུགས་ཤིང༌། རྗེ་ཉིད་ཀྱི་མཛད་སྲོལ་དམ་པ་རྒྱུན་མི་འཆད་པའི་བདག་རྐྱེན་དུ་སློབ་དཔོན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པའི་ཞལ་སྔ་ནས་ཐོག་མ་མཛད་པའི་གནས་བརྟན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དག་གིས་མགྲིན་གཅིག་ཏུ་གསོལ་བ་བཏབ་སྟེ། ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་བདག་པོར་མངའ་གསོལ་ནས། སྔར་རྗེ་ཉིད་ཀྱི་ཞལ་སྔ་ནས་ཞལ་ཏ་མཛད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དངུལ་སྐུ་ཆེན་མོ་ཡང་ལེགས་པར་གྲུབ་སྟེ། རབ་ཏུ་གནས་པ་ཚུལ་བཞིན་དུ་མཛད་དོ། །
དེ་ཡང་སྐུ་དེ་བཞེངས་པའི་དགོངས་པ་གང་ཡིན་ཞེས་འགའ་ཞིག་གླེང་བར་བྱེད་མོད་ཀྱི། དེ་ནི་རྗེ་རང་ཉིད་ཀྱི་ཞལ་སྔ་ནས་སྔར་བདེ་མཆོག་དང༌། གསང་འདུས་དང༌། རྡོར་དབྱིངས་ཀྱི་གཞལ་ཡས་ཁང་རྨད་དུ་བྱུང་བ་འདི་དག་བཞེངས་པའི་དགོངས་པའི་གཙོ་བོ་ནི་བླ་མེད་དང་ཡོ་གའི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་འཆད་ཉན་ལེགས་པར་ཉམས་པ་འདི་ཅུང་ཟད་གསོ་ཨེ་ཐུབ་བསམས་ནས། དེའི་རྟེན་འབྲེལ་སྒྲིག་པའི་ཆེད་དུ་བཞེངས་པ་ཡིན། ད་དུང་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་འདི་ལ་བཤད་པ་ཞིག་གི་སྲོལ་ཅུང་ཟད་ཙམ་མ་ཚུགས་ན། རྒྱུད་སྡེ་བཞིའི་ཡ་གྱལ་གཅིག་གཏན་མེད་དུ་ནུབ་སོང་ལ་ཁད་འདུག་པས། དེའི་རྟེན་འབྲེལ་ཅིག་སྒྲིག་དགོས་ཞེས་གསུང་བ་དེ་ལ་དགོངས་པ་ཡིན་པར་གདོན་མི་ཟའོ་ཞེས་ཁོ་བོས་འཁུམས་སོ། །དེ་ནས་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པ་ལས་བཞེངས་ནས། སྐུ་གདུང་ཞུགས་ལ་བཞེན་པ་དང༌། མ་ཉམས་པར་བཞུགས་པ་ཇི་ལྟར་བྱ་ཞེས་བཀའ་བགྲོ་བ་མཛད་པ་ལས་མ་ཉམས་པར་བཞུགས་ན་བསྟན་པའི་རྒྱུན་ལ་ཤིན་ཏུ་ཕན་པའི་དགོས་པ་ཆེ་བར་དགོངས་ཏེ། མ་ཉམས་པར་བཞུགས་སུ་གསོལ་བ་ལ་ཐག་བཅད་ནས། སོ་སོ་ནས་དད་པས་ཕུལ་བའི་དངུལ་བྲེ་ཆེན་བཅོ་བརྒྱད་ཙམ་ལས་གྲུབ་པའི་གདུང་རྟེན་ཆེན་པོ། རིན་པོ་ཆེའི་ཕྲ་སྣ་ཚོགས་པ་བཀོད་པས་སྤྲས་པ་བཞེངས་ཏེ། དེའི་བུམ་པར་སྐུ་གདུང་སྣམ་སྦྱར་གྱིས་ལེགས་པར་གཡོགས་ཏེ་ཙནྡན་འབའ་ཞིག་ལས་བསྒྲུབས་པའི་སྒྲོམ་དུ་བཅུག་ནས་བཞུགས་སུ་གསོལ་ལོ། །དེའི་རྗེས་སུ་སྣེ་གདོང་དང་འབྲི་ཁུང་ནས་ཐོག་དྲངས་པའི་སྦྱིན་བདག་བུ་སློབ་རྣམས་ཀྱིས། ཞོ་སྟོང་ཕྲག་དང་བརྒྱ་ཕྲག་བགྲངས་པའི་གདུང་འབུལ་བྱུང་བ་རྣམས་དང༌། གཞན་ཡང་ཕྱོགས་ཕྱོགས་སུ་ཟངས་ཀྱི་དད་འབུལ་བསྐུལ་བའི་ཞལ་ཏ་མཛད་ནས་ཟངས་ཀྱི་འབུལ་བ་བྱུང་བ་རྣམས་ལ་བརྟེན་ནས། སློབ་དཔོན་རིན་པོ་ཆེ་པ་རྣམ་གཉིས་ཀྱིས་ཞལ་ཏ་མཛད་ཅིང༌། ནང་རྟེན་གྱི་གསེར་སྐུ་ཆེན་མོ། ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཁྲུ་གང་དུ་ཉེ་བས་ཆེ་བ་ཤིན་ཏུ་བྱོན་ལེགས་ཤིང་རྨད་དུ་བྱུང་བ་དང༌། སྐུ་གདུང་དང༌། ནང་རྟེན་བཞུགས་པའི་སླད་དུ་གཙུག་ལག་ཁང་ཤིན་ཏུ་ཆེ་ཞིང་ལེགས་པ་དང་བཅས་པ་གསར་དུ་བཞེངས་ཏེ། བྱི་བ་ལོའི་ནང་དུ་རབ་ཏུ་གནས་པ་ཡན་ཆད་ཐམས་ཅད་ཡོངས་སུ་རྫོགས་པར་གྲུབ་པར་མཛད་ལ། དེ་ཡང༌། སྐུ་གདུང་གཙུག་ལག་ཁང་གསར་པར་གདན་འདྲེན་པའི་ཚེ་ནམ་མཁའ་འཇའ་ཚོན་གྱིས་ཁྱབ་ཅིང༌། མེ་ཏོག་གི་ཆར་བར་སྣང་གང་བ་བབ་བོ། །གཞན་ཡང་བྱི་ལོ་ཟླ་བ་བཅུ་པ་ལ་དགེ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས། དཀྱིལ་འཁོར་དཔག་ཏུ་མེད་པ་སྒྲུབ་ཅིང༌། མཆོད་པའི་དུས་ཀྱི་མཆོད་པ་ཞག་དུ་མའི་བར་དུ་བསྒྲུབས་པ་ན། ཉི་མ་དང་པོ་དང་རྗེས་མ་ལ་མེ་ཏོག་གི་ཆར་བབ་པ་ནི། མེ་ཏོག་མུ་ཏིག་གི་མདོག་ལྟ་བུ་ཆུང་ངུ་འདབ་མ་དྲུག་པ་ལ་སོགས་པ་ཡུ་བ་དང་བཅས་པ་བབ་ཅིང༌། ཉེར་ལྔའི་ཉིན་མེ་ཏོག་ཆུང་ངུ་དེ་ལྟ་བུ་ནི་ས་ལ་ཁ་བ་ལྟར་ཆགས་པ་དང༌། གཞན་ཡང་མེ་ཏོག་འདབ་མ་དྲུག་པ་ལ་སོགས་པ་ཁ་ཅིག་གི་མདོག་ནི་དུང་དང༌། ཁ་ཅིག་ནི་གསེར་བཙོ་མ་དང༌། ཁ་ཅིག་ནི་ལི་ཁྲི་ལྟ་བུ་དང༌། ཁ་ཅིག་ནི་རྒྱ་མཐིང་བཟང་པོས་བྱུགས་པ་ལྟ་བུ་མི་ཆེན་པོའི་ལག་པའི་ཁྱོན་ཙམ་པ་དཔག་ཏུ་མེད་པ་བབ་པ་དང༌། དེའི་ཚེ་དཔོན་ནམ་མཁའ་བཟང་པོ་བ་ཁུ་དབོན་པའི་དྲུང་ནས། ར་ག་བྲག་ཏུ་ཆོས་རྗེ་ཤཱཀྱ་ཡེ་ཤེས་པས་ཐོག་མ་མཛད་པའི་དགེ་འདུན་དུ་མ་སྤྱན་དྲངས་ནས་དུས་ཀྱི་མཆོད་པ་རྒྱ་ཆེར་མཛད་དེ་གསོལ་བ་བཏབ་པས་ཀྱང་མེ་ཏོག་གི་ཆར་ཆེན་པོ་བབ་བོ་ཞེས་གྲག་གོ །མདོར་ན་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པའི་རྗེས་སུའང༌། ཉིད་ཀྱི་ངོ་མཚར་བའི་མཛད་པ་དག་གིས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཞག་པར་མཛད་དོ། ། ཞེས་སོ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༥།༡༡།༢༢
རྟ་མགྲིན་ཡང་གསང་གི་བསྙེན་སྒྲུབ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་དམ་ཡེ་ཤེས་དབྱིངས་དཔྱད་ཀྱིས་བཀའ་དགོངས་ལྟར་བསྟན་སྲིད་སྤྱིའི་ཞབས་རིམ་དུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ཀྱིས་དཔལ་རྟ་མགྲིན་ཡང་གསང་གི་བསྙེན་སྒྲུབ་ལོ་རེ་བཞིན་ཆག་མེད་བཞུགས་བཞིན་པ་དེ་ཡང་བོད་བསྟན་སྲིད་སྤྱི་དང་། ལྷག་པར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་གིས་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་། རང་རེ་བོད་ཁ་བ་གངས་ཅན་པ་རྣམས་ཀྱིས་རང་དབང་ཞི་བདེའི་དཔལ་ལ་མྱུར་དུ་རོལ་ཐུབ་པ། གཞན་ཡང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་ཞི་སྟེ་སྐྱེ་འགྲོ་རྣམས་ཀྱིས་བདེ་དགེ་དཔལ་ལ་རྟག་ཏུ་ལོངས་སྤྱོད་པ་དང་། ཁྱད་པར་དུ་གྲྭ་ཚང་འདི་ཉིད་ཀྱི་མཁན་ལས་ཟུར་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་ཀྱི་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་མཐའ་དག་བསྟན་འགྲོར་སྨན་པའི་རྒྱུ་རུ་འགྱུར་བ་སོགས་འཕྲལ་ཕུགས་ཕན་བདེའི་ལེགས་ཚོགས་དུ་མའི་ཆེད་དུ་དམིགས་ནས་ལོ་རེར་ཉིན་གྲངས་བཅུ་ཙམ་གྱི་རིང་ཉིན་རེར་ཐུན་བཞིའི་རྣལ་འབྱོར་ལ་གནས་ནས་ལྷག་པའི་ལྷ་མཆོག་དཔལ་རྟ་མགྲིན་ཡང་གསང་གི་བསྙེན་པ་གཏོང་གི་ཡོད། བསྙེན་པ་གྲུབ་མཚམས་སུ་དཔལ་རྟ་མགྲིན་ཡང་གི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་དང་། བདག་འཇུག །ཚོགས་འཁོར་བཅས་གནང་སྟེ་བསྙེན་པ་གྲོལ་རྒྱུ་དང་། བསྙེན་པའི་རིང་ལ་གཞིས་གྲོང་དག་ནས་དད་ལྡན་མི་སྐྱ་ཕོ་མོ་བསྙེན་པར་བཞུགས་འདོད་ཡོད་རིགས་རྣམས་ཀྱང་གྲྭ་ཚང་ནས་ཕར་ཚུར་བསུ་སྐྱེལ་གྱི་རླངས་འཁོར་དང་། ཞལ་ལག་དང་གསོལ་ཇ་སོགས་བཀོད་སྒྲིག་བྱེད་ཅིང་། མི་མང་རྣམས་ལ་བསྙེན་པ་དང་བསྟུན་ཏེ་གྲྭ་ཚང་ནས་ནང་ཆོས་ངོ་སྤྲོད་ཀྱང་གནང་གི་ཡོད་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༣།༠༡།༢༢ ལ།
