-
མདུན་ངོས།
- འཕྲིན་གསར།
![འཕྲིན་གསར།](/components/com_k2/images/placeholder/category.png)
འཕྲིན་གསར། (112)
དགེ་བཤེས་གཉེན་ཆེན་པོ་རྒན་ཐུབ་བསྟན་རིན་ཆེན་མཆོག་དགོངས་པ་གཤེགས་པར་ཡིད་སྐྱོའི་གནས་ཚུལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྣམ་དག་ཚུལ་ཁྲིམས་གཙང་མའི་གྲུ་བོ་ཆེས། །
མང་ཐོས་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་། །
ཐུབ་བསྟན་བཤད་སྒྲུབ་རིན་ཆེན་འདོད་རྒུའི་ཆར། །
འབེབ་མཁས་དགེ་བའི་བཤེས་ལ་རྟག་ཏུ་གུས། །
ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་བཙུན་བཟང་གསུམ་གྱི་བདག་ཉིད། བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་ཐུབ་བསྟན་ཁང་བཟང་འདེགས་པའི་ཀ་ཆེན་གཅིག་པུར་གྱུར་པ། གྲྭ་ཚང་སྨད་ཀྱི་དགེ་བའི་བཤེས་གཉེན་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཐུབ་བསྟན་རིན་ཆེན་དཔལ་བཟང་པོ་མཆོག་གློ་བུར་དུ་དགོངས་པ་ཞིང་ཁམས་གཞན་དུ་གཏད་པར་ཡིད་གདུང་དྲག་པོ་དང་བཅས་དམ་པ་ཁོང་གི་རླབས་ཆེན་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་། ཡང་སྲིད་འཁྲུལ་བྲལ་ཉི་མ་གཞོན་ནུའི་ཞལ་བཟང་མྱུར་དུ་འཆར་བའི་སྨོན་ལམ་བཅས།
སེར་བྱེསརིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
༢༠༢༤ཟླ་༧ཚེས་༡༨ལ།
དེ་ལས་མང་བ།...
ྋགོང་ས་མཆོག་དགུང་གྲངས་༨༩ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཚན་རྩལ་རིག་པའི་འཕེལ་རྒྱས་ཆེན་པོར་གཞན་ཕན་ཞི་བདེའི་ཁ་ཕྱོགས་སྟོན། །
སྣ་ཚོགས་ཆོས་ལུགས་གྲུབ་མཐའ་སྟོང་ལ་འཆམ་མཐུན་བྱམས་བརྩེའི་སྲོག་ཟུངས་བྱིན། །
གཞིས་བྱེས་བོད་མིའི་ཆོས་དང་རིག་གཞུང་ཐབས་མཁས་འཕྲུལ་གྱིས་སྲུང་བར་མཛད། །
རྨད་བྱུང་ལེགས་མཛད་སྟོང་གི་བྱེད་པོ་འཇིག་རྟེན་མིག་འབྱེད་ཁྱེད་ལས་སུ། །
འཛམ་གླིང་ཞི་བདེའི་ལམ་སྟོན་པ་ཆེན་པོ། ཆོས་ལུགས་ཀྱི་བླ་ན་མེད་པའི་དབུ་ཁྲིད། གངས་ཅན་བོད་ཀྱི་སྐྱབས་དང་མགོན་དུ་གྱུར་པ། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་གྱི་དགུང་གྲངས་ ༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོར་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
སེར་བྱེས་མཁས་སྙན་གྲྭ་ཚང་གིས་ྋརྒྱལ་དབང་དགུང་གྲངས་གྱ་དགུ་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི།
