- མདུན་ངོས།
- འཕྲིན་གསར།
འཕྲིན་གསར། (117)
རྒྱུད་སྨད་བླ་མ་དབུ་མཛད་ཁྲི་འདོན་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་དགེ་བཤེས་བློ་བཟང་དབང་འདུས་རྒྱུད་སྨད་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་།
ཁ་ཉིན་རེས་གཟའ་བཀྲ་ཤིས་ཏེ་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༩ ཚེས་ ༦ ཉིན་སེར་བྱེས་དགེ་བཤེས་བློ་བཟང་དབང་འདུས་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་བཞུགས་ཁྲིར་མངའ་གསོལ་དང་། ཉིན་དེར་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ཁོང་གི་སློབ་བུ་རྣམས་ཀྱིས་གཙོ་བྱས་སྐྱ་སེར་གང་མང་ཕེབས་ཏེ་བཀྲ་ཤིས་རྟེན་འབྲེལ་གྱི་དཀར་གཙང་གི་ཁ་བཏགས་ཕུལ་བ་སོགས་ཀྱིས་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཡོད་འདུག
སེར་བྱེས་དགེ་བཤེས་བློ་བཟང་དབང་འདུས་ནི། བོད་དུ་སྐུ་འཁྲུངས་ཤིང་། འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་དང་། དགེ་བཤེས་ལྷ་རམས་པའི་དམ་འཇོག་གྲྭ་སྐོར་གནང་། གྲྭ་ཚང་གི་སློབ་གཉེར་དགེ་རྒན་དང་། གྲྭ་ཚང་གི་དགེ་བསྐོས་གནང་ཞིང་། རྒྱུན་དུ་སློབ་གཉེར་བ་རྣམས་གཙོ་བྱས་ཏེ་ཕྱི་ནང་གི་དོན་གཉེར་ཅན་གང་མང་ལ་དཔེ་ཁྲིད་སོགས་གནང་མུར་ཕྱི་ལོ་༢༠༡༦ ལོའི་ཟླ་༨ ཚེས་ ༡༧ དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་འབྱོར་བྱུང་བ་ལྟར། ཕྱི་ཟླ་ ༩ ཚེས་ ༦ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བླ་མ་དབུ་མཛད་ཀྱི་མཛད་ཁུར་དངོས་སུ་བཞེས། [རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་རྒྱས་པ་མ་བྱུང་བས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༩།༠༨ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།
དེ་ལས་མང་བ།...
སྐུ་གདུང་ཞུགས་འབུལ་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྐུ་ཞི་བར་གཤེགས་པའི་སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་།
ཕྱི་ལོ་༢༠༡༦ ཕྱི་ཟླ་ ༧ ཚེས་ ༣༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་དགེ་འདུན་ཆོས་འཕེལ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏེ་བདུན་ཕྲག་གཅིག་ལྷག་རིང་ཐུགས་དམ་ལ་བཞུགས་ཤིང་། ཕྱི་ཚེས་༨ ཉིན་ཐུགས་དམ་ལས་གྲོལ་བ་དང་དེ་རིང་ཕྱི་ཚེས་༩ ཉིན་གྱི་སྔ་དྲོར་དགོན་སྡེ་དང་ཚོགས་སྡེ། ཁམས་ཚན་ཁག་གི་སྐུ་ཚབ་དང་། གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོས་བླ་བྲང་ནས་སྐུ་གདུང་གདན་ཞུ་གནང་སྟེ། སེར་བྱེས་གྲྭ་ཚང་གི་གཙུག་ལག་ཁང་ལ་གཡས་སྐོར་གྱིས་སེར་བྱེས་ཏྲེ་ཧོར་ཁམས་ཚན་གྱི་འདུ་ཁང་གི་མདུན་གྱི་གདུང་ཁང་དུ་བཞུགས་སུ་གསོལ་ཏེ་ཞུགས་འབུལ་གནང་། དེ་ཡང་༧སྐྱབས་རྗེ་མཁན་རིན་པོ་ཆེ་དགོངས་པ་རྫོགས་པ་ནས་གྲྭ་ཚང་ཁག་དང་གནད་ཡོད་དུ་མས་འདི་གའི་གྲྭ་ཚང་དུ་ཐུགས་གསོའི་གསུང་འཕྲིན་གནང་འབྱོར་བྱུང་བ་དང་། འདི་ག་གྲྭ་ཚང་ནས་ཀྱང་མྱ་ངན་གུས་འདུད་མཚོན་སླད་ཡིག་ཚང་དང་ཡན་ལག་ལས་ཁུངས་ཁག་ཉིན་གསུམ་ལ་སྒོ་བརྒྱབ་ཅིང་། གཙུག་ལག་ཁང་གི་ཕྱི་ནང་གཉིས་སུ་མཆོད་གློག་གྲངས་མེད་སྦར་ཏེ་སྣང་གསལ་གྱི་མཆོད་པ་དང་། དགོང་དྲོའི་ཆོས་རར་དགེ་འདུན་འདུས་མང་གིས་གཞུང་ཆེན་ཀློག་འདོན་དང་སྨོན་ལམ་གསུང་བ། བླ་མཆོད་ཚོགས་འབུལ་སོགས་ཞུས་ཏེ་༧སྐྱབས་རྗེ་དམ་པ་མཁན་རིན་པོ་ཆེ་མཆོག་ཉིད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་སོགས་ཀྱི་ཆེད་དུ་ཐུགས་སྨོན་རྒྱ་ཆེར་གནང་ཞིང་། ཕྱོགས་མཐའ་ཁག་གི་འདི་ག་གྲྭ་ཚང་གི་ཡན་ལག་ཚོགས་སྡེ་དག་ནས་ཀྱང་མཆོད་འབུལ་སྨོན་ལམ་གྱིས་མཚམས་སྦྱོར་དང་། དགུང་དྲོའི་ཆོས་རའི་རྗེས་སུ་བླ་བྲང་དུ་བླ་སྤྲུལ་དགེ་བཤེས་གྲྭ་མང་འདུས་ཚོགས་ཀྱིས་གཞུང་ཆེན་ཀློག་འདོན་དང་སྨོན་ལམ་གསུང་འདོན་གནང་བ་སོགས་ཀྱིས་དམ་པ་དེ་ཉིད་ཀྱི་ཆེད་དུ་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་གནང་།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༨།༠༩ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།
དྲ་རྒྱ་སོགས་ཀྱི་ཟབ་སྦྱོང་སྤྲད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཟླ་གསུམ་ལྷག་གི་རིང་ལ་རིག་མཛོད་ལས་བྱེད་རྣམས་ལ་དྲ་རྒྱ་བཀོལ་སྤྱོད་དང་དྲ་ཚིགས་གསར་བཟོ་བརྙན་པར་སོགས་བཟོ་སྟངས་སྐོར་གྱི་ཟབ་སྦྱོང་སྤྲད།
འདི་ག་རྩོམ་སྒྲིག་ཁང་གི་ལས་འཆར་གྱི་ཁྲོད་དུ་རྩིས་འཁོར་སོགས་ཀྱི་ཟབ་སྦྱོང་སྤྲོད་རྒྱུའི་ལས་འཆར་ཞིག་ཡོད་པ་ལྟར། འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་དྲ་རྒྱ་དང་རྩིས་འཁོར་ཆེད་མཁས་པ་རྒན་ཀརྨ་གདན་འདྲེན་ཞུས་ཏེ་རྩོམ་སྒྲིག་ཁང་གི་ལས་བྱེད་དང་གྲྭ་ཚང་གི་དབྱིན་ཡིག་གི་དྲ་རྒྱའི་དོ་དམ་པ་སོགས་ལ། ཕྱི་ཟླ་ ༥ ཚེས་ ༥ ནས་དབུ་བཙུགས་ཏེ་དྲ་རྒྱ་བཀོལ་སྤྱོད་དང་དྲ་ཚིགས་གསར་བཟོ་བྱེད་སྟངས་དང་བརྙན་པར་དང་དེབ་ཀྱི་རྒྱབ་ཤ་སྒྲིག་སྦྱོར་བྱེད་སྟངས། (Microsoft Word) སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཞིག་བཀོད་སྒྲིག་བྱས་པ་ཕྱི་ཟླ་ ༨ ཚེས་ ༡ ཉིན་བདེ་བླག་ངང་མཇུག་ཡོངས་སུ་གྲུབ་ཅིང་། དེ་དང་ལྷན་དུ་རིག་མཛོད་ཆེན་མོའི་དྲ་ཚིགས་ཀྱི་སྒྲིག་བཀོད་ལའང་འགྱུར་བ་ཅུང་ཟད་བཏང་ཡོད་ལ། ལོ་རྗེས་མར་ཡང་རྩིས་འཁོར་སོགས་དང་དྲ་རྒྱ་དང་འབྲེལ་ཡོད་ཀྱི་ཤེས་བྱའི་སྐོར་ལ་ཟབ་སྦྱོང་དང་། དྲ་ཚིགས་ཀྱི་སྒྲིག་བཀོད་སོགས་ལའང་གཟིགས་པ་པོའི་མོས་ངོ་དང་འཚམ་པར་བསྒྱུར་བཅོས་གང་འཚམ་ཞིག་གཏོང་རྒྱུའི་འཆར་གཞི་སོགས་ཆེད་མཁས་པ་མཆོག་ལ་སྙན་སེང་ཕུལ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༨།༠༤ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།