ལྷ་བབས་དུས་ཆེན་ངོ་སྤྲོད་མདོར་བསྡུས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ལོ་ལྟར་བོད་དབུས་སོགས་སུ་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་དང་། གཞན་དུ་རྒྱ་རྩིས་ལྟར་གྱི་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ལྷ་བབས་དུས་ཆེན་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ཡང་རྒྱལ་བུ་དོན་གྲུབ་[སྟོན་པ་ཤཱཀྱ་ཐུབ་པ་ཁྱིམ་ན་བཞུགས་པའི་གནས་སྐབས་ཀྱི་མཚན་ཡིན།] འཁྲུངས་ནས་ཞག་བདུན་ལོན་པ་དང་ཡུམ་སྒྱུ་འཕྲུལ་མ་འདས་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས་པ་ཡིན། དགུ་པའི་ཉེར་གཉིས་སམ་ལྷ་བབས་དུས་ཆེན་ནི་སྟོན་པ་ཐུགས་རྗེ་ཅན་གྱི་ཡུམ་སྒྱུ་འཕྲུལ་མ་འདས་ནས་ལྷ་ཡུལ་དུ་སྐྱེས་པ་དེར་དྲིན་ལན་བསབ་ཕྱིར། ལྷ་ཡུལ་དུ་ཕེབས་ནས་ཡུམ་སྒྱུ་འཕྲུལ་མ་གཙོ་བྱས་པའི་ལྷ་རྣམས་ལ་ཞག་དགུ་བཅུའི་བར་དུ་ཆོས་གསུངས་ཤིང་། ལྷ་གནས་སུམ་ཅུ་རྩ་གསུམ་དུ་དབྱར་ཞལ་བཞེས་ཀྱིས་བཞུགས་པར། རྒྱལ་པོ་གསལ་རྒྱལ་གྱིས་སྟོན་པ་དྲན་ནས་མོའུ་འགལ་བུ་སུམ་ཅུ་རྩ་གསུམ་དུ་མངགས་ཏེ་སྟོན་པ་མི་ཡུལ་དུ་འབྱོན་པར་གསོལ་བ་ན། ཞག་བདུན་གྱི་རྗེས་སུ་སྟོན་པ་ལྷ་མིའི་འཁོར་དང་བཅས་ཏེ་གཡས་ནས་ཚངས་པ་དང་། གཡོན་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཕེབས་བསུ་ཞུ་ནས་རིན་པོ་ཆེ་སྣ་གསུམ་ལས་གྲུབ་པའི་རྫུ་འཕྲུལ་གྱི་སྐས་འཛེག་ལ་བརྟེན་ནས། རྒྱ་གར་གྱི་གྲོང་ཁྱེར་གསལ་ལྡན་དུ་བབས་པར་མཛད་པའི་ཉིན་དེ་ལྷ་བབས་དུས་ཆེན་ལ་ངོས་འཛིན་བྱེད་ཅིང་། གནས་དེར་སྐྱེ་བོ་རྣམས་ཀྱིས་དྲན་རྟེན་གྱི་ཆེད་དུ་ལྷ་བབས་མཆོད་རྟེན་བཞེངས་པ་དེ་ནས་བཟུང་སྟེ་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ནང་ཚན་ལྷ་བབས་མཆོད་རྟེན་བཞེངས་སྲོལ་ཀྱང་དར་བ་ཡིན་ལ། འབྲེལ་ཡོད་ཀྱི་མདོ་སྡེ་དག་ལ་དཔྱད་ཚེ་ཆོ་འཕྲུལ་དུས་ཆེན་ནམ་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་དགོས་པའི་རྐྱེན་རྩའམ། མུ་སྟེགས་ཀྱི་སྟོན་པ་དྲུག་གིས་བཅོམ་ལྡན་འདས་ལ་ཕྲག་དོག་བྱེད་པའི་འགོ་འཛུགས་སའང་དུས་སྐབས་དེ་ནས་བྱུང་བར་མངོན།
བཀའ་འགྱུར་གྱི་ནང་དུ་འདིའི་སྐབས་སུ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་གསུངས་པའི། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཞེས་པའི་མདོ་ཞིག་ཡོད་པ་དེར། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ཤིང་ཡོངས་འདུའི་དྲུང་ན། ཨར་མོ་ནི་ག་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། སྐུ་བསྐྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