ཕྱི་ལོ་༢༠༢༤ ཟླ་བ་༧ ཚེས་༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། ྋརྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༩ ཕེབས་པའི་སྐུ་ཡི་འཁྲུངས་སྐར་གྱི་དུས་བཟང་ཉིན། རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་བསུས་ཏེ་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་ཞུ་དང་བཅས། རྒྱལ་སྲས་བླ་སྤྲུལ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་། འདུས་ཚོགས་དམངས་དང་བཅས་པ་ལྷན་འཛོམས་ཐོག་ྋརྒྱལ་བའི་འཁྲུངས་སྐར་ཟབ་རྒྱས་ངང་སྲུང་བརྩི་ཞུས། དེ་དང་ཆབས་ཅིག་སློབ་གཉེར་ཁང་ནས་ཀྱང་དབུ་ཕར་ཚད་གསུམ་སློབ་མཐར་ཕྱིན་པ་རྣམས་ལ་རབ་འབྱངས་པའི་ཕྱག་ཁྱེར་གསོལ་སྩལ་གནང་ཞིང་མཛད་སྒོའི་མཇུག་གྲུབ།
དེའི་རྗེས་རྒྱལ་བའི་ཕོ་བྲང་དུ་ྋསྐུ་ཡི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་སྐབས་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་སློབ་ཡོན་ལོ་ལྟར་འབུལ་བཞིན་ཡོད་པ་ལྟར། འདི་ལོར་ཡང་ཐེངས་བཅུ་པའི་སློབ་ཡོན་དུ། སྦེལ་ཀོབ་ལུགས་བདེ་གཉིས་ནས་སློབ་མ་གྲངས་༢༩ ལ་གནང་བ་དང་། དེ་བཞིན་སྲོག་སླུ་ཚེ་ཐར་སོགས་ཀྱི་མཛད་རིམ་ཁག་ཀྱང་གནང་ཡོད། ཉེ་ཆར་ྋརྒྱལ་དབང་མཆོག་ཨེ་ཤི་ཡ་ནང་པ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཆེན་པོ་(ASIAN SUPREME LEADER OF BUDDHIST WORLD) ཞེས་པའི་མཚན་བསྟོད་ཕུལ་བར་བརྟེན། ཕྱི་ཟླ་༧ ཚེས་༦ སྐུའི་འཁྲུངས་སྐར་གྱི་ཉིན་འདིར་འཛམ་གླིང་སྙིང་རྗེའི་ཉིན་མོར་(UNIVERSAL DAY OF COMPASSION) ཞེས་པ་སྲུང་བརྩི་ཞུ་རྒྱུའི་སྐལ་བཟང་གི་ཉིན་མོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་ངོས་ནས་ཚང་མར་མཛའ་བརྩེའི་འཚམས་འདྲི་ཞུ་གནང་མཛད།
༢༠༢༤ལོའི་ཟླ་༠༧ཚེས་༠༦ལ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དེབ་གཟུགས་སྒྲིག་སྦྱོར་གྱི་རོགས་རམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དོ་བདག་གཞན་གྱི་གསུང་རབ་སོགས་དེབ་གཟུགས་སུ་རྩོམ་སྒྲིག་བྱེད་དགོས་ཚེ་འཁྱེར་དགོས་པའི་སྒྲིག་གཞི།
འདི་ག་རྩོམ་སྒྲིག་ཁང་གི་ལས་གཞིའི་ཁོངས་སུ། དམ་པ་སྔ་མ་གཙོ་བྱས་པའི་དེང་གི་རྩོམ་པ་པོ་ཚད་ལྡན་དག་གིས་བརྩམས་ཆོས་ཀྱི་རིགས། [རིག་མཛོད་དཔེ་ཚོགས།] ཀྱི་ངོ་བོར་པར་སྐྲུན་རྩོམ་སྒྲིག་གི་ལས་གཞི་ཞིག་ཡོད་པ་ལྟར་རྩོམ་སྒྲིག་གི་སྐབས་ཀྱི་སྒྲིག་གཞི་སོགས་གཤམ་གསལ།