་ཕྱིར་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། རྫུ་འཕྲུལ་ཆེ་བ། སྤོབས་པ་ཐོགས་པ་མེད་པ་ཕལ་ཆེར་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ་ཤ་སྟག་དང་ཐབས་ཅིག་ཏུ་དབྱར་གནས་པར་ཞལ་གྱིས་བཞེས་ནས། དེ་ན་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །ཞེས་འབྱུང་ཞིང་། མདོ་སྡེ་ལས་བརྒྱ་བ་སོགས་མདོ་སྡེ་རྣམས་སུ་ཡུམ་སྒྱུ་འཕྲུལ་མའི་སྐུ་ཚེ་སྔོན་དང་འབྲེལ་བའི་བྱུང་རབས་ཧ་ཅང་མང་པོ་ཞིག་ཡོད། གཞན་བཀའ་འགྱུར་དུ་ལེའུ་དགུའི་བདག་ཉིད་ཅན་གྱི། ཐབས་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ། ཞེས་པ་ཞིག་འབྱུང་བ་དེར་བཅོམ་ལྡན་འདས་ཀྱིས་སློབ་ལམ་གྱི་གནས་སྐབས་ཀྱི་ཚེ་རབས་རྣམས་སུ་ཕ་མའི་དྲིན་ལན་བསབ་པའི་སྐོར་གྱི་བྱུང་རབས་མང་པོ་ཞིག་གསུངས་ཡོད།
ལྷ་བབས་དུས་ཆེན་སྲུང་བརྩི་བྱེད་སྟངས་ནི། བོད་ཟླ་དགུ་པ་མ་ཤར་ཙམ་ནས། བོད་ཀྱི་དགོན་པ་དག་གིས་གཙུག་ལག་ཁང་དང་ལྷ་ཁང་ཁག་ལ་དཀར་རགས་གསོལ་བའི་མགོ་འཛུགས་ཤིང་། ཡུལ་མི་སོ་སོས་ཀྱང་རང་རང་གི་སྡོད་གནས་ཁང་ཁྱིམ་ཚང་མར་དཀར་རགས་གཏོང་བ་དང༌། སྒེའུ་ཁུང་ལ་ནག་རྩི་གཏོང་བ་སོགས་བྱས་ནས། དཀར་གཙང་ཡིད་དུ་འོང་བ་ཞིག་བཟོ་སྲོལ་ཡོད། དགོན་སྡེ་ཁག་དང་ཡུལ་མིའི་སྡོད་ཁང་ལ་དཀར་རགས་གཏོང་སྲོལ་དེ་ནི། བོད་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ཏེ་ལྷ་བབས་དུས་ཆེན་དངོས་གཞིའི་གོང་ལ་ངེས་པར་ཚར་བར་བྱེད་སྲོལ་ཡོད། འདི་ནི་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་ཧ་ལམ་གཅིག་མཚུངས་ཡིན། དགུ་པའི་ཚེས་ཉི་ཤུ་གཉིས་ཉིན་ཡུལ་མི་ཚོས་ཞོགས་པ་སྔ་བར་ལངས་ནས་ཁང་ཁྱིམ་ཚང་མའི་ནང་གད་བདར་གཙང་མ་བྱེད་པ་དང༌། མཆོད་པ་བཤམས་པ་སོགས་བྱེད་པ་དང་། དེའི་ཉིན་མི་རྣམས་ཀྱིས་ལག་ཏུ་མར་མེའི་ཀོང་བུ་དང་དྲི་ཞིམ་པའི་བདུག་སྤོས་སྙན་ཤལ་སོགས་འཁྱེར་ཏེ། རང་རང་ས་གནས་ཀྱི་དགོན་སྡེ་ཁག་ལ་མཆོད་མཇལ་དུ་བསྐྱོད་པ་དང་། རི་མགོ་མཐོ་ས་རྣམས་ལ་སོང་ནས་བསང་གསོལ་བྱེད་པ་དང་། དགོན་ཁག་ལ་བསྙེན་བཀུར་མང་འགྱེད་འབུལ་ཞིང་གཞན་ཡང་རང་རང་འཁོས་འབྱོར་གཏོང་ཕོད་ལ་གཞིགས་པའི་མཆོད་འབུལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་སོགས་ཀྱིས་དེ་ཉིན་རྒྱུན་གཏན་དང་མི་འདྲ་བར་རྣམ་དཀར་དགེ་བའི་ཚོགས་རླབས་པོ་ཆེ་གསོག་པའི་དོན་དུ་འབད་བརྩོན་ཆེན་པོ་བྱེད་པ་དང་། བོད་ཀྱི་ཡུལ་དབུས་ལྷ་ས་ཁུལ་ལ་མཚོན་ན། ལྡུམ་རའི་ནང་གི་དྲང་སོང་མེ་ཏོག་གི་རིགས་དེ་ཚོ། ནམ་རྒྱུན་ཞལ་ཁ་འབྱེད་ལ་ཁད་དུ་ཡོད་རུང༌། ལྷ་བབས་དུས་ཆེན་ཤར་མཚམས་མ་གཏོགས་ཞལ་ཁ་འབྱེད་ཀྱི་མེད་པ་དེ་རྒྱུ་མཚན་དུ་བྱས་ནས། དྲང་སྲོང་མེ་ཏོག་གི་མིང་ལ་ལྷ་བབས་དུས་ཆེན་གྱི་མེ་ཏོག་ཞེས་འབོད་སྲོལ་ཡང་ཡོད་པ་རེད། གཞན་ཡང་མི་ཚང་སོ་སོས་རང་རང་གི་རྒྱུ་ནོར་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་ནས། ཡར་སྐྱབས་གནས་དགེ་འདུན་ལ་བསྙེན་བཀུར་དང་། མར་སྤྲང་པོ་ཉམ་ཐག་གི་རིགས་ལ་སྦྱིན་པ་གཏོང་བ། རང་རང་བསྟི་བའི་ཁྱིམ་དུ་མཉེས་གཤིན་དགའ་འཛོམས་ཀྱིས་གང་སྐྱིད་བྱེད་པས་མཚོན། དུས་ཚེས་ཁྱད་པར་ཅན་འདིའི་ཉིན་མོར་དགེ་སྒྲུབ་སྡིག་སྤོང་གི་རྣམ་དཀར་དགེ་བའི་ལས་ལ་འབད་པར་བྱེད་པ་ཡིན།
ཟླ་བ་དང་པོའི་ཆོ་འཕྲུལ་དུས་ཆེན་དང་། བཞི་པ་ས་ག་ཟླ་བ། དྲུག་པའི་ཚེས་བཞི། དགུ་པའི་ལྷ་བབས་དུས་ཆེན་བཅས་ལ་སྟོན་པའི་དུས་ཆེན་རྣམ་བཞི་ཡང་ཟེར།
འདི་དག་གི་སྐོར་ལ་འབྲེལ་ཡོད་ཀྱི་མདོ་ཚན་ཁ་ཤས་ཡོད་པ་མཉམ་དུ་དགོད་ན། མདོ་རྒྱ་ཆེར་རོལ་པར། བུ་འདི་སྐྱེས་མ་ཐག་ཏུ་བདག་གི་དོན་ཐམས་ཅད་ཡང་དག་པར་གྲུབ་པར་གྱུར་གྱི། འདིའི་མིང་ནི་དོན་ཐམས་ཅད་གྲུབ་པར་གདགས་སོ་སྙམ་སྟེ། དེ་ནས་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་ཆེར་བྱས་ནས་བུ་འདིའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ་ཞེས་མིང་དུ་བཏགས་སོ། །ཞེས་དང་།
དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བཙས་ནས་ཞག་བདུན་ལོན་པ་དང་། ལྷ་མོ་སྒྱུ་འཕྲུལ་ཤི་བའི་དུས་བྱས་པར་གྱུར་ཏེ། དེ་ཤི་བའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་སོ། །དགེ་སློང་དག་ཁྱེད་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ལན་བོན་གྱིས་ལྷ་མོ་སྒྱུ་འཕྲུལ་འཆི་བའི་དུས་བྱས་སོ། །སྙམ་དུ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེའི་ཚད་ནི་མཐར་ཐུག་པའི་ཕྱིར་རོ། །དགེ་སློང་དག་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བཙས་ནས་ཞག་བདུན་ལོན་ན་མ་འཆི་བའི་དུས་བྱས་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྐྱེས་ཏེ་དབང་པོ་ཡོངས་སུ་རྫོགས་ནས་མངོན་པར་བྱུང་ན་མ་སྙིང་འགས་སུ་འོང་བའི་ཕྱིར་རོ། །ཞེས་དང་།
དེས་ན་ཤཱཀྱའི་བུ་མོ་ལྔ་བརྒྱ་ཙམ་སོ་སོ་ནས་འདི་སྐད་དུ་བདག་གིས་གཞོན་ནུའི་རིམ་གྲོ་བགྱིའོ། །བདག་གིས་གཞོན་ནུའི་རིམ་གྲོ་བགྱིའོ་ཞེས་ཟེར་རོ། །དེ་ན་ཤཱཀྱ་ཆེས་བགྲེས་ཆེས་བགྲེས་པ་དེ་དག་ན་རེ། བུ་མོ་འདི་དག་ཐམས་ཅད་ནི་བྱིས་པ་གཞོན་ནུ། ཐོར་བུ་གཞོན་ནུ་ལ་གཟུགས་དང་དར་ལ་བབ་པས་རྒྱས་ཤིང་དྲེགས་པ་ཡིན་པས་འདི་དག་གིས་བྱང་ཆུབ་སེམས་དཔའ་ལ་དུས་དུས་སུ་རིམ་གྲོ་བྱ་བ་མི་ནུས་སོ། །སྐྱེ་རྒུའི་བདག་མོ་གཽ་ཏ་མཱི་ནི་གཞོན་ནུའི་སྲུ་མོ་སྟེ། འདིས་ནི་གཞོན་ནུ་བདེ་བ་དང་ལེགས་པར་བསྐྱེད་པར་ནུས་སོ། །རྒྱལ་པོ་ཟས་གཙང་མའང་མཉེས་པར་ནུས་སོ་ཞེས་ཐམས་ཅད་གྲོས་གཅིག་ཏུ་འདུས་ཏེ། སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དད་པར་བྱས་ནས་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་གཞོན་ནུ་དེ་ལེགས་པར་བསྐྱེད་དོ། །ཞེས་དང་།