དམ་པ་སྔ་མ་དག་གི་གསུང་རབ་དེབ་གཟུགས་པར་སྐྲུན་དང་། དེང་གི་རྩོམ་པ་པོ་ཚད་ལྡན་[རང་ཉིད་དམ།] དག་གི་བརྩམས་ཆོས་དག །དེབ་གཟུགས་སུ་པར་སྐྲུན་བྱ་འདོད་ཡོད་མཁན་དག་གིས་པར་སྐྲུན་བྱ་རྒྱུའི་གཞུང་ཉིད་དེབ་གཟུགས་སུ་རྩོམ་སྒྲིག་བྱེད་དགོས་ཚེ། འོག་གི་ཆ་རྐྱེན་དག་ཚང་ན། འདི་ག་རྩོམ་སྒྲིག་ཁང་གིས་རིན་མེད་དུ་རྩོམ་སྒྲིག་གི་ཕྱག་རོགས་ཞུ་རྒྱུ།
ཚང་དགོས་པའི་ཆ་རྐྱེན།
• དང་པོ། བཀའ་བསྟན་སོགས་སམ་རིས་སུ་མ་ཆད་པའི་དམ་པ་དག་གི་གསུང་རྩོམ་དང་། དེང་གི་རྩོམ་པ་པོ་ཚད་ལྡན་ནམ། མིག་སྔར་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཅུང་ཡོད་པ་དག་གི་བརྩམས་ཆོས་ཡིན་དགོས།
• གཉིས་པ། འདི་ག་རྩོམ་སྒྲིག་ཁང་དུ་ལས་བྱེད་ཉུང་ངུ་ལས་མེད་པས། ཞུས་དག་གཏོང་ཁོམ་མེད་ན། དོ་བདག་སོ་སོས་ཞུས་དག་གཏོང་དགོས།
• གསུམ་པ། རྩོམ་སྒྲིག་བྱས་པའི་དེབ་ཀྱི་པར་རྩ་འདི་ག་རྩོམ་སྒྲིག་ཁང་གིས་འཕྲུལ་དེབ་བཟོས་ཏེ་དྲ་ཚིགས་སུ་འཇོག་རྒྱུར་ཐུགས་མོས་ཡོད་དགོས།
• བཞི་པ། པར་རྩའི་བདག་དབང་དོ་བདག་དང་འདི་ག་རྩོམ་སྒྲིག་ཁང་གཉིས་ཀས་བྱེད་རྒྱུར་ཐུགས་མོས་ཡོད་དགོས།
• ལྔ་པ། རྒྱབ་ཤ་སོགས་འདི་ག་རྩོམ་སྒྲིག་ཁང་གི་སྒྲིག་གཞི་ལྟར་འགྲོ་རྒྱུར་ཐུགས་མོས་ཡོད་དགོས།
• དྲུག་པ། འདི་ག་རྩོམ་སྒྲིག་ཁང་གི་ལས་གཞིའི་ཁོངས་སུ་ཡོད་པའི་[རིག་མཛོད་དཔེ་ཚོགས།] ཀྱི་ངོ་བོར་རྩོམ་སྒྲིག་བྱེད་རྒྱུར་ཐུགས་མོས་ཡོད་དགོས།
• བདུན་པ། ཡིག་ནོར་སོགས་རྗེས་སུ་གླེང་གཞི་གང་བྱུང་ཡང་འགན་དོ་བདག་རང་ནས་འཁུར་ཐུབ་དགོས།
• བརྒྱད་པ། དཔེ་ཆའི་ནང་དུ་པར་དང་གླེང་བརྗོད་སོགས་གང་འཇོག་དོ་བདག་སོ་སོའི་ཐུགས་འདོད་བཞིན་ཕྱག་རོགས་ཞུ་ངེས་ཡིན།
• དགུ་པ། རྩོམ་སྒྲིག་བྱེད་རྒྱུ་དེ་དུས་དེབ་ཡིན་ཚེ་རྒྱབ་ཤ་དོ་བདག་རང་ཉིད་ལ་བཀོད་སྒྲིག་ཡོད་ཚེ་དོ་བདག་གི་བཀོད་སྒྲིག་ལྟར་དང་། མེད་ཚེ་འདི་ག་རྩོམ་སྒྲིག་ཁང་གིས་གང་འོས་ཀྱི་སྒྲིག་སྦྱོར་དང་། དེང་རྩོམ་ལྟར་གྱི་དེབ་ཨང་སོགས་འཇོག་རྒྱུར་མོས་མཐུན་ཡོད་དགོས།
• བཅུ་པ། འདི་ག་རྩོམ་སྒྲིག་ཁང་གིས་དེབ་གཟུགས་སུ་རྩོམ་སྒྲིག་བྱེད་རྒྱུ་ལས། པར་སྐྲུན་སོགས་དོ་བདག་སོ་སོས་བྱེད་དགོས།
• བཅུ་གཅིག་པ། གོང་གི་ཆ་རྐྱེན་འདི་དག་ཚང་ཚེ་རིན་མེད་དུ་རྩོམ་སྒྲིག་བྱ་ངེས་ཡིན།
ཞེས་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་ཕྱི་ལོ་༢༠༢༤ལོའི་ཟླ་༦ཚེས་༢༠ཉིན།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།