དགེ་སློང་དག །དེ་ནས་ང་དགུན་གྱི་ཚེས་བརྒྱད་པའི་ནུབ་མོ་དེ་ལྟར་ལུས་ཚར་བཅད་ཅིང་གཟིར་བས་མཆན་ཁུང་ནས་ཀྱང་རྔུལ་བྱུང་སྟེ་ཟགས། དཔྲལ་བ་ནས་ཀྱང་རྔུལ་བྱུང་སྟེ་ཟགས་ནས་ས་ལ་ལྷུང་སྟེ་ཟིལ་པར་ཆགས་ནས་དྲོ་ཞིང་རླངས་པ་བྱུང་ངོ་། །འདི་ལྟ་སྟེ། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པས་སྐྱེས་བུ་ཤིན་ཏུ་ཉམ་ཆུང་བ་ཞིག་མགྲིན་པ་ནས་བཟུང་སྟེ་བཙིར་པ་དེ་བཞིན་དུ་དགེ་སློང་དག །ལུས་འདི་སེམས་ཀྱིས་ཚར་བཅད་ཅིང་གཟིར་ན་མཆན་ཁུང་ནས་ཀྱང་རྔུལ་བྱུང་ཞིང་ཟགས། དཔྲལ་བ་ནས་ཀྱང་རྔུལ་བྱུང་ཞིང་ཟགས་ནས་ས་ལ་ལྷུང་སྟེ་ཟིལ་པར་ཆགས་ནས་དྲོ་ཞིང་རླངས་པ་འབྱུང་ངོ་། དགེ་སློང་དག །དེ་ནས་ངས་འདི་སྙམ་དུ་བསམ་སྟེ། བདག་གིས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱའོ་སྙམ་ནས་དགེ་སློང་དག །དེ་ནས་ངས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱས་པ་དང་། ཁ་དང་སྣ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པར་གྱུར་ཏོ། །རྣ་བའི་བུ་ག་གཉིས་ནས་སྒྲ་དྲག་པོ་ཆེན་པོ་བྱུང་ངོ་། །འདི་ལྟ་སྟེ། དཔེར་ན། སྦུད་པ་བུས་པའི་ཚེ་སྒྲ་དྲག་པོ་དང་། སྒྲ་ཆེན་པོ་བྱུང་བ་དེ་བཞིན་དུ་དགེ་སློང་དག །ཁ་དང་སྣ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པར་གྱུར་པ་དང་། རྣ་བའི་བུ་ག་གཉིས་ནས་སྒྲ་དྲག་པོ་དང་། སྒྲ་ཆེན་པོ་བྱུང་ངོ་། །དགེ་སློང་དག །དེ་ནས་ངས་འདི་སྙམ་དུ་བསམ་སྟེ་ཡང་བདག་གིས་བསམ་གཏན་མཁའ་ཁྱབ་ལ་བསམ་གཏན་དུ་བྱའོ་སྙམ་པ་དང་། དེ་ནས་ངའི་ཁ་དང་སྣ་དང་རྣ་བ་འགགས་པར་གྱུར་ཏོ། །དེ་དག་འགགས་པ་དང་། རླུང་གོང་དུ་མགོའི་ཐོད་པ་ལ་གནོད་པར་གྱུར་ཏོ། །དགེ་སློང་དག །འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ཞིག་གིས་མདུང་ཐུང་རྟུལ་པོས་མགོའི་ཐོད་པ་ལ་བཏབ་པ་དེ་བཞིན་དུ་དགེ་སློང་དག །ཁ་དང་། སྣ་དང་། རྣ་བའི་དབུགས་ཕྱི་ནང་དུ་རྒྱུ་བ་འགགས་པ་དང་། གོང་དུ་མགོའི་ཐོད་པ་ལ་གནོད་པར་གྱུར་ཏོ། །དེར་ལྷའི་བུ་ཞིག་གིས་བྱང་ཆུབ་སེམས་དཔའ་ན་བ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཨེ་མའོ་ཀྱི་ཧུད་གཉོན་ནུ་དོན་གྲུབ་པ་འདི་འཆི་བའི་དུས་བྱས་སོ། །གཞན་ཞིག་གིས་འདི་སྐད་ཅེས་སྨྲས་སོ། །འདི་འཆི་བའི་དུས་བྱས་པ་མ་ཡིན་གྱི། དགྲ་བཅོམ་པ་བསམ་གཏན་ལ་གནས་པ་རྣམས་ཀྱི་ཚུལ་ནི་དེ་ལྟ་བུའོ་ཞེས་སྨྲས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མི་ཡི་དབང་པོ་ཤཱཀྱའི་སྲས་པོ་འདི། །བརྣག་པ་མ་རྫོགས་དོན་ཀྱང་མ་མཛད་ཅིང་། །འཇིག་རྟེན་གསུམ་པོ་སྡུག་བསྔལ་མགོན་མེད་པར། །མཛད་ནས་དགོན་འདིར་གྲོངས་པར་མི་འགྱུར་གྲང་། །ཀྱི་ཧུད་སེམས་ཅན་སྙིང་པོ་ཐུགས་དམ་བརྟན། །མགོན་པོས་སྔོན་ཆད་བདག་ཅག་དགའ་ལྡན་དུ། །དམ་ཆོས་མཆོད་སྦྱིན་ལ་ནི་མགྲོན་དུ་བོས། །སེམས་ཅན་དག་ཁྱོད་དམ་བཅས་དེ་ག་རེ། །དེ་ནས་ལྷ་དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སོང་སྟེ་ལྷ་མོ་སྒྱུ་འཕྲུལ་ལ་གཞོན་ནུ་ནི་འཆི་བའི་དུས་བྱས་སོ་ཞེས་དོན་དེ་བརྗོད་དོ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ནས་ནམ་ཕྱེད་ཙམ་ན་ཀླུང་ནཻ་རཉྫ་ནའི་འགྲམ་ག་ལ་བ་དང་། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་བ་དང་། དེས་བྱང་ཆུབ་སེམས་དཔའ་ལུས་བསྐམས་ཤིང་འཆི་བའི་དུས་བྱས་པ་དང་འདྲ་བ་མཐོང་ངོ་། །མཐོང་ནས་མཆི་མས་བརྣངས་ཤིང་ངུས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལུམྦི་ནི་ཞེས་བྱ་བའི་ཚལ་དུ་ང་བུ་བཙས་པའི་ཚེ། །སེངྒེ་བཞིན་དུ་འཛིན་པ་མེད་པར་གོམ་བདུན་ཁྱོད་ཉིད་སོང་། །ཕྱོགས་བཞིར་བལྟས་ཤིང་འདི་ནི་ང་ཡི་སྐྱེ་བ་ཐ་མ་ཞེས། །ཁྱོད་ཀྱིས་ཚིག་སྙན་སྨྲས་པ་དེ་ཡང་ཁྱོད་ལ་ཡོང་མ་རྫོགས། །འཇིག་རྟེན་སངས་རྒྱས་འགྱུར་ཞེས་དྲང་སྲོང་ནག་པོས་བསྟན་པ་ཡི། །དེ་ཡི་ལུང་བསྟན་པ་ཡང་ཉམས་ལ་མི་རྟག་དེས་མ་མཐོང་། །བུས་ནི་ཡིད་དགའ་འཁོར་ལོས་བསྒྱུར་བའི་དཔལ་ཡང་མ་མྱོང་ལ། །བྱང་ཆུབ་ཀྱང་ནི་རྗེས་སུ་མ་ཐོབ་ཚུལ་དུ་ཤི་བར་གྱུར། །བུ་ཕྱིར་སུ་ལ་བསྒྲུབ་ཕྱིར་སྡུག་བསྔལ་སུ་ཡི་གན་དུ་མདུད། །བདག་གི་བུ་གཅིག་ཅུང་ཟད་གསོན་པའི་སྲོག་ནི་སུ་ཡིས་སྦྱིན། །བྱང་ཆུབ་སེམས་དཔས་སྨྲས་པ།ཤིན་ཏུ་སྙིང་རྗེ་བར་ནི་ངུ་བྱེད་ཅིང་། །སྐྲ་ཡང་བཤིག་ལ་མཛེས་པ་རྣམས་བོར་བ། །ཤིན་ཏུ་བུ་ཡི་སྨྲེ་སྔགས་འདོན་བྱེད་ལ། །ས་སྟེང་འདུག་ཅིང་འགྲེང་བ་འདི་སུ་ཞིག །ལྷ་མོ་སྒྱུ་འཕྲུལ་གྱིས་སྨྲས་པ། བདག་གིས་ཟླ་བ་བཅུ་བར་དུ། །རྡོ་རྗེ་འདྲ་བ་མངལ་དུ་བཅངས། །བུ་དེའི་མ་ནི་བདག་ཡིན་ཏེ། །རབ་ཏུ་སྡུག་བསྔལ་རྣམ་པར་སྨྲ། །དེ་ནས་བྱང་ཆུབ་སེམས་དཔའ་མའི་དབུགས་འབྱིན་ཅིང་སྨྲས་པ། བུ་ལ་བྱམས་པ་ཁྱོད་ཀྱི་ངལ་བ་འབྲས་བུ་ཡོད་པར་བྱའི། མ་འཇིགས་ཤིག །སངས་རྒྱས་པར་བྱ་བའི་ཕྱིར་ཡོངས་སུ་བཏང་བ་ནི་དོན་ཡོད་པ་སྟེ། དྲང་སྲོང་ནག་པོས་བསྟན་པའང་མངོན་དུ་གསལ་བར་བྱའོོ། །མར་མེ་མཛད་ཀྱིས་ལུང་བསྟན་པའང་མངོན་དུ་གསལ་བར་བྱའོ། །ས་ནི་རྣམ་བརྒྱར་འཐོར་བར་འགྱུར་ཡང་སྲིད། །རིན་ཆེན་རྩེ་མོ་ལྷུན་པོ་ཆུར་འཕྱོ་སྲིད། །ཉི་ཟླ་སྐར་ཚོགས་ས་ལ་ལྷུང་འགྱུར་སྲིད། །སོ་སོའི་སྐྱེ་བོ་ཡིན་ཡང་ང་མི་འཆི། །དེ་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང་། །ལྷ་མོ་སྒྱུ་འཕྲུལ་གྱིས་ཐོས་མ་ཐག་ཏུ་དགའ་སྟེ། བ་སྤུ་གཡོས་ནས་བྱང་ཆུབ་སེམས་དཔའ་ལ་མེ་ཏོག་མནྡཱ་ར་བས་གཏོར་ཏེ་ལན་གསུམ་བསྐོར་བ་བྱས་ནས་ལྷའི་སིལ་སྙན་དཀྲོལ་ཞིང་རང་གི་གནས་ག་ལ་དེར་སོང་ངོ་། །ཞེས་སོ། །
ཡང་དྲིན་ལན་བསབ་པའི་མདོར།
དེའི་ཚེ་དེ་བཞིན་གཤེགས་པའི་ཡུམ་ལྷ་མཛེས་དང་། ལྷ་རྣམས་ཀྱི་དོན་དུ་ཞག་དགུ་བཅུའི་བར་དུ་ལྷ་རྣམས་ལ་ཆོས་སྟོན་ཏུ་གཤེགས་ཏེ། འཛམ་བུའི་གླིང་གི་མི་རྣམས་ཞག་དགུ་བཅུའི་བར་དུ་དེ་བཞིན་གཤེགས་པ་ག་ལ་བཞུགས་པ་མ་རྟོགས་སོ། །མོའུ་འགལ་གྱི་བུ་ཆེན་པོ་རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་པས་ཀྱང་། རྫུ་འཕྲུལ་གྱི་མཐུས་གཏུགས་ཏེ། ཕྱོགས་བཅུར་བརྟགས་ཀྱང་མ་རྟོགས་སོ། །འཕགས་པ་ཉེ་བར་སྐྱོང་ལྟ་བུ་ལྷའི་མིག་མཆོག་གིས་ཕྱོགས་བཅུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་བལྟས་ཀྱང་མ་མཐོང་ངོ་། །ཞེས་དང་། དེ་ཚེ་རྒྱལ་པོ་ཨུ་ཏྲ་ཡ་ནས་དེ་བཞིན་གཤེགས་པ་མ་མཐོང་བས་མི་དགའ་བའི་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པ་དྲན་པའི་ཕྱིར། གླང་འགོའི་ཤིང་ཙནྡན་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ནས་ཕྱག་འཚལ་བ་དང་། མཆོད་པ་བྱེད་པ་དེ་ཡང་དེ་བཞིན་གཤེགས་པ་མངོན་སུམ་དང་འདྲ་བར་བཞུགས་པར་དམིགས་ནས་མཆོད་པ་བྱས་སོ། །དེའི་རྒྱལ་པོ་ཆེན་པོས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་བོས་ནས།དེ་བཞིན་གཤེགས་པ་ད་ལྟར་ག་ལ་བཞུགས་ཞེས་དྲིས་ན། སྟོན་པ་དྲུག་གིས་རྒྱལ་པོ་ལ་འདི་སྐད་སྨྲས་སོ། །རྒྱལ་པོ་ཆེན་པོ། མི་མཁྱེན་ནམ། དགེ་སྦྱོང་གཽ་ཏ་མ་ནི་སྒྱུ་འཕྲུལ་ཅན་ཡིན་ཏེ། སྒྱུ་མའོ། །སྒྱུ་འཕྲུལ་གྱི་སྒྱུ་མ་ནི་བདེན་པའི་དངོས་པོ་མེད་པས། བདག་ཅག་གི་གཙུག་ལག་ལས་ལོ་སྟོང་ངམ། ཉིས་སྟོང་ན་སྒྱུ་འཕྲུལ་ཅན་སྒྱུ་མ་ཞིག་འབྱུང་ངོ་ཞེས་འཆད་པས། དགེ་སྦྱོང་གཽ་ཏ་མ་ནི་སྒྱུ་མ་དེ་ཁོ་ན་ཡིན་ནོ། །དེའི་ཚེ་འཕགས་པ་ཉེ་བར་སྐྱོང་རྒྱལ་པོ་ཆེན་པོ་ག་ལ་བར་སོང་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་མཁྱེན་ཏམ། དེ་བཞིན་གཤེགས་པ་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་གནམ་ནས་འཛམ་བུའི་གླིང་དུ་གཤེགས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་བའི་སེམས་སུ་གྱུར་ཏེ། ཡུལ་མི་བསྡུས་ནས་ཆག་ཆག་དང་། ཕྱག་དར་བྱས་ཏེ། སྤོས་དང་། མེ་ཏོག་ཀྱང་བཤམས། དར་གྱི་ལྡ་ལྡི་དང་། བ་དན་དང་། གདུགས་བྲེས་ཏེ། ཞལ་ཟས་མང་པོ་དང་། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་བཤམས་ཤིང་སྦྱར་བ་དང་། མུ་སྟེགས་ཅན་གྱི་སྟོན་པ་དྲུག་དེར་འོངས་ནས། ཁྱེད་རྣམས་འདི་ལྟར་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་བཤམས་ཤིང་སྦྱར་བ་འདི། རྒྱལ་པོ་སྤྱན་འདྲེན་ནམ། འོན་ཏེ་རྒྱལ་བུ་སྤྱན་འདྲེན་ནམ། དེ་དག་གིས་དེ་མ་ཡིན་ནོ་ཞེས་སྨྲས་པ་དང་། འོ་ན་བློན་པོ་ཆེན་པོ་འབོད་དམ། བྲམ་ཟེའམ་ཁྱིམ་བདག་འབོད་དམ། དེ་མ་ཡིན་ན་གཉེན་བཤེས་ཀྱི་དུས་སྟོན་བྱེད་དམ། སྨྲས་པ། དེ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་གཤེགས་སུ་གསོལ་ལོ། །སྟོན་པ་དྲུག་གིས་སྨྲས་པ། སངས་རྒྱས་ཞེས་བྱ་བ་སུ་ཞིག །སྨྲས་པ། རྣམ་པ་ཐམས་ཅད་མཁྱེན་པའོ། །ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་དེ་སུ་ཞིག །སྨྲས་པ། བྱམས་པ་དང་། སྙིང་རྗེ་ཆེན་པོའི་ཡབ་བོ། །ཁྱེད་མི་ཤེས་སམ། ཞེས་དང་། བལྟམས་ནས་ཞག་བདུན་ལོན་ནས་ཡུམ་ལྷ་མཛེས་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་ནང་དུ་སྐྱེས་ནས་ཡུམ་ལ་ཞག་དགུ་བཅུའི་བར་དུ་ཆོས་བཤད་དེ། ད་སྟེ་ཞག་བདུན་ན་འཛམ་བུའི་གླིང་དུ་གཤེགས་སོ། །དེའི་ཚེ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཕྲག་དོག་གི་སེམས་སྐྱེས་ཏེ་རབ་ཏུ་མི་དགའ་བའི་མྱ་ངན་གྱིས་གདུངས་ནས། སྟོན་པ་དྲུག་འཁོར་དང་བཅས་ཏེ་ལྷན་ཅིག་ཏུ་འདུག་སྟེ་འདི་སྐད་ཅེས་བགྲོས་སོ། །དགེ་སྦྱོང་གཽ་ཏ་མ་གལ་ཏེ་འཛམ་བུའི་གླིང་འདིར་ཕྱིར་འོངས་ན། མི་ཐམས་ཅད་ཀྱིས་བདག་སྤོང་ཞིང་། དགེ་སྦྱོང་གཽ་ཏ་མ་ལ་མཆོད་པ་བྱེད་པར་འགྱུར་བས། བདག་ཅག་ནི་བྲེལ་ཞིང་ཕོངས་ལ་སྲོག་ལ་བབ་པར་འགྱུར་རོ་ཞེས་བགྲོས་ནས། ཞེས་སོ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ཕྱི་ཟླ་ ༡༠ ཚེས་ ༢༨ ལ།